༄༅།།ཀུན་སྐྱོབ་དགོན་དང་ནོར་མང་མཆོད་རྟེན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27



རྣམ་དཀར་ལྷ་མོ།

ལྷ་མོའི་རྒྱ་མཚའོ་ཁའི་སྤྱན་རས་གཟིགས།

        གྲུ་འཛིན་རི་བོ་ནི་ཤར་རྒྱ་མཚོའི་སྟེང་དུ་གནས་ཤིང་། ངག་རྒྱུན་ལ་དེ་ནི་སྤྱན་རས་གཟིགས་ཀྱི་གདན་ས་ཡིན་པར་མ་ཟད། ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་ཆོས་ལུགས་ཀྱི་གནས་རི་ཆེན་པོ་བཞིའི་ཡ་གྱལ་དུ་གྲགས། དེ་བས་བོད་ཡུལ་གྱི་དད་ལྡན་མང་ཚོགས་རྣམས་ཀྱི་མཆོད་མཇལ་དང་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། དེ་ཡང་ཀུན་སྐྱོབ་དགོན་ནི་གྲུ་འཛིན་རི་བོའི་སྤྱན་རས་གཟིགས་མཆོད་པའི་ལྷ་ཁང་གཙོ་བོ་རེད། དགོན་པ་འདི་ཐོག་མར་སུང་རྒྱལ་རབས་ཀྱི་དུས་སུ་བཏབ་ཅིང་། ཐོག་མའི་མཚན་ལ་འཕགས་པ་མི་སྐྱོད་སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ་གསོལ། ཐང་རྒྱལ་རབས་ཀྱི་ཏཱ་ཀྲུང་ལོ་རབས་དུ་(847ལོ་ནས་859ལོའི་བར།)ལྗར་པན་གྱི་དགེ་འདུན་པ་ཧུའེ་ཨུ་ཡིས་གྲུ་འཛིན་རི་བོ་ནས་སྤྱན་རས་གཟིགས་ཀྱི་སྐུ་གདན་དྲངས་ཏེ་ཕྱིར་ལོག་སྐབས། དྲག་རླུང་གིས་བཀག་འགོག་བྱུང་བས་མཚོ་ངོགས་སུ་བསྐྱོད་ཅིང་རི་མི་ཀྲང་ལགས་དང་མཉམ་དུ་ཁྲའོ་དབྱིན་བྲག་ཕུག་ཏུ་དགོན་པ་འདི་བཏབ་ནས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་དེ་རྟེན་དུ་བཞག །རྗེས་སུ་ལིའང་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཀྲེན་མིང་གི་སྐབས་སུ(915ལོ་ནས་920ལོའི་བར།)“འཕགས་པ་མི་སྐྱོད་སྤྱན་རས་གཟིགས་ཀྱི་ལྷ་ཁང”ནས་དགོན་པར་རྒྱ་བསྐྱེད་མཛད་ཅིང་མཐར་ད་ལྟའི་གནས་འདིར་སྤོས།

ཀུན་སྐྱོབ་དགོན་གྱི་ཟུར་གཅིག


        དེ་བཞིན་སུང་རྒྱལ་རབས་ཀྱི་དུས་ནས་མཆོད་མཇལ་མང་དུ་ཕྱིན་པ་དང་། སུང་རྒྱལ་རབས་ཀྱི་ཅཱ་ཏིང་ཁྲི་ལོ་བདུན་པར་(1214ལོ།)གོང་མས“སྟབས་བསྟུན་ལྷ་ཁང”ཞེས་པའི་སྒོ་བྱང་ཕྱག་བྲིས་གནང་བ་དང་སྤྱན་རས་གཟིགས་ཀྱི་སྐུ་ཁོ་ན་མཆོད་པའི་དགོན་པར་གཏན་འཁེལ་མཛད། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་བཅུ་དགུ་པར་(1421ལོ།)མཚོ་རྒྱ་བསྡམས་ཏེ། དམག་དཔོན་ཐང་ཧུའུ་ཡིས་གོང་མས་བཀའ་མངགས་ལྟར་དགོན་པ་མེར་བསྲེགས་བཏང་བར་མ་ཟད། དགེ་འདུན་པ་ཡོངས་མིང་ཀྲུའུ་ཡི་ཆོས་འཁོར་དགོན་(栖心寺)ཏེ་ད་ལྟའི་ཉིང་པའོའི་མཆོད་རྟེན་བདུན་གྱི་དགོན་པར་གནས་སྤོ་བྱས་ཡོད་དེ། མིང་ཞའོ་ཙུང་ཧུང་ཀྲི་ཁྲི་ལོ་དང་པོར་(1488ལོ།)གཞི་ནས་བསྐྱར་བཞེངས་བྱས། མིང་ཧྲེན་ཙུང་ཝན་ལི་ཁྲི་ལོ་སོ་གསུམ་པར་(1605ལོ།)གོང་མའི་སྲིད་གཞུང་གིས་ཉུག་རུམ་པ་ཀྲང་ཆན་བཀའ་མངགས་མཛད་དེ་གླ་རྒོད་རི་བོའི་འདབས་རོལ་དུ་སྤྱན་རས་གཟིགས་ཀྱི་དགོན་པ་རྒྱས་བསྐྲུན་གནང་བར་མ་ཟད། “རྒྱལ་སྲུང་ཚེ་རིང་གྲུ་འཛིན་སྒོམ་ཆེན་དགོན”ཞེས་པའི་སྒོ་བྱང་གནང་ཡོད། ཁང་ཞི་ཁྲི་ལོ་བརྒྱད་པར་(1669ལོ།) ཧོ་ལན་གྱི་མི་སེར་སྤེལ་མཁན་གྱིས་གྲུ་འཛིན་རི་བོ་ལ་བཙན་འཛུལ་བྱས་ཏེ་འདུ་ཁང་མ་གཏོགས་གཞན་དག་ཚང་མར་གཏོར་བཤིག་ཚབས་ཆེན་ཕོག དེ་ནས་ཁང་ཞི་ཁྲི་ལོ་སོ་བརྒྱད་པར་(1699ལོ།)རྒྱལ་སྲུང་ཚེ་རིང་གྲུ་འཛིན་སྒོམ་ཆེན་དགོན་སླར་གསོ་མཛད་ཅིང་“སེམས་ཅན་མཐའ་དག་སྡུག་སྒྲོལ་བྱམས་སྐྱོང་མཛོད”ཅེས་པའི་སྒོ་བྱང་གནང་བ་དང་། དུས་དེ་ནས་བཟུང་“ཀུན་སྐྱོབ་དགོན”ཞེས་གྲགས། ལོ་ངོ་བཅུ་རིང་གི་ཟིང་འཁྲུག་ཁྲོད་དུ་གཏོར་བརླག་ཐེབས་པའི་དགོན་པ་དེ་1979ལོར་ད་གཟོད་ཕྱོགས་ཡོངས་ནས་སླར་གསོ་ལེགས་གྲུབ་བྱུང་།
        སྤྱིར་བཏང་ཀུན་སྐྱོབ་དགོན་དུ་སྐྱོད་དགོས་ན་རྡོའི་སྒོ་སྟར་ཅིག་བརྒྱུད་དགོས་ཤིང་། སྒོ་སྟར་ནང་གི་བྱང་གཞོགས་ན་རྡོ་རིང་ཞིག་གི་ཐོག་ཏུ“ཞི་དྲག་དཔོན་རིགས་དང་དམག་དམངས་ཀྱིས་དེ་གར་རྟ་ལས་བོབས་ཤིག”ཅེས་པར། དེ་ནི་གོང་མས་བཀའ་ཡིན་པར་སྐད་དེ། སྔོན་ཆད་དཔོན་རིགས་དེ་གར་སླེབས་སྐབས་ཞི་དཔོན་གྱིས་འགྱོགས་བྱམས་ཕབ་ཅིང་དྲག་དཔོན་རྣམས་རྟ་ལས་བབས་ཏེ་སྤྱན་རས་གཟིགས་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད།
        ཀུན་སྐྱོབ་དགོན་པར་མཇལ་སྐོར་དུ་ཕྱིན་ན་ནོར་མང་མཆོད་རྟེན་ནི་ལྷག་མི་རུང་བ་ཞིག་རེད། མཆོད་རྟེན་དེའི་ལོ་རྒྱུས་སྐོར་ནས་ངག་རྒྱུན་འདི་འདྲ་ཞིག་འདུག་སྟེ། ཡོན་རྒྱལ་རབས་ཀྱི་སྐབས་སུ། དགེ་འདུན་པ་ཧྥུའུ་ཀྲུང་ཅང་ནན་དུ་འབྱོར་ཞིང་། ཀུའུ་སུའུ་ས་ཆར་རྡོ་རིགས་སྤུས་ཅན་ཐོན་པ་མཐོང་ནས་མཆོད་རྟེན་བཞེངས་བའི་ཐུགས་འདུན་ཐོག་མར་བྱུང་། དགེ་འདུན་པ་ཧྥུའུ་ཀྲུང་ནི་ཀྲེ་ཅང་ཧྥུང་ཧྭ་ནས་ཡིན་ཞིང་ཡོན་ཧྲིན་གོང་མས་ཁོང་ལ“སྒོམ་ཆེན་ཁྱབ་བདག་ངོ་མཚར་ཤེས་རབ་ཀུན་མཁྱེན་ཆོས་དར།”ཞེས་མཚན་གནང་བ། ཁོང་གིས་མི་ལོ་14ཡི་རིང་ཀུན་སྐྱོབ་དགོན་གྱི་ཁྲི་བ་གནང་ཞིང་བརྩོན་འགྲུས་བབ་ཆགས་ཀྱིས་སྐད་གྲགས་ཆོད་པ་དང་དགོན་པ་བཞེངས་བསྐྲུན་གྱི་ཆེད་དུ་ཐེངས་མང་པོར་ས་ཆ་སོ་སོར་བསོད་སྙོམས་སློང་བར་ཕེབས་ཏེ། ཅང་ནན་ས་ཆའི་རྒྱལ་ཕྲན་རྒྱལ་པོ་རྣམས་ཀྱིས་སྣེ་ལེན་ཟབ་རྒྱས་གནང་། རྒྱལ་སྲས་ཤོན་རང་ཝང་སོགས་ཀྱིས་ཞལ་འདེབས་ཕུལ་ཏེ་ནོར་མང་མཆོད་རྟེན་བཞེངས་བས། མིང་གཞན་ལ“རྒྱལ་སྲས་མཆོད་རྟེན”ཀྱང་སྐད།
        ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀུན་སྐྱོབ་དགོན་དང་ཁ་གཏད་ཀྱི་ཚངས་པའི་རིའི་བར་དུ་བྱེ་ཐང་དང་རྒྱ་མཚོ་ཆགས་ཡོད་སྟབས། ཆུ་བྲིན་སྐབས་མཚོ་རླབས་སྒོ་སྔུན་དུ་འཕྱུར་བ་དང་། ལྷག་པར་དུ་ལུགས་རྙིང་གི་ཟླ་བརྒྱད་པའི་སྐབས་སུ་མཚོ་རླབས་འཕེལ་འགྲུབ་དེ་བས་ཚབས་ཆེན་ཡིན་པས་དགོན་པར་གོད་ཆག་མང་པོ་ཐེབས།
        ལོ་ཞིག་གི་ཟླ་མཆོད་དུས་ཆེན་ལ་ཡོན་རྒྱལ་རབས་ཀྱི་རྒྱལ་སྲས་ཤོན་རང་ཝང་གྲུ་འཛིན་རི་བོར་སྤྲོ་འཆམ་དུ་ཕེབས་པ་དང་། ཉིན་གཅིག་གི་མཚན་མོར། རྒྱལ་སྲས་ཀུན་སྐྱོབ་དགོན་པའི་ཆོས་སྒོའི་མདུན་དུ་མཚན་ལྗོངས་ལ་རོལ་བཞིན་པའི་སྐབས། གློ་བུར་དུ་རླུང་འཚུབ་ཅིག་གིས་ཁོང་ས་ཐོག་ཏུ་འགྱེལ་བ་དང་། དབུ་ཞྭ་ཡང་མཚོ་ནང་དུ་ལྷུང་། དེ་བཞིན་རྒྱལ་སྲས་འཇིག་སྐྲག་གི་ཚུལ་གྱིས་སྒོམ་ཆེན་ཧྥུའུ་ཀྲུང་ལ་གནས་ཚུལ་ཅི་ཡིན་དྲིས་པ་ན། སྒོམ་ཆེན་ཧྥུའུ་ཀྲུང་གིས་རྒྱལ་སྲས་ལ་འདི་ལྟར་ལན་བཏབ། ཆོས་སྒོའི་མདུན་གྱི་བྱེ་ཐང་འོག་ཏུ་འབྲུག་ཆུང་ཞིག་ཉལ་ཡོད་པ་དང་། ལོ་རེའི་ཟླ་མཆོད་དུས་ཆེན་ཀྱི་སྐབས་སུ་དབུགས་འཚང་བ་དང་འགྲེ་ལོག་བརྒྱབ་ནས་ལུས་པོ་བརྐྱང་བསྐུམ་བྱེད་བཞིན་ཡོད་པས། རླུང་འཚུབ་དང་མཚོ་རླབས་འཕྱུར་ནས་མི་རྣམས་ལ་གོད་ཆག་བཟོ་བ་རེད། རྒྱལ་སྲས་ཀྱིས་ལན་དེ་ཐོས་པ་ན་ཧ་ལས་པའི་ངང་ནས་འདི་སྐད་དྲིས། དེ་ན་ཐབས་ཤེས་ཅི་ཡོད་དམ། སྒོམ་ཆེན་ཧྥུའུ་ཀྲུང་གིས་ལན་དུ། མཆོད་རྟེན་ཞིག་བཞེངས་ན་འབྲུག་དེ་གནོན་ཐུབ། རྒྱལ་སྲས་ཐུགས་དགྱེས་པའི་ཚུལ་གྱིས་འདི་སྐད་གསུངས། འོ་ན་ངས་ཡབ་རྒྱལ་པོར་བཀའ་ཞུ་བྱས་ཏེ་མཆོད་རྟེན་ཞིག་བཞེངས་ཤིག་ཟེར། ཕྱི་ཉིན། སྒོམ་ཆེན་ཧྥུའུ་ཀྲུང་གིས་ཨར་བཟོ་པ་འགའ་ཞིག་ཁྲིད་དེ་ཚངས་པའི་རི་བོའི་རི་ཁའི་བྱེ་ཐང་དུ་སླེབས་ཏེ། བྱེ་མ་སྤར་ཁ་གང་སྣ་སྒོར་བཅར་ནས་སྣོམ་སྣོམ་བྱས་པ་དང་། པུས་མོ་གཉིས་སར་བཙུགས་ཏེ་རྣ་བ་ས་ངོར་སྦྱར་ནས་ཉན་ཉན་ཞིག་བྱས་མཐར། འཁར་བསིལ་གྱིས་ས་ངོས་སུ་སྒོར་དབྱིབས་ཤིག་བྲིས་ཏེ། འདི་ནས་ཀ་བ་བཙུགས་ཏེ་མཆོད་རྟེན་བཞེངས་ཆོག །རྒྱུ་མཚན་ནི་འབྲུག་དེ་འདུལ་དགོས་ན་འབྲུག་གི་མུད་པའི་མཚམས་སུ་གནོན་དགོས་ཞེས་གསུངས། དེ་བཞིན་ལོ་གཅིག་འགོར་རྗེས་ཟུར་བཞི་ཅན་གྱི་མཆོད་རྟེན་ཞིག་ལེགས་གྲུབ་བྱུང་། དེ་ནི་ད་ལྟའི་ནོར་མང་མཆོད་རྟེན་ཡིན་པ་དང་། དུས་དེ་ནས་བཟུང་། ཀུན་སྐྱོབ་དགོན་ལ་རླུང་འཚུབ་དང་ཆུ་ལོག་གི་གནོད་སྐྱོན་ཐེབས་མ་མྱོང་ཞེས་པའི་བཤད་སྲོལ་འདུག ། བྲིས་མཚམས་འདི་ནས་གུས་མོའང་གྲུ་འཛིན་རི་བོ་དང་ལྷག་པར་དུ་ཀུན་སྐྱོབ་དགོན་ལ་མཇལ་སྐོར་ཐེངས་གཅིག་འགྲོ་བའི་འདུན་པ་དབང་མེད་སྐྱེས་བྱུང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1