ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-11



     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་10ཉིན་གྱི་དགོང་མོ་པེ་ཅིང་ནས་བརྙན་མཐོང་བརྒྱུད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་འགོ་བརྗོད་དུ་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་དང་མཐུན་སྒྲིལ་རོགས་ལས་ཟབ་ཏུ་བཏང་ནས་སྔར་ལས་ཟབ་པའི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ཡོད།
     ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་དང་། བདེ་འཇགས་གཅིག་མཐུན་མ་ལག གོང་འཕེལ་གཅིག་མཐུན་མ་ལག མི་ཆོས་རིག་གནས་ཀྱི་གཅིག་མཐུན་མ་ལག་བཅས་གཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལག་ལེན་གྱི་འཚོལ་ཞིབ་དེ་བས་མང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

     ད་ཐེངས་ཀྱི་གྲོས་ཚོགས་དེ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་གཙོ་སྐྱོང་གནང་བ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏེ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུ། ཅིར་ཅི་སི་ཐན་གྱི་ཙུང་ཐུང་ལས་ཚབ་ཀྲ་ཕ་ལོ་ཧྥུ། ཕ་ཀི་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན། ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ཐུང་མི་འར་ཅི་ཡུའེ་ཡེ་ཧྥུ་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཆེ་ནོ་ལོ་ཧྥུ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅི་ཡུའེ་སོ་ཧྥུ་སོགས་རྒྱུན་བསྐོས་ལས་ཁུངས་ཀྱི་འགན་འཁུར་བ་དང་དེ་བཞིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་། དབྱི་རན་གྱི་ཙུང་ཐུང་ལུ་ཧ་ཉི། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུ་ལེ་ཀ བྷེ་ཨུ་རུ་སུའི་ཙུང་ལི་ཀ་ལོ་ཧྥུ་ཆིན་ཁོ་སོགས་ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་ཚུན། ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་རྗེས་ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་དང་། སོ་སྲུང་རོགས་རེས་བྱས་ཏེ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་བརྟན་ལྷིང་དང་གོང་འཕེལ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་བཅས་ལ་དྲང་ནུས་བསྣན་ཡོད་ཅེས་ནན་སྟོན་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་སྤྱིའི་གནས་སྟངས་ཀྱི་འགྱུར་ལྡོག་མགྱོགས་སུ་ཕྱིན་པ་དང་། འཛམ་གླིང་དེ་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་ལ་སླེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱོགས་མང་དང་ཕྱོགས་རྐྱང་པ། སྒོ་དབྱེ་དང་སྒོ་བཀག མཉམ་ལས་དང་འགྲན་རྒོལ་བཅས་ཀྱི་ཚོད་བགམ་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། འཛམ་གླིང་གང་འདྲ་རེད་དམ། ང་ཚོས་ཅི་ཞིག་བྱ་ཞེས་པ་དེ་དུས་རབས་ཀྱི་གླེང་གཞིར་གྱུར་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་ཤུགས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་རླབས་རྒྱུན་འགོག་ཐབས་མེད། ཁྱིམ་མཚེས་མཛའ་མཐུན་ནི་རང་འགན་གཞན་དཀྲི་ལས་ལྷག་པར་འགྱུར་ངེས་ཡིན་ལ་གཉིས་ཕན་མཉམ་ལས་ཀྱིས་འགྲན་རྩོད་ཀྱི་ཚབ་བྱེད་ངེས་ཡིན་པ། ཕྱོགས་མང་རིང་ལུགས་ཀྱིས་ཕྱོགས་རྐྱང་པའི་རིང་ལུགས་ལས་རྣམ་པར་རྒྱལ་ངེས་ཡིན་པ་བཅས་ལོ་རྒྱུས་ལས་ར་སྤྲོད་བྱས་ཟིན་པ་མ་ཟད་མུ་མཐུད་བྱེད་ངེས་ཡིན་ཞེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས། མིག་སྔའི་དུས་བབ་འོག ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་རོགས་ལས་ཟབ་ཏུ་བཏང་སྟེ། ས་ཁུལ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འགྲུབ་རྒྱུར་སྐུལ་འདེད་གཏོང་ཆེད་ལག་ལེན་གྱི་འཚོལ་ཞིབ་དེ་བས་མང་བ་བྱ་དགོས།

     གཅིག་ནི། རིམས་འགོག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་མ་ལག་གཏོད་དགོས། རྒྱལ་ཁབ་ཁག་གིས་མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགག་རྩའི་འགོ་ཁྲིད་ནུས་པར་རྒྱབ་སྐྱོར་བྱེད་པ་དང་། རིམས་ནད་ཆབ་སྲིད་ཅན་དང་། ནད་དུག་མཚོན་རྟགས་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱས་ཏེ།  ཆབ་སྲིད་ཀྱི་ནད་དུག་ཅེས་པར་མཉམ་དུ་འགོག་རྒོལ་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་ཁ་པར་ཐོག་ནས་འབྲེལ་བ་བྱེད་ས་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་རིམས་འགོག་སྨན་གྱི་དགོས་མཁོར་བསམ་གཞིགས་གང་ལེགས་བྱ་འདོད་ཡོད།
     གཉིས་ནི། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས། བདེ་འཇགས་ཀྱི་ཐུན་མོང་མ་ལག་འཛུགས་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བར་བརྩི་སྲུང་ཞུ་བ་དང་། འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་བརྟན་པོ་གཏོང་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཁག་གིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁ་གཡར་ས་གང་རུང་ཞིག་ལ་བརྟེན་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་དང་ཕྱོགས་འགལ་སེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ངན་པ་གསུམ་གྱིས་ནད་ཡམས་ལ་བརྟེན་ནས་ཟིང་སློང་རྒྱུར་སྔོན་འགོག་ནན་པོ་བྱེད་པ། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་ཁག་ནས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་གྲོས་འགོ་ཞེས་པའི་ནང་ཐེ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
     གསུམ་ནི། དངོས་གཉེར་མཉམ་ལས་གཏིང་ཟབ་སྤེལ་ནས། གོང་འཕེལ་གྱི་གཅིག་མཐུན་མ་ལག་འཛུགས་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་རྒྱལ་ཁབ་ཁག་གི་གོང་འཕེལ་འཐབ་ཇུས་དང་དེ་བཞིན་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ས་ཁོངས་མཉམ་ལས་ཀྱི་གྲོས་འགོའི་བར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གྱི་འཁོར་རྒྱུག་ཐོགས་མེད་ཡོང་བ་བྱེད་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱ་དགོས། ཕན་ཚུན་བར་གྱི་མ་འཇོག་གྲངས་འབོར་མང་དུ་གཏོང་བ་དང་། གྲངས་གཞིའི་དཔལ་འབྱོར་དང་། གློག་རྡུལ་ཚོང་དོན། མི་ཐབས་རིག་ནུས། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་དུས་སང་ཁྲུང་ཆིང་དུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གྲངས་གཞིའི་དཔལ་འབྱོར་གྱི་ཐོན་ལས་གླེང་སྟེགས་འཚོག་རྒྱུ་ཡིན་ཞིང་། མཉམ་དུ་དམངས་ཚོའི་ལས་གཞི་དེ་བས་མང་བ་ལག་བསྟར་བྱ་རྒྱུ་ཡིན།  ཀྲུང་གོས་སྒྲིག་འཛུགས་དེ་གའི་དབུལ་ཕོངས་ཉུང་གཏོང་གི་མཉམ་འབྲེལ་ལས་དོན་ཚོགས་ཆུང་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
     བཞི་ནི། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས། མི་ཆོས་རིག་གནས་ཀྱི་གཅིག་མཐུན་མ་ལག་འཛུགས་དགོས། ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་། རིག་གནས། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་དུས་སང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་གཉེར་ནས། འབྱུང་འགྱུར་ལོ་3རིང་ཕྱོགས་ཁག་གི་གཞོན་ནུ་600ལ་སྤེལ་རེས་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ང་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་དགོས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཆེ་རུ་བཏང་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བྱས་ནས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན་པས། ཕྱོགས་ཁག་གིས་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
     མཇུག་ཏུ་ཞི་ཅིན་ཕིང་གིས། དུས་སང་ནི་སྒྲིག་འཛུགས་འདི་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཡིན། ང་ཚོས་ཧྲང་ཧའེ་ཡི་སྙིང་སྟོབས་མཚོན་པའི་དར་ཆ་མཐོན་པོར་བསྒྲེངས་ནས། ལྷག་བསམ་རྣམ་དག་གིས་མཉམ་ལས་དང་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། སྒྲིག་འཛུགས་འདི་ཉིད་གོང་འཕེལ་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་དམ་ཚགས་པའི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
     ཚོགས་ཞུགས་ཕྱི་རྒྱལ་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་ལ་གདེང་འཇོག་བཟང་པོ་བྱས་པ་དང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཁྲོད་འགྲན་རྩོད་དང་ཉེན་ཁ་སྣ་ཚོགས་མང་དུ་ཕྱིན་པ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། མཉམ་དུ་རིམས་ནད་འགོག་བཅོས་བྱེད་པ་ལས་རིམས་ནད་ལ་ཁ་གཡར་ཏེ་རྒྱལ་ཁབ་གཞན་གྱི་མཚན་སྙན་ལ་སྐུར་འདེབས་བྱ་མི་རུང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་སྲོག་ཤིང་བྱས་ཤིང་སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་བཅས་བྱས་ཏེ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་དགོས། ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་བཀུར་དང་། ཐུན་མོང་གོང་འཕེལ་ཡོང་རེ་བྱེད་པའི་ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གི་མི་དམངས་ནས་རང་བདག་ངང་གདམ་ག་བྱས་པའི་འགྲོ་ལམ་ལ་བརྩི་འཇོག་བྱ་དགོས་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་ཁུལ་བྱ་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་དགོས། ཉོ་ཚོང་དང་། མ་འཇོག ཐོན་ནུས། འགྲིམ་འགྲུལ། ནུས་ཁུངས། གསར་གཏོད། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་འཚོ་ལེགས་བཅོས་དང་། དབུལ་ཕོངས་སེལ་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྱོང་བྱེད་པ་གཉིས་འབྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། རོགས་ལས་བྱས་ཏེ་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་དགོས་པ་དང་། གྲངས་གཞིའི་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། གྲོས་མོལ་བརྒྱུད་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་པ་དང་། རང་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་། དེ་བཞིན་རྒྱུན་མཐུད་གོང་འཕེལ་བཅས་ལ་སྲུང་སྐྱོང་བྱ་དགོས་ཞེས་བསྟན་ཡོད།
     གྲོས་ཚོགས་ཐོག ཐ་ཅི་ཁེ་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་ཡོད།
     གྲོས་ཚོགས་ཐོག ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་མོ་སི་ཁོའི་བསྒྲགས་གཏམ་དང་། དེ་བཞིན་ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ།  འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བ། རྒྱལ་སྤྱིའི་ཆ་འཕྲིན་བདེ་འཇགས་འགན་སྲུང་བྱེད་པ། གྲངས་གཞིའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས། དྲ་སྦྲེལ་སོགས་བརྒྱུད་དེ་འཇིགས་སྐུལ་རིང་ལུགས་དང་ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ཀྱི་བསམ་བློ་བརྒྱུད་སྤེལ་བྱེད་པར་རྡུང་རྡེག་གཏོང་བ། དུག་རྫས་ཀྱི་ཉེན་ཁར་ཁ་གཏད་གཅོག་པ་སོགས་ཀྱི་གསལ་བསྒྲགས་རབ་དང་རིམ་པར་གྲོས་འཆམ་བྱུང་བ་མ་ཟད་ཁྱབ་བསྒྲགས་བྱས་ཡོད།
     ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1