གྲོང་གསེབ་ཀྱི་ལྗོངས་སྐོར་དར་བས་སྡེ་མི་ཚོ་སྐྱིད་ཀྱི་དཔལ་ལ་རོལ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 11-16



     ཉེ་ཆར། འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོ་མ་མཚོ་གྲོང་སྡེའི་ཨུ་ཡོན་ལྷན་ཁང་གི་གྲོང་སྡེའི་ལོ་རྒྱུས་ཁང་དུ། གསར་འགོད་པས་པར་རིས་དང་ཡིག་ཆ། གནའ་རྫས་སོགས་ལ་བརྒྱུད་ནས་མོ་མཚོ་གྲོང་སྡེའི་ལོ་ངོ་60རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་རྒྱུས་ལོན་བྱས།

     མོ་མཚོ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་མ་ཡུང་ལེན་གྱིས། གྲོང་སྡེའི་ལོ་རྒྱུས་ཁང་འཛུགས་དོན་ནི་མི་རྣམས་ཀྱིས་ང་ཚོའི་གྲོང་སྡེ་ལ་ཤེས་རྟོགས་དང་རྒྱུས་ལོན། སེམས་སུ་འཛིན་ཐུབ་ཆེད་ཡིན། ང་ཚོ་གྲོང་སྡེར་སྔོན་ཆད་ཁྱིམ་ཚང་བཅུ་ལྷག་མ་གཏོགས་མེད། སྔ་རྗེས་སུ་ཡུལ་མི་ཁག་གཉིས་གནས་འདིར་སྤར་རྗེས། ད་སྐབས་གྲོང་སྡེར་ཁྱིམ་ཚང་64དང་མི་འབོར་153ཡོད་པ་རེད་ཅེས་བཤད།

     མོ་མཚོ་གྲོང་སྡེ་ནི་འབར་ཁམས་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། ཁོར་ཡུག་མཛེས་ཤིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས། མོ་མཚོ་གྲོང་སྡེ་ནི་ཝུན་འབར་མྱུར་བགྲོད་གཞུང་ལམ་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་གཅིག་འབར་མྱུར་བགྲོད་གཞུང་ལམ་གྱི་མཚམས་སུ་གནས་ཡོད་པ་དང་། སོ་མང་ཆུ་བོའི་བརྒྱུད་ཀྱི་ནགས་ཚལ་སྤྱི་གླིང་གི་ལྟེ་བ་ཡིན་ལ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད། དུས་རབས་གོང་མའི་ལོ་རབས་60བ་ནས་བཟུང་། གཞོན་ནུ་ཤེས་ཡོན་པ་གྲོང་གསེབ་ཏུ་བསྐྱོད་པ་དང་ནགས་ཚལ་བཟོ་ལས་ཁེ་ལས་གྲོང་སྡེ་རུ་བཅའ་སྡོད་བྱས་པས། མོ་མཚོ་གྲོང་སྡེ་རུ་ཡུལ་མི་ཁག་གཉིས་སྤར་ཡོང་། བོད་ཀྱི་མང་ཚོགས་ཁོ་ན་ཡིན་པ་ནས་རིམ་བཞིན་ཆའང་རིགས་དང་། རྒྱ་རིགས་བཅས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་གྲོང་སྡེ་ཞིག་ཏུ་གྱུར་ཡོད།
     གྲོང་གསེབ་ལྗོངས་སྐོར་ནི་མོ་མཚོ་གྲོང་སྡེའི་ཐོན་ལས་གཙོ་བོ་ཞིག་ཡིན།མོ་མཚོ་གྲོང་སྡེས། ཞིང་ལས་འཕེལ་རྒྱས་སུ་བཏང་བ་དང་ཆབས་ཅིག་གྲོང་གསེབ་ལྗོངས་སྐོར་ཀྱང་སྤེལ་བཞིན་ཡོད།

     མོ་མཚོ་གྲོང་སྡེའི་སྡེ་མི་ལི་ཧྲུའུ་ཆོན་གྱིས། ང་ཚོ་གྲོང་སྡེར་ཕུན་སུམ་ཚོགས་པའི་ལྗོངས་སྐོར་གྱི་ཐོན་ཁུངས་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལམ་ཡང་བཟང་བས། ངས་འཕེལ་རྒྱས་ཀྱི་གོ་སྐབས་འདི་དམ་པོར་བཟུང་། སྔོན་ཆད་ངས་ཡུལ་གཞན་ནས་ཚོང་ལས་གཉེར་བ་དང་། 2018ལོའི་ལོ་མཇུག་ཏུ་ང་རང་ཕྱིར་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཀྱི་སྤྲོ་གསེང་མགྲོན་ཁང་ཞིག་གཉེར། དེར་ཁྱིམ་ཚང་7ཞུགས་སུ་བཅུག་ནས་ཟ་སྡོད་དང་རོལ་རྩེད་གཞི་གཅིག་ཏུ་བསྡུས་པའི་ཞིང་ཁྱིམ་སྤྲོ་གསེང་ཁང་ཞིག་གཉེར་བཞིན་ཡོད་ཅེས་བཤད།
     སྡེ་མི་ལི་ཧྲུའུ་ཆོན་གྱིས། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ལྗོངས་རྒྱུ་བ་རྣམས་ཀྱིས་དྲྭ་ཐོག་ནས་མགྲོན་ཁང་གི་ཁང་བ་ཐོ་འགོད་བྱས་པ་དང་། གནས་འདིའི་ཡུལ་ལྗོངས་མཛེས་ཤིང་མཁའ་དབུགས་གཙང་བས། ལྗོངས་རྒྱུ་བ་ཚོ་གནས་འདིར་ཐོན་རྗེས་ཧ་ཅང་སྐྱིད་སྣང་ཞིག་ཡོད་ཟེར་ཞེས་བཤད།

     ལྗོངས་སྐོར་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་མཁན་ལི་ཧྲུའུ་ཆོན་ཁོ་ནར་མ་རེད། ད་དུང་སྡེ་བའི་ནང་དུ་དམངས་སྲོལ་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་གསེང་ཁང་གཉེར་མཁན་གྱི་སྡེ་མི་མང་བོ་ཡོད།
     མིག་སྔར་མོ་མཚོ་གྲོང་སྡེའི་ཁྱིམ་ཚང་རེར་ཐོན་ལས་ཤིག་དང་། ཡོང་འབབ་གཏན་འཇགས་ཡིན་པའི་ཐོན་ལས་མ་ལག་ཅིག་ཡོད་ལ། གྲོང་སྡེ་མཛེས་ཤིང་མང་ཚོགས་ཕྱུག་པོ་འགྱུར་བའི་ལམ་བུའི་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1