ཞི་ཅིན་ཕིང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་ཨང་ཧྲན་སུའུ་ཅིར་རྟེན་འབྲེལ་འཕྲིན་ཡིག་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-19


        ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་ཨང་ཧྲན་སུའུ་ཅི་ལ་འཕྲིན་ཡིག་སྤྲིངས་ནས། ཁོ་མོས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱིས། ཉེ་དུས་འཚོགས་པའི་འདེམས་བསྐོའི་ཁྲོད་བསྟུད་མུར་སྲིད་དབང་བཟུང་བ་ལ་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ངས་འབར་མའི་འདེམས་བསྐོ་ཆེན་མོ་རྒྱལ་ཁའི་ངང་མཇུག་རྫོགས་པ་ཐོས་བྱུང་བའི་མོད་ལ། ཁྱེད་ཀྱིས་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ལ་སྣེ་ཁྲིད་དེ་གྲུབ་འབྲས་གང་ལེགས་ཐོབ་པར་བརྟེན། ངས་ཁྱེད་དང་འབར་མའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་པར་མ་ཟད། ཁྱེད་ཀྱི་འགོ་ཁྲིད་འོག་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱིས་རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ཡོང་བའི་བྱ་གཞག་བླ་མེད་བསྐྲུན་པའི་ཁྲོད་དུ། གྲུབ་འབྲས་སྔར་ལས་མང་པོ་ཐོབ་ངེས་ཡིན་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱིས་ཕན་ཚུན་བར་གྱི་མཛའ་མཐུན་འགྲོ་འོང་ཟམ་མི་ཆད་པར་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ངས་ཀྲུའུ་ཞི་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1