ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་ཅིང་། ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས། ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས། ) སྨན་གླིང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱེད་པའི་“གནམ་ལྕགས་འབར་བའི་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་སྐབས་གཉིས་པ”ཟླ་11ཚེས་8ཉིན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཡར་ཀླུང་གཙང་པོ་གྲོང་རོང་མཛེས་ལྗོངས་ཁུལ་དུ་སྤེལ་ཞིང་། རྒྱལ་ཡོངས་ནས་ཡོང་བའི་རྒྱང་རྒྱུག་ལ་དགའ་ཞེན་ཅན་100ལྷག་འགྲན་བསྡུར་ནང་ཞུགས་ཡོད།
ལུས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པའི་འཁྲབ་སྟོན་པ་བུ་དང་བུ་མོ་ཚོས་གངས་རིའི་འོག་ཏུ་གླུ་དབྱངས་ལེན་པ་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དེ་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་རང་བྱུང་གི་མཛེས་ལྗོངས་འོག་སྔར་བས་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཞིག་མངོན།
གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་།གཉན་ཆེན་ཐང་ལྷའི་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་བཅས་ཀྱི་འདྲེས་མཚམས་སུ་ཡོད་པ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རི་བོ་མཐོ་ཤོས་དང་།ཧི་མ་ལ་ཡའི་རི་རྒྱུད་ལ་གཏོགས་ཤིང་།ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆེས་ཤར་ཕྱོགས་སུ་ཡོད། ཡུལ་དེས་ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་འོག་ བསྟུད་མར་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་སྤེལ་ཡོད་ཅིང་། དེ་ནི་ལུས་རྩལ་+ཡུལ་སྐོར་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་དང་དེར་སྐུལ་འདེད་བྱེད་ཕྱིར་དེ་རེད།
ཟླ་ཆུང་སྒྲོལ་མས། “ང་ཚོའི་འཁྲབ་སྟོན་བརྒྱུད་ནས།མི་མང་པོས་བོད་ཀྱི་གླུ་གར་གྱི་མཛེས་ཉམས་རོལ་ཐུབ་པ་དང་། ང་ཚོ་བོད་ཀྱི་རིག་གནས་ལ་དགའ་བ་དང་། ང་ཚོའི་བོད་ལྗོངས་ལ་དགའ་བ་བྱེད་ཐུབ་པའི་རེ་བ་ཡོད”ཅེས་བཤད།
(http://tibet.people.com.cn/15829698.html)