རྟ་མགྲིན་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ཞིང་། ཁོ་ནི་ཁོ་ཚོའི་སློབ་གྲྭའི་མིང་དུ་གྲགས་པའི་སློབ་མ་མ་རབས་ཤིག་ཡིན་པས། དུས་རྒྱུན་དུ་ལོ་རིམ་དམའ་བའི་སློབ་མར་ཐུབ་ཚོད་བྱེད་པར་མ་ཟད། སློབ་གྲྭའི་ཕྱི་ནང་ཀུན་ཏུ་དོན་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད། སློབ་གྲྭས་ཁོར་ཐེངས་མང་པོར་སྐྱོན་བརྗོད་སློབ་གསོ་བྱས་ཀྱང་ཕན་འབྲས་ཅི་ཡང་མ་བྱུང་བར། རྟ་མགྲིན་གྱིས་མུ་མཐུད་དུ་རང་སྣང་གང་ཤར་གྱིས་ག་ས་གང་དུ་དོན་རྐྱེན་འདྲ་མིན་སྣ་ཚོགས་བཟོ་བཞིན་འདུག །དམའ་འབྲིང་ལོ་རིམ་གསུམ་པ་ནི་མཐོ་འབྲིང་ལ་རྒྱུགས་སྤྲོད་པའི་ཆེས་མཐའ་མཇུག་གི་བསྐྱར་སྦྱང་དུས་རིམ་ཡིན་མོད། འོན་ཀྱང་རྟ་མགྲིན་གྱིས་ནན་ཏན་སྒོས་བསྐྱར་སྦྱང་མི་བྱེད་པར་མ་ཟད། ད་དུང་འཛིན་གྲྭའི་སློབ་མ་མ་རབས་འགའ་ཡིས་སྣེ་ཁྲིད་དེ་སློབ་ཁྲིད་ལ་མ་ཞུགས་པས་དགེ་རྒན་གྱིས་སློབ་ཁྲིད་བྱེད་ཐབས་མེད་པར་གྱུར། སློབ་གྲྭའི་བསམས་པར་སློབ་མ་འདིར་དངོས་གནས་སློབ་གསོ་བཏང་ཡང་ཕན་འབྲས་ཅི་ཡང་མེད་པར་མ་ཟད། སློབ་གྲོགས་གཞན་ལའང་གནོད་པ་ཚབས་ཆེན་ཐེབས་པས་སློབ་གྲྭ་ནས་ཕྱིར་འཕུད་པར་ཐག་བཅད། དེས་ན་སློབ་གྲྭ་ལ་སློབ་མ་ཕྱིར་འཕུད་པའི་དབང་ཆ་ཡོད་དམ།
ཁྲིམས་བཤད།
གྱོད་གཞི་འདི་སློབ་གྲྭར་ནར་མ་སོན་པའི་སློབ་མ་སློབ་གྲྭ་ནས་ཕྱིར་འཕུད་པའི་དབང་ཆ་ཡོད་མེད་ཀྱི་བཅའ་ཁྲིམས་གནད་དོན་དང་འབྲེལ་ཡོད་ཅིང་། རྟ་མགྲིན་ཡོད་སའི་སློབ་གྲྭར་སློབ་མ་སློབ་གྲྭ་ནས་ཕྱིར་འཕུད་པའི་དབང་ཆ་མེད།
ནར་མ་སོན་པའི་མིའི་བློ་རིག་ད་དུང་ནར་སོན་མེད་ལ། བསམ་བློ་ཡང་ཧ་ཅང་འཐུས་ཚང་ཞིག་མིན་པས། རང་ཉིད་ཚོད་འཛིན་གྱི་ནུས་པ་ཅུང་ཞན། ནར་མ་སོན་པའི་སློབ་མ་ལ་ལས་སློབ་གྲྭ་རུ་ཡོད་དུས་དོན་རྐྱེན་མང་པོ་བཟོས་པས་སློབ་གྲྭས་དེར་སྐྱོན་བརྗོད་སློབ་གསོ་བྱས་ཀྱང་ཕན་འབྲས་ཅི་ཡང་མེད་པར་བསམས་ནས། སློབ་གྲྭ་ལས་འཕུད་བཞིན་ཡོད། འོས་འགན་སློབ་གསོའི་བར་སྐབས་སུ་སློབ་གྲྭས་སློབ་འབྲིང་སློབ་མ་ལ་ལའི་སྒྲིག་འགལ་གྱི་བྱ་སྤྱོད་རྒྱུ་རྐྱེན་བྱས་ཏེ་ཁོ་ཚོ་སློབ་གྲྭ་ནས་ཕྱིར་འཕུད་མི་ཆོག །རྒྱུ་མཚན་ནི་ཁོ་ཚོ་ད་དུང་ནར་མ་སོན་པའི་མི་ཡིན་ཞིང་། སྒྲིག་འགལ་གྱི་བྱ་སྤྱོད་ནི་ཁོ་ཚོ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་འབྱུང་སྲིད་པའི་གནད་དོན་ཡིན་པ་ལས། ཁོ་ཚོས་སློབ་གསོ་དང་ལེན་མི་བྱེད་པའམ་ཡང་ན་ནར་སོན་རྗེས་རང་སྐྱོན་བཅོས་བསྒྱུར་བྱ་མི་སྲིད་པ་མཚོན་མི་ཐུབ།
རང་རྒྱལ་གྱི《 ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས།》 ཀྱི་དོན་ཚན་18པའི་གཏན་ཁེལ་ལྟར་ན། "སློབ་གྲྭས་ནར་མ་སོན་པའི་སློབ་མའི་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྩི་འཇོག་བྱ་འོས་ཤིང་། སློབ་མར་སེམས་ཁུར་དང་གཅེས་སྤྲས་བྱེད་པ་དང་། ཀུན་སྤྱོད་ཞན་པ་དང་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་མར་སེམས་ཞིབ་མོས་སློབ་གསོ་དང་རོགས་རམ་བྱེད་པ་ལས། མཐོང་ཆུང་བྱ་མི་རུང་ལ། བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་གཏན་ཁེལ་དང་འགལ་ཏེ་ནར་མ་སོན་པའི་སློབ་མ་སློབ་གྲྭ་ནས་དེ་བས་ཀྱང་ཕྱིར་འཕུད་མི་ཆོག"ཅེས་བཀོད་ཡོད།
སློབ་གསོ་མྱོང་བ་ནི་ནར་མ་སོན་པའི་མིའི་ཁེ་དབང་ཡིན། སྦྱངས་འབྲས་ཞན་པ་དང་ཀུན་སྤྱོད་ངན་པའི་ནར་མ་སོན་པའི་སློབ་མར་སློབ་གྲྭ་དང་དགེ་རྒན་གྱིས་རོགས་རམ་བྱེད་པ་ལས་མཐོང་ཆུང་བྱ་མི་རུང་ལ། ལྷག་པར་གང་འདོད་དུ་ཆད་པ་གཅོད་པ་དང་སློབ་གྲྭ་ལས་འབུད་པར་བཀའ་ཕབ་པ། སློབ་གྲྭ་ནས་འཕུད་པ་སོགས་བྱ་མི་ཆོག །སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པའི་ནར་མ་སོན་པའི་སློབ་མར་སློབ་གྲྭས་ཁ་ཏ་སློབ་གསོ་དང་རོགས་རམ་བྱ་འོས་ཤིང་། དངོས་གནས་ཆད་པ་གཅད་དགོས་ཚེ་སློབ་གྲྭས་ནར་མ་སོན་པའི་སློབ་མའི་ལྟ་སྲུང་མཁན་ལ་རྒྱུ་རྐྱེན་བཤད་དགོས་པར་མ་ཟད། ཁོ་ཚོའི་བསམ་འཆར་ལའང་ཉན་དགོས་ཤིང་། འདྲ་མཉམ་དང་དྲང་གཞག་གི་རྩ་དོན་གཞིར་བཟུང་སྟེ་ཆད་གཅོད་ཐག་གཅོད་བྱ་དགོས།
རང་རྒྱལ་གྱི《 ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས།》ཀྱི་དོན་ཚན་49དང་51པའི་གཏན་ཁེལ་ལྟར་ན། "སློབ་གྲྭས་ཆད་གཅོད་བྱས་པ་ཁས་ལེན་བྱ་མི་འདོད་ཚེ། ནར་མ་སོན་པའི་སློབ་མའམ་ཡང་ན་ཕ་མས་གཙོ་གཉེར་གྱི་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ཞུ་གཏུག་བྱས་ཏེ། ཁོ་ཚོར་ཐག་གཅོད་བྱ་རུ་བཅུག་ཆོག" ཅེས་བཀོད་ཡོད།
གྱོད་གཞི་འདིའི་ཁྲོད། རྟ་མགྲིན་གྱི་ཀུན་སྤྱོད་མི་ལེགས་མོད། འོན་ཀྱང་ཁོ་ནི་ནར་མ་སོན་པའི་མི་ཡིན་པས་བློ་རིག་ད་དུང་འཚར་ལོངས་བྱུང་མེད། དེའི་རྐྱེན་གྱིས་སློབ་གྲྭས་ཁ་ཏ་དང་སློབ་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁོར་ནོར་འཁྲུལ་བཅོས་བསྒྱུར་བྱེད་པར་རོགས་རམ་བྱ་འོས་པ་ལས། སློབ་གྲྭ་ནས་འཕུད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་སྤེལ་མི་ཆོག །
(ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།)