ཀྲུང་གོ་གསར་འགྱུར་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་20ཉིན། “ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་བྱ་ཐབས་ད་ལྟ་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། ཉེ་ཆར། གྲོང་ཁྱེར་ཡོངས་སུ་གད་སྙིགས་རིགས་དབྱེ་སྒམ་ཁྲི་3.9ལྷག་བཞག་ཡོད། ”ཚེས་20ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་གྲོང་ཁྱེར་རྣམ་པ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཏུའུ་ཞན་ཝེ་ཡིས་གསར་འགོད་པར་དེ་ལྟར་བཤད་པ་སྟེ། བྱེད་ཐབས་འདི་ནི་མཐོ་སྒང་མང་ཚོགས་ཀྱིས་རིམ་བཞིན་འཚོ་བའི་གད་སྙིགས་ཡང་དག་རིགས་དབྱེ་དང་གནད་འཁེལ་བླུག་རྒྱུར་སྣེ་ཁྲིད་བྱེད་ཕྱིར་རེད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལྷ་ས་གྲོང་ཁྱེར་གྱི་གཞི་རྒྱ་བསྟུད་མར་རྒྱ་བསྐྱེད་ཡོད་པས། མིག་སྔར་གྲོང་ཁྱེར་ཡོངས་ནས་ཉིན་རེར་འཚོ་བའི་གད་སྙིགས་ཆ་སྙོམས་ཏུན་900ཙམ་ཐོན་གྱི་ཡོད། 2002ལོར། ལྷ་སར་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་འཚོ་བའི་གད་སྙིགས་སྦས་ས་བསྐྲུན་ཡོད། ཏུའུ་ཞན་ཝེ་ཡིས། གད་སྙིགས་སྦས་ས་དེའི་ཇུས་འགོད་བེད་སྤྱོད་དུས་ཡུན་ལོ་20ཡིན་མོད། འོན་ཀྱང་2012ལོར་སླེབས་དུས་དེའི་ཤོང་ཚད་ལོངས་ལ་ཉེ་བས། དེའི་རྗེས་སུ་ལྷ་ས་གྲོང་ཁྱེར་གྱིས་སྦས་ས་དེའི་ཤོང་ཚད་རྒྱ་སྐྱེད་ཐེངས་གཉིས་གཏོང་བ་རེད་ཟེར།
“གད་སྙིགས་ཀྱིས་གྲོང་ཁྱེར་མི་སྐོར་བ”བྱེད་ཆེད། འཚོ་བའི་གད་སྙིགས་ལ་དེ་བས་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གནོད་སྐྱོན་མེད་ཅིང་ཉུང་དུ་གཏོང་བ། ཐོན་ཁུངས་ཅན་དུ་འགྱུར་བའི་ཐག་གཅོད་བྱེད་དགོས། 2015ལོར། ལྷ་སས་མི་དམངས་ཤོག་སྒོར་དུང་ཕྱུར་4.6བཏང་ནས་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ཁང་བསྐྲུན་ཡོད། “མིག་སྔར་གློག་འདོན་ཁང་དེས་ཉིན་རེར་གད་སྙིགས་ཏུན་700ལྷག་སྲེག་ཐུབ་ཀྱི་ཡོད། ད་ལོའི་ཟླ་1ནས་ཟླ་10བར། གློག་འདོན་ཚད་སྟོང་ཝ་དུས་ཚོད་དུང་ཕྱུར་0.6ཟིན་ཡོད། སྐབས་གཉིས་པའི་གད་སྙིགས་སྦས་ས་ནི་གཙོ་བོ་སྦས་སྲེག་བྱས་རྗེས་ཀྱི་ཐལ་བ་སྦས་ས་ཡིན་ཞིང་། ཇུས་འགོད་ལྟར་ན་བེད་སྤྱོད་དུས་ཡུན་ནི་ལོ་50ཡིན་ཞེས་ཏུའུ་ཞན་ཝེ་ཡིས་ངོ་སྤྲོད་བྱས་པ་རེད།
ལྷ་ས་ནི་ཀྲུང་གོའི་གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་གྲོང་ཁྱེར་46གི་གྲས་ཤིག་རེད། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་བྱ་ཐབས་ཁ་གསལ་ཡོད་པ་སྟེ། འཚོ་བའི་གད་སྙིགས་ལས་ཚུར་བསྡུ་ཆོག་པའི་དངོས་པོ་དང་། ཐབ་ཚང་གི་གད་སྙིགས། གནོད་ལྡན་གད་སྙིགས། གད་སྙིགས་གཞན་དག་བཅས་རིགས་བཞི་ལ་ཕྱེ་ཡོད། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་མིག་སྔར་ལྷ་སས་རིགས་དབྱེ་མཁོ་སྤྲོད་དང་། བསྡུ་རུབ། སྐྱེལ་འདྲེན། ཐག་གཅོད་བཅས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
གསར་འགོད་པས་ལྷ་སའི་ཁུལ་ཆུང་ཁག་དང་སྤྱི་པའི་ཚོགས་རར་བཅར་འདྲི་བྱེད་སྐབས། ས་གནས་ཁག་ཚང་མར་གད་སྙིགས་བླུག་སྒམ་བཞག་ཡོད་པ་མཐོང་བྱུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་དབྱངས་ཅན་ལགས་ཀྱིས་བལྟས་ན། འཚོ་བའི་གད་སྙིགས་ལ་གནད་འཁེལ་རིགས་དབྱེ་བྱས་ན་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་པ་སྟེ། གློག་རྫས་རྙིང་པར་ཆ་བཞག་ན། ང་ཚོས་སྔོན་ཆད་ཇི་ལྟར་ཐག་གཅོད་བྱེད་དགོས་པ་མི་ཤེས། ད་ལྟ་དེ་ནི་གནོད་པ་ཡོད་པས་རང་དགར་བསྐྱུར་མི་རུང་བ ”ཤེས་པ་རེད། གད་སྙིགས་རིགས་དབྱེ་བྱ་རྒྱུ་ནི་གོམས་གཤིས་ལ་འགྱུར་རྒྱུའི་བརྒྱུད་རིམ་ཞིག་ཡིན་ཞིང་། ས་མཐོར་འཚོ་བ་སྐྱེལ་མཁན་མང་ཚོགས་ལ་རིགས་དབྱེའི་གོམས་གཤིས་ཆགས་པ་བྱེད་པའི་འོས་འགན་ཡོད་ཅེས་ཁོང་གིས་ངོས་འཛིན་བྱས་འདུག(http://tibet.people.com.cn/15830623.html)