རིགས་ཞེན་གྱི་ལྷག་བསམ་ཀུན་ལས་ཆེ།། བརྒྱུད་འཛིན་གྱི་སྙིང་སྟོབས་རབ་ཏུ་འཕེལ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-27



དཔལ་ཡུལ་རྫོང་ཧོར་སྤོའི་ལག་ཤེས་བཟོ་རྩལ་པས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཟོང་རྟགས་གྲགས་ཅན་བསྐྲུན་པའི་དངོས་བྲིས།

རིགས་ཞེན་གྱི་ལྷག་བསམ་ཀུན་ལས་ཆེ།། བརྒྱུད་འཛིན་གྱི་སྙིང་སྟོབས་རབ་ཏུ་འཕེལ།།

བསྟན་འཛིན་རྣམ་རྒྱལ་གྱིས་མཆོད་ཆས་བཟོ་བཞིན་པ།

རིགས་ཞེན་གྱི་ལྷག་བསམ་ཀུན་ལས་ཆེ།། བརྒྱུད་འཛིན་གྱི་སྙིང་སྟོབས་རབ་ཏུ་འཕེལ།།

བསྟན་འཛིན་རྣམ་རྒྱལ་གྱིས་སློབ་མ་ཚོ་དང་མཉམ་དུ་བོད་གྲི་བཟོ་བཞིན་པ།

རིགས་ཞེན་གྱི་ལྷག་བསམ་ཀུན་ལས་ཆེ།། བརྒྱུད་འཛིན་གྱི་སྙིང་སྟོབས་རབ་ཏུ་འཕེལ།།

ཧོར་སྤོའི་ལག་ཤེས་བཟོ་རྩལ་ཁང་དུ་སློབ་མ་ཚོས་སློབ་སྦྱོང་བྱེད་བཞིན་པ།

        ལག་ཤེས་བཟོ་རྩལ་པ་འདི་ཚོའི་ཕྱག་སོར་ལས་ཐོན་པའི་ཐོན་རྫས་ཡོད་ཚད་ནི་བོད་མི་རིགས་དང་འབྲེལ་བ་ཟབ་མོ་ཡོད་ཅིང་། མི་རིགས་དང་ས་ཁོངས། དམངས་སྲོལ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཆེ་ཞིང་། དམིགས་བསལ་གྱི་བཟོ་དབྱིབས་དང་སྤུས་ལེགས་ཀྱི་བཟོ་རྩལ་ཐོན་རྫས་དེ་དག་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད། ཁོ་ཚོས་རང་ཉིད་ཀྱི་ཐུན་མིན་བྱེད་ཐབས་སྤྱད་དེ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད་པ་རེད།

      དཔལ་ཡུལ་རྫོང་ཧོར་སྤོ་སྡེ་ཁུལ་གྱི་བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ལ་གླིང་གེ་སར་གྱི་མཚོན་ཆའི་བང་མཛོད་ཅེས་པའི་མཚན་སྙན་ཡོད་ཅིང་། ད་བར་དུ་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། ནམ་ཟླའི་འགྲོས་དང་ལག་ཤེས་བཟོ་རྩལ་པའི་བརྒྱུད་འཛིན་དང་མྱོང་བསགས་བརྒྱུད་ནས་ཧོར་སྤོའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེ་རང་ལུགས་གསར་གཏོད་ཅན་དུ་གྱུར་ནས་གངས་ལྗོངས་ལ་སྐད་གྲགས་ཁྱབ་པ་དང་སྦྲགས། 2005ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་གཞིའི་གྲས་སུ་ཚུད་པ་རེད། 

      ལག་རྩལ་བརྒྱུད་འཛིན་ཉམས་མེད་བྱས།

       ད་ལོར་ལོ55ལ་སོན་པའི་བཀྲ་ཤིས་རྡོ་རྗེས་རང་ལོ་དགུ་ནས་བཟུང་ལག་ཤེས་བཟོ་རྩལ་སློབ་སྦྱོང་བྱེད་མགོ་ཚུགས་ཡོད་ལ། ཆུང་དུས་ནས་རྡུང་བཟོ་ལག་རྩལ་ཐད་ལ་འབད་འབུངས་རྒྱུན་ཆད་མེད་པར་བྱས་པས་ད་ལྟ་ཁོ་ནི་ཧོར་སྤོའི་བོད་ཀྱི་ལྕགས་རིགས་རྡུང་བཟོ་ལག་རྩལ་གྱི་བརྒྱུད་འཛིན་པ་ཞིག་ཏུ་གྱུར་ཡོད། ཁོས་གསར་འགོད་པར་ཧོར་སྤོ་བོད་ཀྱི་ལྕགས་རིགས་ལག་ཤེས་བཟོ་རྩལ་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཕ་མེས་ཀྱི་ལག་ལེན་ཁྲོད་གསོག་འཇོག་དང་སྙན་ནས་བརྒྱུད་དེ་ད་བར་དུ་བརྒྱུད་འཛིན་ཐུབ་པ་བྱུང་ཡོད་ལ། དཀའ་སྤྱད་སྙིང་རུས་ཆེ་བ་དང་སློབ་སྦྱོང་ལ་འབད་འབུངས་བྱེད་མཁན་གྱི་སློབ་མ་ཡིན་ན་མཐར་ཐུག་ལག་ཤེས་བཟོ་རྩལ་པ་ངོ་མ་ཞིག་ཏུ་འགྱུར་ཐུབ་པ་རེད་ཅེས་བཤད།

     བཀྲ་ཤིས་རྡོ་རྗེས་ཚག་རིས་བཟོ་རྩལ་ནི་དཔལ་ཡུལ་ཧོར་སྤོའི་ལྕགས་རིགས་ལག་ཤེས་བཟོ་རྩལ་ཁྲོད་དུ་བཟོ་རིམ་རྙོག་འཛིང་ཆེ་ཤོས་དང་ཞིབ་ཚགས་ཆེ་ཤོས་དེ་ཡིན། ཚག་རིས་རྒྱག་པའི་དུས་སུ་ཆེད་སྤྱོད་ཀྱི་བརྐོས་འབིགས་ཕུག་བཀྲོལ་སོགས་ཀྱི་ལྕགས་ཆས་ཡོ་བྱད་སྤྱད་དེ་ཚག་དཀྲོལ་འབིགས་ཕུག་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་གྲི་ཤུབས་སོགས་ཀྱི་ངོས་སུ་དོད་པའི་རི་མོ་དེ་དག་འབུར་རིས་ཅན་གྱི་སྒྱུ་རྩལ་རི་མོ་ཁྱད་པར་ཅན་ཞིག་ཏུ་བསྒྱུར་དགོས་པ་རེད། ལག་རྩལ་འདི་དག་གི་ཐད་ལ་ངེས་པར་དུ་ཉམས་མྱོང་ཉིན་གསོག་ཟླ་གསོག་རྒྱུན་ཆད་མེད་པར་བྱས་ཤིང་རྡུང་བཟོ་གྲངས་ལས་འདས་པ་བྱས་རྗེས་གཞི་ནས་ཐོན་རྫས་ཡག་པོ་འབྱུང་ཐུབ། ལག་ཤེས་བཟོ་རྩལ་ཐོན་རྫས་སྟེང་གི་རིན་པོ་ཆེའི་ཏོག་ཡོད་པའི་དངུལ་གྱི་མེ་ཏོག་དང་བོད་ཡིག་གི་མ་ཎི་འབྲུ་དྲུག བཀྲ་ཤིས་པའི་རི་མོ། རི་དྭགས་ཀྱི་རི་མོ་སོགས་ལས་བོད་མི་རིགས་ཀྱི་བདེ་སྐྱིད་དང་ཞི་བདེ་འཐོབ་འདོད་ཀྱི་བསམ་པའི་རེ་སྙེག་མངོན་པ་དང་། དེ་དག་གིས་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་བོད་རིགས་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕོ་འགྱུར་དང་མི་དམངས་མང་ཚོགས་ཀྱི་འཚོ་གནས་གནས་བབ་ལ་བདེན་དཔང་བྱེད་ཐུབ་པས་བོད་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་མཚོན་པའི་རྣམ་པ་གཞན་ཞིག་ཀྱང་ཡིན་པ་རེད་ཅེས་བཤད།

       ལག་ཤེས་བཟོ་རྩལ་ཐོན་རྫས་ཤིག་ལག་ཏུ་བླངས་ཐེངས་རེར་བཀྲ་ཤིས་རྡོ་རྗེས་དེའི་ཇུས་འགོད་ཀྱི་བསམ་ཕྱོགས་དང་། མི་རིགས་ཀྱི་ཁྱད་ཆོས་དང་རྡུང་བཟོ་བྱེད་ཐབས་བཅས་ངོ་སྤྲོད་ཞིབ་ཕྲ་བྱེད་ཀྱི་ཡོད། ཁོས་ལག་པའི་སོར་མོ་ཁོ་ནར་བརྟེན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་རེ་རེ་ནི་ལག་རྩལ་པ་ཞིག་གི་རྔུལ་ཆུ་དང་སྟོབས་ཤུགས་ལས་གྲུབ་པ་ཞིག་ཡིན་ལ། དུས་རབས་རེ་རེ་དང་དུས་སྐབས་རེ་རེའི་མངོན་གསལ་དོད་པའི་རིག་གནས་ཀྱི་ཁྱད་ཆོས་ཀྱང་འདུས་ཡོད་ཅེས་བཤད་པ་རེད།

      ད་ལྟ་བཀྲ་ཤིས་རྡོ་རྗེས་སློབ་མ་བསྡུ་ལེན་བྱས་ནས་རང་ཉིད་ཀྱིས་ལག་རྩལ་དཔེ་འཁྱུད་ཅུང་ཙམ་ཡང་མེད་པར་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་མ་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་འདི་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བོད་ཀྱི་ལྕགས་རིགས་རྡུང་བཟོ་ལག་རྩལ་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱས་ཏེ་ང་ཚོའི་རྗེས་རབས་པ་ཚོས་ཀྱང་གནའ་བོའི་ལག་རྩལ་འདི་ཉིད་བརྒྱུད་འཛིན་དར་སྤེལ་གཏང་རྒྱུ་ནི་ཁོའི་རེ་བ་ཡིན་ཞིང་། བཀྲ་ཤིས་རྡོ་རྗེས་སྤོབས་པ་དང་བཅས་དུས་རབས་སོ་སོའི་ལག་ཤེས་བཟོ་པ་ཚང་མ་ལ་འགན་འཁྲི་རེ་རེ་ཡོད། ད་ལྟ་ང་ཚོའི་ལས་འགན་གཙོ་བོ་ནི་ལག་རྩལ་འདི་རྒྱུན་མི་ཆད་པར་བསླབས་ཏེ་གཟུགས་མེད་རིག་གནས་ཤུལ་བཞག་འདི་ཚོ་མ་འོངས་པ་ན་བཤམ་སྟོན་ཁང་གི་སྒྱུ་རྩལ་བཤམ་རྫས་ཙམ་ཞིག་མི་འགྱུར་བའི་ཆེད་དུ་ཡིན་ཞེས་བཤད།

      ཐོན་རྫས་རྩེ་གྲ་ལེགས་པར་བསྐྲུན།

      ལག་ཤེས་པའི་ཁྱིམ་དང་བཟོ་ཁང་ཕལ་ཆེར་གནས་གཅིག་ཏུ་ཡོད་ཅིང་། ཐག་ཉེ་ཡིན་པས་བཟོ་མཚམས་གྲོལ་དུས་ན་ཁྱིམ་དུ་ཇ་ཐུན་རེ་འཐུང་ཆོག་པ་རེད་ཅེས་ཧོར་སྤོ་གྲོང་རྡལ་གཏེར་ལེབ་གྲོང་སྡེའི་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བཟོ་ཁང་རེ་རེ་བཞིན་ངོ་སྤྲོད་བྱས། ཁོས་ལོ་ན་བཅུ་གཅིག་ནས་བཟུང་རྡུང་བཟོ་ལག་རྩལ་སྦྱང་མགོ་ཚུགས་ཏེ། ད་ལྟ་ལོ་ན་བཞི་བཅུ་ལ་སླེབས་དུས་གྲོང་སྡེའི་ནང་གི་རྡུང་བཟོ་ལག་ཤེས་པ་མཁས་ཅན་གྱི་གྲས་སུ་ཚུད་ཡོད། ཁོས་གསར་འགོད་པར་རང་ཉིད་ཀྱིས་དུས་རྒྱུན་དུ་ལག་རྩལ་ཁྱད་དུ་འཕགས་པའི་རྡུང་བཟོ་དགེ་རྒན་ཁ་ཤས་གདན་དྲངས་ནས་ཁྱིམ་དུ་བཟོ་ལས་བྱེད་ཀྱི་ཡོད། འཇོན་ཐང་འགྲན་པ་ལྟ་བུའི་ཁོར་ཡུག་གི་ཁྲོད་དུ་རང་ཉིད་ཀྱི་ལག་རྩལ་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ཏེ་རང་ཉིད་དེ་བས་ལེགས་པའི་ལག་ཤེས་བཟོ་རྩལ་དགེ་རྒན་ཞིག་ཏུ་འགྱུར་བར་བྱ་དགོས་ཅེས་བཤད་པ་རེད།

      ཚུལ་ཁྲིམས་རྣམ་རྒྱལ་གྱིས་ང་ནི་རྡུང་བཟོ་ལག་ཤེས་བཟོ་རྩལ་ལ་དགའ་པོ་ཡོད་པ་དང་ལག་རྩལ་འདི་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གང་རེད་ཟེར་ན་སྔོན་ཆད་འཚོ་བ་དང་གང་ཅིའི་ཐད་ལ་ཅུང་དཀའ་ངལ་ཡོད་པའི་སྐབས་སུ། ཧོར་སྤོ་ལག་རྩལ་འདིས་ངའི་མ་འོངས་པར་ཡིད་སྨོན་དང་རེ་བས་ཁེངས་སུ་བཅུག ད་ལྟ་ངེད་ཁྱིམ་ཚང་ནང་མི་གྲངས་ཅུང་མང་ན་ཡང་འཚོ་བ་སྐྱིད་པོ་འདུག མ་འོངས་པར་ང་རང་གིས་དེ་བས་ལེགས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་རྒྱུའི་རེ་བ་བཅངས་ཏེ་མེས་པོ་ཚོས་བཞག་པའི་ལག་རྩལ་རྩ་ཆེན་བརྒྱུད་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

       ཚུལ་ཁྲིམས་རྣམ་རྒྱལ་གྱི་བརྩོན་འགྲུས་དང་སློབ་སྦྱོང་གི་སྙིང་སྟོབས་ཆེ་བར་བརྟེན། རྡུང་བཟོ་བྱེད་ཐབས་མང་པོ་ཁོང་དུ་ཆུད་ཐུབ་པར་གྱུར། གསར་འགོད་པས་ཁོའི་འབད་བརྩོན་ལྷོད་མེད་ཀྱིས་ལག་རྩལ་ཡར་རྒྱས་འགྲོ་བར་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཡང་ཡང་བྱེད་སྐབས། ཁོས་གསར་འགོད་པར་དོན་དངོས་སུ་གནའ་དུས་ནས་ད་ལྟའི་བར་དུ་ཧོར་སྤོའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་པ་རྣམས་ཀྱིས་འདི་ལྟར་སློབ་སྦྱོང་བྱས་པ་རེད། སྔོན་ཆད་ལམ་ཐག་རིང་བས་ཚང་མས་ཁྱབ་ཁོངས་ཆུང་བའི་ནང་དུ་མ་གཏོགས་ལག་ལེན་དམར་ཁྲིད་བྱེད་ཐབས་བྲལ་བ་རེད། ད་ལྟ་འགྲིམ་འགྲུལ་སྟབས་བདེ་ལ་འཚོ་བ་ཕུན་སུམ་ཚོགས་པོ་བྱུང་བས། ཁྱེད་རང་ལ་སྦྱང་བའི་བསམ་པ་ཡོད་ན་སྦྱང་རྒྱུ་མི་ལོན་པ་ཡོད་མ་རེད་ཅེས་བཤད།

      འདི་འདྲའི་སློབ་སྦྱོང་གི་སྙིང་སྟོབས་ཡོད་པས་གཞི་ནས་དཔལ་ཡུལ་ཧོར་སྤོའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ། དཔལ་ཡུལ་ཧོར་སྤོ་དེ་རྒྱལ་ཕྱི་ནང་དུ་སྐད་གྲགས་ཁྱབ་པའི་ལྕགས་རིགས་ལག་ཤེས་བཟོ་རྩལ་གྱི་ལྟེ་གནས་ཤིག་ཏུ་ཡང་གྱུར་ཡོད་པ་རེད།

      དྲྭ་ཐོག་ཚོང་ལམ་གསར་དུ་བཏོད།

      ཧོར་སྤོའི་བོད་གྲི་ནི་ཧོར་སྤོའི་ལག་ཤེས་བཟོ་རྩལ་ཁྲོད་སྐད་གྲགས་ཆེ་ཤོས་དེ་ཡིན་ཞེས་ཚོང་ཁང་ནང་འགྲུལ་པར་ཁ་བརྡ་ལབ་བཞིན་པའི་གཞོན་ནུ་དེས་ངོ་སྤྲོད་བྱས་ཤིང་།གཞོན་ནུ་དེའི་མིང་ལ་བསྟན་འཛིན་རྣམ་རྒྱལ་ཟེར་བ་རེད། ལོ་ན25ལ་སོན་པའི་ཁོ་ནི་ད་ཆ་ཧོར་སྤོ་གྲོང་རྡལ་གྱི་ན་གཞོན་ལག་ཤེས་བཟོ་རྩལ་པའི་ནང་གི་ལག་རྩལ་ཆེས་མཁས་པ་དེ་རེད། ཁོའི་ཚོང་ཁང་ནང་དུ་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་ཁག་བགོས་ནས་བཞག་ཡོད་པས་སྐུ་མགྲོན་ཚང་མས་གང་ཞིག་འདེམས་བསམ་ན་སྟབས་བདེ་མོ་ཡོད་པ་དང་། ཁོས་གསར་འགོད་པར་རང་ཉིད་ཀྱིས་ཚོང་ཁང་གཉེར་བའི་ཐོག་མའི་དམིགས་ཡུལ་ནི་ལག་ཤེས་བཟོ་རྩལ་དེ་གྲོང་སྡེ་ནས་རྫོང་མཁར་དུ་ཁྱེར་ཏེ་མི་གཞན་ལ་སྟབས་བདེ་བསྐྲུན་ཞོར་རང་ཉིད་ཀྱང་དྲིལ་བསྒྲགས་གཏང་རྒྱུའི་ཆེད་དུ་ཡིན་ཞེས་བཤད། ད་ཆ་བསྟན་འཛིན་རྣམ་རྒྱལ་གྱིས་ཚོང་ཁང་ནང་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་འགྲེམས་བྱས་པར་མ་ཟད། དྲ་བའི་ཚོང་ལམ་བརྒྱུད་ནས་ཧོར་སྤོའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་དྲྭ་ཐོག་ནས་མང་ཚོགས་ཀྱི་མཐོང་ལམ་དུ་བསྟར་ཏེ་མི་དེ་བས་མང་པོས་གནའ་བོའི་ལག་ཤེས་བཟོ་རྩལ་དེར་རྒྱུས་ལོན་ཐུབ་པ་དང་ཆབས་ཅིག ལག་ཤེས་བཟོ་རྩལ་པར་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་གཏོད་ཐུབ་ཡོད།

     བསྟན་འཛིན་རྣམ་རྒྱལ་གྱིས་མེས་པོ་ཚོས་བཞག་པའི་རྩ་ཆེའི་ལག་རྩལ་དེར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལག་རྩལ་དེ་ལ་བརྟེན་ནས་ངས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་མ་ཟད། ང་ལ་རྒྱུན་ཆད་མེད་པར་ལག་རྩལ་ཡར་ཐོན་བརྩོན་ལེན་དང་ང་ཚོའི་བཟོ་རྩལ་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཀྱང་སྐྱེས་བྱུང་། སླད་ཕྱིན་ངས་སྔར་བཞིན་ལག་ཤེས་བཟོ་རྩལ་བརྒྱུད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག སྐུ་མགྲོན་རྣམས་ལ་དེ་བས་ལེགས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་རྒྱུ་ཡིན་ཞེས་བཤད་པ་རེད།

       ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་ཡུལ་ཧོར་སྤོའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ནི་གཙོ་བོ་ཧོར་སྤོ་སྡེ་ཁུལ་ནས་དར་བ་ཞིག་རེད་འདུག་ལ།སྡེ་ཁུལ་ཡོངས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་གཉེར་མཁན་གྱི་ཁྱིམ་ཚང407ཡོད་པ་དང་། ལས་ཞུགས་མི་སྣ634ལ་ཟིན་ཞིང་། དུས་ཚིགས་རང་བཞིན་གྱི་ལས་ཞུགས་མི་སྣ2000ལྷག་ཙམ་ཡོད་པ་རེད། གྲངས་གཞི་དེ་དག་ལས་ལོ་འདི་དག་གི་རིང་ལ་རང་ཁུལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་གི་བྱ་གཞག་ལ་སྲུང་སྐྱོང་ཤུགས་ཆེན་བྱས་པའི་གྲུབ་འབྲས་མངོན་ཞིང་། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་སྲུང་སྐྱོང་བྱ་རྒྱུ་དེ་ཚང་མའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་དང་འགྱུར་བཞིན་པ་ཡང་མངོན་པར་མཚོན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1