ཞི་ཅིན་ཕིང་ནས་སའི་གོ་ལར་སྲུང་སྐྱོང་བྱ་རྒྱུའི་ཐད་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-24


        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་22ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་འཁྲིད་མི་སྣའི་རི་ཡ་ཏེའི་དབུ་ཚོགས་ཀྱི་“སའི་གོ་ལར་སྲུང་སྐྱོབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲོས་ཚོགས་ཐོག་ཤིས་ཚིག་གསུངས་པ་རེད།
        ཞི་ཅིན་ཕིང་གིས། སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་འཛིན་པ་དང་། ལག་གདང་སྦྲེལ་ནས་གནམ་གཤིས་དང་ཁོར་ཡུག་ཁྱབ་ཁོངས་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་པ་དང་། སྐར་ཁྱིམ་སྔོན་པོ་འདིར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་འདོད་ཚུལ་གཙོ་བོ་གསུམ་སྟོན་གནང་བ་སྟེ། 
        གཅིག་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས༽ཞེས་པའི་མཛུབ་སྟོན་འོག གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་༼ཕ་རི་སིའི་གྲོས་ཆོད༽ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་རང་བདག་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད་སྤྱི་ལོ་2030ལོའི་གོང་ཚད་གཞི་མཐོ་ཤོས་སུ་སླེབས་པ་དང་། སྤྱི་ལོ་2060ལོའི་གོང་ཐཱན་བཏང་སྙོམས་མངོན་འགྱུར་ཐུབ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དེ་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན།
        གཉིས་ནས། དྭངས་གཙང་ནུས་ཁུངས་བརྗེ་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་རིམས་ནད་དུས་རབས་རྗེས་མའི་ནུས་ཁུངས་ཐཱན་ཉུང་བརྗེ་སྒྱུར་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། མི་ཚང་མར་རྒྱུན་མཐུད་ནུས་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་དྭངས་གཙང་ནུས་ཁུངས་མ་ལག་ཆེ་ཤོས་བསྐྲུན་ཟིན་པས། ནུས་ཁུངས་གཙང་མའི་ཐཱན་ཉུང་བདེ་འཇགས་དང་ལས་ཆོད་མཐོ་པའི་སྒོ་ནས་བེད་སྤྱོད་པར་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཁུངས་གསར་པ་དང་སྦགས་མེད་ཁོར་ཡུག་སྲུང་སྐྱོབ་སོགས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་སྦགས་མེད་ཕྱོགས་སུ་བརྗེ་བསྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། 
        གསུམ་ནས། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་འབྱུང་ཁམས་མ་ལག་འཛུགས་དགོས། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ས་ཞིང་ཞན་འགྱུར་ཉུང་དུ་གཏོང་བ་དང་བྱུར་རྡོར་སྲུང་སྐྱོབ་བྱེད་པ། རྒྱ་མཚོའི་ནང་གི་འགྱིག་ཤོག་གད་སྙིགས་གཙང་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དེ་བས་སྲ་ཞིང་བརྟན་པའི་གོ་ལའི་སྐྱེ་ཁམས་སྲུང་ར་གཏོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ལྷག་བསམ་རྣམ་དག་སྒོ་ནས་ཕྱོགས་ཁག་སང་ལོའི་སྤྱི་ཟླ་5པར་ཁུན་མིང་དུ་སྐོང་འཚོག་བྱ་རྒྱུའི་༼སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས༽ཞེས་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཚོགས་ཆེན་ཐོག་འབྱུང་འགྱུར་དུས་མཚམས་ཤིག་རིང་གི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་དམིགས་འབེན་གཏན་ཁེལ་དང་བྱ་སྤྱོད་བཟུང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ང་ཚོས་ལག་གདང་སྦྲེལ་ནས། ཐུན་མོང་ཐོག་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་དགོས་པ་བཅས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1