བོད་ཀྱིས་བོད་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བའི་ལྷ་མོའི་རོལ་དབྱངས་འདུ་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-27


   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོ་སྒྱུ་རྩལ་ལྟེ་གནས་ནས་ལྷ་མོའི་འགྱུར་ཁུག་སྙན་པོ་ཞིག་གྲགས་འོང་། སྒྱུ་རྩལ་ལྟེ་གནས་སུ་སྐྱོད་སྐབས་ལྷ་མོའི་འཁྲབ་ཆས་གྱོན་པའི་འཁྲབ་སྟོན་པ་མང་པོས་ལྷ་མོའི་སྲོལ་རྒྱུན་གྱི་འགྱུར་ཁུག་དང་བསྟུན་ནས་ལྷ་མོ《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་ཀྱིན་འདུག


    བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུཌ་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་ལྷ་མོ་ཚོགས་པས་ཀྲུང་གོ་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་འཁྲབ་སྟོན་པ་ཆེད་མངགས་གདན་དྲངས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་མཁས་ཅན་དང་མཉམ་དུ་ལྟད་མོ་བར་གནའ་བོའི་ལྷ་མོ་དང་རང་རྒྱལ་རིག་གནས་ཀྱི་སྙིང་བཅུད་ཅིང་ཅུས་གསར་རྩོམ་གྱི་མཉམ་འདྲེས་བརྩམས་ཆོས་འཁྲབ་པས་དགའ་བསུ་ཟབ་མོ་ཐོབ་ཡོད་པ་རེད།

   1960ལོར་དེ་སྔའི“སྐྱོར་མོ་ལུང”ལྷ་མོ་འཛིན་གྲྭའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དངོས་སུ་བཙུགས་པ་རེད། ལྷ་མོའི་ལས་དོན་པ་མི་རབས་འགའི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་ད་ཆའི་བོད་ལྗོངས་ལྷ་མོ་ཚོགས་པ་འཁྲབ་གཞུང་རྩོམ་པ་དང་། འཁྲབ་ཁྲིད། འཁྲབ་སྟོན། ཞིབ་འཇུག་བཅས་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་ཞིང་ཆེན་རིམ་པའི་ཆེད་ལས་ཟློས་གར་ཁང་ཞིག་ཏུ་གྱུར་ཡོད་པ་རེད།


    འདི་ལོར་ལོ་61ལ་སླེབས་པའི་བོད་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་བུ་ཆུང་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནས་ཡིན་པ་དང་ད་ཆ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་རེད། ཁོང་གིས“ཐོག་མར་བོད་ལྗོངས་ལྷ་མོ་ཚོགས་པར་སླེབས་སྐབས་ཕྱོགས་ཚང་མའི་ཐད་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་རེད། རོལ་ཆ་མེད་ལ་གར་སྟེགས་ཀྱང་མེད། ད་ཆ་འཁྲབ་སྟོན་གྱི་ཆ་རྐྱེན་ལེགས་སུ་སོང་ལ་ལྷ་མོ་འཁྲབ་སྟངས་ཀྱང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ལྷ་མོ་འདི་ཉིད་ཅིང་ཅུས་ཟློས་གར་གྱི་འགྱུར་ཁུག་ལ་བརྟེན་ནས་འཁྲབ་ཆོག་ལ་དེང་རབས་ཟློས་གར་གྱི་འགྱུར་ཁུག་ལྟར་དུ་འཁྲབ་ནའང་ཆོག་པས། ཉམས་འགྱུར་སྣ་ཚོགས་ཀྱི་འཁྲབ་སྟོན་བྱེད་སྟངས་ལས་མི་དེ་བས་མང་བས་ལྷ་མོར་ཤེས་རྟོགས་བྱེད་པ་དང་དགའ་པོ་བྱེད་ངེས་རེད”ཅེས་བཤད།


   ལྷ་མོར་ལོ་རྒྱུས་ཡུན་རིང་ལྡན་པས་བོད་མི་རིགས་ཀྱི“ཤེས་བྱ་ཀུན་བཏུས”དང་། ས་གནས་ཟློས་གར་གྱི“འགྱུར་རྡོ་གསོན་པོ”ཞེས་འབོད་ཀྱི་ཡོད། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་བདམས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་60ཡི་རིང་བོད་ལྗོངས་ལྷ་མོ་ཚོགས་པས་ལོ་རེར་ཆ་སྙོམས་ཞིང་འབྲོག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་འཁྲབ་སྟོན་ཐེངས་120ལྷག་ཙམ་བྱས་པ་དང་། ལོ་རེར་ཆ་སྙོམས་གཤམ་སྐྱོད་སྤྱི་ལེ་4000ལྷག་ཙམ་བྱས་པ། ལོ་རེར་ཆ་སྙོམས་ལྟད་མོ་ལྟ་མཁན་བསྡོམས་མི་ཐེངས་ཁྲི་20ལྷག་ཙམ་ཟིན་པ། འགྲན་བསྡུར་ཁག་ལ་ཞུགས་ཏེ་རྒྱལ་ཁབ་རིམ་པའི་བྱ་དགའ་གལ་ཆེན་50ལྷག་ཙམ་ཐོབ་ལ། སྔ་རྗེས་སུ་རི་པིན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་འཁྲབ་སྟོན་བྱེད་པར་བསྐྱོད་དེ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།(http://tibet.people.com.cn/15831057.html)  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1