གཙང་ཞིང་གྲ་དག་པའི་གསང་སྤྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-25



    ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་19ཉིན། “གསང་སྤྱོད་གསར་པ་འདི་ལ་དྲི་མ་ངན་པ་མེད།” ཡེ་ཤེས་གྱིས་རང་ཚང་གི་གསང་སྤྱོད་གསར་པར་བལྟས་ནས་སེམས་པ་དགའ་པོ་བྱུང་། 
    སྟོན་གྱི་མཇུག་རྫོགས་ཤིང་དགུན་གྱི་འགོ་བཟུང་བའི་ཉིན་ཞིག་ལ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མོ་ལ་སྨད་ཤང་རྩེ་སྒང་གྲོང་ཚོའི་ཡེ་ཤེས་ཚང་གི་ཁྱིམ་དུ། ཡེ་ཤེས་ཀྱིས་སྤྲོ་སེམས་ཆེན་པོའི་ངང་ནས་གསར་འགོད་པ་རང་ཁྱིམ་གྱི་གསང་སྤྱོད་གསར་པ་ལ་ལྟ་ཞིབ་བྱེད་པར་ཁྲིད། རྫ་ཕག་གསར་པ་བཏིང་ཞིང་དར་སྲོལ་ཆེ་བའི་འཁྲུད་ཆས་བསྒྲིགས་པ་མིག་ལམ་དུ་མཐོང་། ལས་ལ་བརྩོན་པའི་ཡེ་ཤེས་ཀྱིས་གསང་སྤྱོད་གསར་པ་དེ་གཙང་ཞིང་གྲ་དག་པོ་བཟོས་ཡོད་ཅིང་། སྔོན་ཆད་ཡུལ་འདི་ན་གསང་སྤྱོད་དེ་འདྲ་མེད། 
    སྔོན་ཆད་མོ་ལ་སྨད་ཤང་གི་དུད་ཚང་ཚང་མའི་གསང་སྤྱོད་ནི་པང་ལེབ་རྙིང་བས་ཕྱོགས་བཞིར་བསྐོར་ཞིང་། ཤིང་ལེབ་གཉིས་སྟར་སྒྲིག་ནས་རྐང་པ་འཇོག་ས་བྱེད་དགོས། དབྱར་ཁར་སྦྲང་ནག་གང་སར་འཕུར་ཞིང་། དྲི་མ་ངན་པས་ཡོངས་སུ་ཁེངས་འདུག 
    ཉེ་བའི་ལོ་འགའི་རིང་། “དམངས་བདེ་དང་། བདེ་ཐང་། སྐྱེས་ཁམས། ”ཀྱི་རྩ་དོན་ལ་གཞིགས་ནས། མོ་ལ་སྨད་ཤང་གིས་རིམ་རྩིས་བྱས་ན་གྲོང་ཚོ་9ལ་“བསྒྱུར་བཀོད་དྲུག་དང་འཛུགས་སྐྲུན་གསུམ་སྲ་བརྟན་གཅིག”གི་གསང་སྤྱོད་བསྒྱུར་བཀོད་ལག་བསྟར་བྱས་ཡོད། མོ་ལ་སྨད་ཤང་གིས་ད་དུང་ཞིང་འབྲོག་མི་དམངས་ལ་མཚན་མོའི་སློབ་ཚན་བཙུགས་ནས་བདེ་ཐང་སློབ་གསོ་སྤེལ་བ་དང་། གྲོང་སྲོལ་དམངས་ཆིངས་བཟོས་ནས། ཟླ་རེར་ཁྱིམ་ཚང་ཁོར་ཡུག་འཕྲོད་བསྟེན་དཔྱད་འཇོག་སྤེལ་ནས། ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོར་འགྱུར་བར་སྐུལ་འདེད་བྱས་ཡོད། གསང་སྤྱོད་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཞིང་། གྲོང་ཚོའི་ཡུལ་སྐོར་ལ་“འཕུར་ལྡིང་གི་གཤོག་པ”བཙུགས་ཡོད། 
    དཀར་མཛེས་ཁུལ་རྟའུ་རྫོང་སྐུ་བུན་གྲོང་ཚོའི་ཧྲུའུ་ཅི་དང་པོ། ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་བོད་སྐྱོར་ལས་བྱེད་པ་ཞ་ཐེན་གྱིས་གསར་འགོད་པ་ཁྲིད་ནས་ཆུ་འགྲམ་དུ་ལྟ་སྐོར་ཕྱིན་པ་དང་། བོད་ཁང་གི་ཚོན་མདངས་བཀྲ་ཞིང་། ཁང་པ་རེ་རེའི་བཟོ་བཀོད་ལ་ཁྱད་ཆོས་ལྡན། ཞིབ་ཏུ་བལྟས་ཚེ་དུད་ཁྱིམ་ཚང་མས་གྱང་རྩ་ལ“ཟུར་ཁང་ཆུང་ཆུང་”རེ་སྐྲུན་འདུག 

   “ཟུར་ཁང་ཆུང་ཆུང་”འདི་རིགས་ནི་དོན་དངོས་སུ་རྟའུ་ཡི་སྲོལ་རྒྱུན་བོད་ཁང་གི་གསང་སྤྱོད་རེད། སྔོན་ཆད། གྲོང་ཚོའི་མི་སྡོད་སའི་ཁོར་ཡུག་སྡུག་ཅིང་། གྲོང་མི་ཚོའི་འཕྲོད་བསྟེན་གོམས་གཤིས་མི་ལེགས་པས། མིག་ལ་མཛེས་པའི་གསང་སྤྱོད་དེ་དག་ལ་དྲི་ངན་གྱིས་ཁེངས་འདུག 


    2018ལོར་དཀར་མཛེས་ཁུལ་དུ“གསང་སྤྱོད་གསར་བརྗེའི”ལས་དོན་འགོ་ཚུགས་པ་རེད། ཞ་ཐེན་གྱིས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད། ཁོང་གིས་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ནས། ཆེད་དུ་ཇུས་གཞི་བཀོད་པ་རེད། ཇུས་གཞི་ལ་གཞིགས་ནས། བསྒྱུར་བཀོད་ཟིན་པའི་གསང་སྤྱོད་གཙང་ཞིང་དྲི་ངན་མེད་པ་དང་། མཐོ་སྒང་གི་ཁོར་ཡུག་དང་ཧ་ཅང་འཚམ་པ་མ་ཟད། མ་གནས་ཀྱང་དམའ་མོ་རེད། 
   གསང་སྤྱོད་ཀྱི་བྱ་བ་ཆུང་རུང་དམངས་འཚོའི་དོན་ཆེན་དང་འབྲེལ་ཡོད་ལ། གྲོང་གསེབ་དར་སྤེལ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། གསར་འགོད་པས་དཀར་མཛེས་ཁུལ་གྱི་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་གསུམ་རིང་། ཁུལ་དེའི་ལས་རིགས་ཁག་གིས་སྤྱི་སྤྱོད་གསང་སྤྱོད་871གསར་དུ་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་གྱི་དུད་ཁྱིམ་ལ་གསང་སྤྱོད་83842གསར་དུ་བསྒྱུར་བཀོད་བྱས་ནས། “མཉམ་སྤྱོད་གསང་སྤྱོད”517བསྐྲུན་ཡོད། མཐོ་གྲང་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་གཙང་ཞིང་བདེ་ཐང་ཡིན་པའི་འཚོ་བ་གསར་པའི་སྟབས་ལེགས་སྐྲུན་ཡོད།(http://tibet.people.com.cn/15830624.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1