༄༅།།《ཞིང་གྲོང་གི་གཉེན་ཉེ་ཚོ》ཞེས་པའི་སྙན་ངག་གི་སྐད་ཆའི་སྦྱོར་ལུགས་དང་མཛེས་ཉམས།

ལྷ་མོ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-01



ལྷ་མོ་ཚེ་བརྟན། བོད་ལྗོངས་སློབ་གྲྭ་ཆེན་མོ།
གཅིག སྐད་ཆའི་སྦྱོར་ལུགས།
        ཡིད་འགྱུར་སྙན་ངག་ཅིག་ལ་མཚོན་ན་སྐད་ཆའི་སྦྱོར་ལུགས་ནི་ཧ་ཅང་གལ་ཆེན་ཞིག་རེད། “སྙན་ངག་ནང་གི་ལྗོངས་དངོས་ནི་རང་བྱུང་གི་བྱ་དངོས་ཇི་བཞིན་ག་ལ་ཡིན། དེ་སྙན་ངག་ཏུ་སྐད་ཆའི་སྦྱོར་བ་ཞིག་ཡིན་ལ། དེས་བརྩམས་ཆོས་ཁྲོད་བསྐྲུན་པའི་ཡིད་འགྱུར་ནི་སྐད་ཆའི་སྦྱོར་ལུགས་ཀྱི་རོགས་འདེགས་དང་འབྲེལ་བ་དམ་པོ་ཡོད།①”ཞེས་པ་ལྟར། སྐད་ཆའི་སྦྱོར་ལུགས་ནི་སྙན་ངག་ནང་གི་ལྗོངས་སམ་བྱ་དངོས་ཀྱིས་ཡིད་འགྱུར་གྱི་འབྲས་བུ་ཐོན་པར་ཐད་ཀར་འབྲེལ་བ་ཡོད།《ཞིང་གྲོང་གི་གཉེན་ཉེ་ཚོ》ཞེས་པ་སྙན་ངག་ཡག་པོ་ཞིག་ཡིན་པ་ཐོག་མར་གང་གི་སྟེང་ནས་མངོན་འདུག་ཟེར་ན། ཚིགས་སུ་གཅོད་ལུགས་ཀྱི་སྟེང་ནས་མངོན་ཡོད། སྙན་རྩོམ་འདིའི་ཚིག་རྐང་སོ་སོའི་ཚིགས་མཚམས་གཅོད་ལུགས་ཤིན་ཏུ་ལེགས། ཚིག་སྣ་ཐུང་ཞིང་ཚིག་རྐང་གི་མཇུག་ཚིག་ཕྲད་དུ་ཁེལ་མེད་པས། སྐད་ཆ་ལ་ཚིག་ལྷག་གི་ལྷན་པ་མེད་པར་སྐད་ཆའི་དྭངས་གཙང་དང་མཛེས་སྡུག་གི་ཆ་ལྷུར་ལེན་ཐུབ་ཡོད། དེའི་སྟེང་སྔུན་གྱི་ཚན་པ་གསུམ་པོའི་ཚིག་སྣ་རིང་ཐུང་སྡེབ་སྒྲིག་བྱེད་སྟངས་ཕན་ཚུན་ཤིན་ཏུ་ཆ་འགྲིག་པས་སྐད་ཆའི་སྦྱོར་ལུགས་ཀྱིས་སྙན་ངག་འདི་ལ་ཕྱིའི་རྣམ་པའི་མཛེས་ཉམས་ཆེན་པོ་ཞིག་དོད་འདུག “རྣམ་པ་རང་སྟེང་གི་ཆ་ནས་ཀྱང་ཐོག་ཁང་གི་དྲ་གླེགས་སོགས་ཆ་འགྲིག་ལ་དགའ་བ་དང་གོས་ཀྱི་ལྡ་ལྡི་སོགས་རིང་ཐུང་འཚམ་པར་གཏོད་པ་ལ་དགའ་བའི་སེམས་ཁམས་དང་མཛེས་འཛིན་ལྟ་བ་ཞིག་འབྲེལ་ཡོད་སྙམ།②”ཞེས་གསུངས་པ་ལྟར། སྐད་ཆའི་སྦྱོར་ལུགས་ཀྱི་རྣམ་པས་སྙན་ངག་པའི་སེམས་ཁམས་དང་མཛེས་འཛིན་གྱི་ལྟ་བ་མངོན་པས་རྣམ་པ་རང་སྟེང་གི་ཆ་ལའང་མཛེས་རྟོག་གི་རིན་ཐང་ངེས་ཅན་ལྡན་ཡོད། རྩོམ་རིག་གཞུང་ལུགས་སུ་རྣམ་པ་ནི་ནང་དོན་གྱི་རེ་བ་ལྟར་གཏན་འཁེལ་བྱས་པ་དང་། རྣམ་པ་ནི་ནང་དོན་ནོ་ཞེས་པ་ལྟར། སྙན་ངག་འདི་ལ་མཚོན་ན་རྣམ་པ་ནི་ནང་དོན་དང་འབྲེལ་བ་མེད་པའི་ཕྱི་རོལ་ཏུ་གནས་པའི་ཆོས་ཤིག་མ་ཡིན།
        འཚོ་བའི་ཁྲོད་ང་ཚོར་མྱོང་བ་འདི་འདྲ་ཞིག་ཡོད་སྲིད། སྤྱིར་བཏང་གཏམ་རྒྱུད་ཅིག་བཤད་པའི་སྐབས་སུའང་སྒྲ་གདངས་མཐོ་དམའ་དང་འདེགས་འཇོག་ཡོད་ན། དེ་ལ་སྔར་བས་ནང་སེམས་ཀྱི་ཆགས་སྡང་མཚོན་པ་དང་མི་སེམས་འགུག་པའི་སྒྱུ་འཕྲུལ་འཛོམས་པ་བཞིན། སྙན་ངག་ལ་དེ་བས་ཀྱང་བཤད་མ་དགོས། བཙན་པོའི་སྐབས་སུ“ནི་སྒྲ”ཡིས་རྒྱལ་བློན་དག་གི་དགའ་སྐྱོའི་ཡིད་འགྱུར་ཚིགས་སུ་བསྡེབས་པའི་མགུར་གླུ་ལ་དབྱངས་ཀྱི་འདེགས་འཇོག་ཅིག་དོད་པས། འཇུ་སྐལ་བཟང་གིས“ཁ་བ་རི་བའི་ཐུན་མོང་མིན་པའི་སྙན་ངག་གི་རྣམ་པ་མགུར་ཞེས་པའི་དྲི་ཟའི་རོལ་མོ་དང་པོ་འདི་ནས་སྦྲེངས་པ་ཡིན་ནོ། །” “ནི་སྒྲ་ཡོད་མེད་ལ་རྒྱ་གླིང་གི་རང་སྒྲ་ལ་སོར་མོའི་འདེགས་འཇོག་བསྒྱུར་མ་བསྒྱུར་ཙམ་གྱི་ཁྱད་པར་ཡོད་དོ། །”ཞེས་ཡིད་འགྱུར་སྙན་ངག་ལ་དབྱངས་འགྲོས་གལ་ཆེ་ལུགས་བརྗོད་ཡོད།
        སྙན་ངག་འདིའི་སྐད་ཆའི་སྦྱོར་ལུགས་ཀྱིས་དབྱངས་འགྲོས་ཀྱི་མཛེས་ཉམས་ལ་གཙིགས་ཆེན་བྱས་ཡོད་པས། དབྱངས་འགྲོས་ཀྱི་དགེ་མཚན་གྱིས་སྙན་ངག་ལ་སྔར་བས་བརྩེ་ཚོར་སློང་བའི་ཐབས་འཕྲུལ་ལྡན་ཡོད། བྱེ་བྲག་ཚིག་ཕྲེང་དང་ཚིག་འབྲུའི་སྦྱོར་ལུགས་ནས་སྤྱི་ཁོག་ཚན་པ་དང་ཚན་པའི་བར་ཚང་མར་དབྱངས་འགྲོས་ཀྱི་མཛེས་ཉམས་ཆེན་པོ་དོད་ཡོད།

ངའི་གཅེས་མིང་ནས་འབོད་མཁན་དག
སྔོ་ཡུག་ཡུག་གི་ཞིང་ཐེམ་དུ་འགྲོ་བཞིན་ཡོད།
སྔོ་ཡུག་ཡུག་གི་ངོ་གདོང་། སྔོ་ཡུག་ཡུག་གི་སྐད་ཆ།
གྲོ་མྱུག་གི་མངར་དྲིས་ཁྱབ་པའི་འབོད་སྐད་དེས།
ང་ལ། སྔོ་ཡུག་ཡུག་གི་བྱིས་བློ་དྲོན་མོ་ཞིག་བསྐྱེད་བྱུང་།
        ཞེས་པ་ལྟ་བུ། “སྔོ་ཡུག་ཡུག”ཅེས་སྒྲ་མཚུངས་པའི་དབྱངས་འགྲོས་དང་། “སྔོ་ཡུག་ཡུག་གི་ངོ་གདོང་། སྔོ་ཡུག་ཡུག་གི་སྐད་ཆ།”ཞེས་བསྐྱར་ཟློས་ཀྱི་དབྱངས་འགྲོས། དབུགས་ཀྱི་ངལ་གསོ་འཇོག་ལུགས་དང་དབྱངས་ཀྱི་རིང་ཐུང་སོགས་སྙན་ངག་གི་རྣམ་ཤེས་འཁྱུད་སའི་དབྱངས་འགྲོས་ཀྱི་མཛེས་པས་ལྗོངས་ཀྱི་བཀོད་པར་བརྩེ་ཚོར་གྱི་ཁ་དོག་འབྱུག་ཅིང་། ཕུན་སུམ་ཚོགས་པའི་འཆར་ཡན་གྱི་བར་སྟོང་བསྐྲུན་པ་ཡིན། གཞན་སྙན་ངག་འདིའི་སྔུན་གྱི་ཚན་པ་གསུམ་པོའི་ཚིག་གི་སྒྲིག་རིམ་ཕན་ཚུན་ཤིན་ཏུ་ཆ་འགྲིག་པས། ཚན་པ་དང་ཚན་པའི་བར་དུའང་བསྐྱར་ཟློས་ཀྱི་དབྱངས་འགྲོས་ཤིག་རེས་ཀྱིས་འཁོར། བསྐྱར་ཟློས་ཀྱི་དབྱངས་འགྲོས་འདིས་རྩོམ་པ་པོའི་ཞིང་གྲོང་གི་དུངས་ཞེན་དང་མངར་སྐྱུར་གྱི་དྲན་པ་མཐའ་དག་དབྱངས་ལ་འགུག་པས་སྙན་ངག་གི་ཁམས་བསྐྲུན་པར་ཤུགས་འདོན་ནོ། །
        སྙན་ངག་གི་སྐད་ཆའི་སྦྱོར་ལུགས་ཀྱིས་ཚོན་མདོག་དང་ཉམས་ཀྱི་མཛེས་པའང་བསྐྲུན་པ་ཡིན། དཔེ་གཞི་གཙོ་བོ“སྔོ་ཡུག་ཡུག”ཅེས་པའི་མཛེས་ཚོར་གྱིས་ཕྱུག་པའི་ཐ་སྙད་འདི་ཡིན།

“ངའི་གཅེས་མིང་ནས་འབོད་མཁན་དག

སྔོ་ཡུག་ཡུག་གི་ཞིང་ཐེམ་དུ་འགྲོ་བཞིན་ཡོད།”

        ཅེས་པ་ལྟ་བུ། “སྔོ”ཞེས་པའི་ཚོན་རིས་ཀྱི་མཛེས་པ་དང“ཡུག་ཡུག”ཅེས་པའི་བརྩེ་གདུང་དང་ཉམས་ཀྱི་མཛེས་པ་མཉམ་དུ་འཕྲད་པའི་རྟེན་འབྲེལ་ལས། ཚིག་ཕྲེང་འདི་གཉིས་པོ་ཁད་ཀྱིས་མྱངས་ཚེ་ཡིད་ཀྱི་དབང་པོ་ཀུན་ནས་གཡོས་ཏེ་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་ཞིག་དང་འདྲ་བའི་སྙན་ངག་གི་ཁམས་སུ་ཁྲིད་འགྲོ།

        སྙན་ངག་གི་སྐད་ཆའི་སྦྱོར་ལུགས་ཀྱིས་འབྱམས་ཀློང་གི་མཛེས་པའང་བསྐྲུན་པ་ཡིན། འབྱམས་ཀློང་མེད་པའི་སྙན་ངག་ནི་ནང་སེམས་ཀྱི་ཚོར་བའི་ལྷུག་རྗོད་དུ་གྱུར་པས་ཀློག་པ་པོའི་སེམས་སུ་རང་ངོས་ནས་རྒྱས་པའི་སྟོབས་ཡོད་པ་མ་ཡིན། སྙན་ངག་འདིའི་དཔེ་གཞི་ནི་ཚན་པ་སོ་སོའི“ང་ལ།”ཞེས་པ་ནས་སྙན་ངག་གི་རྗོད་པའི་སྒྲིག་གཞི་དངོས་བརྙན་ནས་རྟོག་པའི་འཇིག་རྟེན་ཞིག་ཏུ་སྒྱུར་མགོ་བརྩམས་ཡོད།

“ངའི་གཅེས་མིང་ནས་འབོད་མཁན་དག
བ་གླང་གི་ངུར་སྒྲ་འཚོ་བཞིན་ཆུ་འགྲམ་དུ་འགྲོ་བཞིན་ཡོད།
སྔོ་ཡུག་ཡུག་གི་ཆུ་མོ། སྔོ་ཡུག་ཡུག་གི་མིག་ཟུང་།
ངལ་དུབ་ཀྱི་སེམས་པ་སྲུང་བའི་འབོད་སྐད་དེས།
ང་ལ། སྔོ་ཡུག་ཡུག་གི་ཁང་ལེབ་ཀླད་ཀྱི་དུ་མོག་དེ་དྲན་དུ་བཅུག”
        ཅེས་པ་ལྟ་བུ། སྤྱིར་སྙན་ངག་ནང་གི་བྱ་དངོས་ཀུན་སྙན་ངག་པའི་རྟོག་པའི་འཇིག་རྟེན་ཞིག་ཏུ་བབས་པ་ཡིན་མོད། ལྟོས་བཅས་ཀྱི་འབྲེལ་བས“ང་ལ།”ཞེས་པའི་སྔུན་གྱི་རྗོད་པ་དངོས་བརྙན་དུ་འགྲོ་ཞིང་། གཞུག་གི“ཁང་ལེབ་ཀླད་ཀྱི་དུ་མོག་དེ”ཞེས་པ་ནི་སྙན་ངག་པའི་རྟོག་པའི་འཇིག་རྟེན་ཁོ་ན་རུ་གྱུར་ཡོད། འདི་ལྟའི་ཁ་གཏད་དང་གཤིབ་བསྡུར་བགྱི་ཆོག་པའི་ཆོས་གཉིས་གཅིག་ཏུ་འདུས་པས་སྙན་ངག་གི་འབྱམས་ཀློང་ཐོན་པ་ཡིན། འབྱམས་ཀློང་ཡོད་པས་ཚད་ཡོད་ཀྱི་སྙན་ངག་གི་སྐད་ཆས་ཚད་མེད་པའི་སྙན་ངག་གི་ཁམས་བསྐྱེད་པར་མ་ཟད།ཀློག་པ་པོས་རྟོག་འཆར་གྱི་གཤོག་པ་བརྐྱངས་ནས་ཡང་བསྐྱར་གསར་རྩོམ་བྱེད་པའི་ལས་ལ་ཞུགས་ནུས། དེ་བས་འབྱམས་ཀློང་ཡོད་པའི་སྙན་ངག་གིས་ནམ་ཡང་གསར་པ་དང་སོས་པ་ལྟ་བུའི་སྒྱུ་རྩལ་གྱི་རོ་མངར་བསྩལ་ངེས་ཡིན།
        གཞན་སྙན་ངག་པའི་མཛེས་རྟོག་གི་རྟོག་འཆར་གྱིས་སྤྱིར་བཏང་གི་གཏན་ཚིགས་ལས་ལོག་པའི་སྐད་ཆ་བསྐྲུན་པའང་ཡོད། དཔེར་ན། “གྲོ་མྱུག་གི་མངར་དྲིས་ཁྱབ་པའི་འབོད་སྐད”“སྔོ་ཡུག་ཡུག་གི་བྱིས་བློ”“སྔོ་ཡུག་ཡུག་གི་ངོ་གདོང”“སྔོ་ཡུག་ཡུག་གི་སྐད་ཆ”“བ་གླང་གི་ངུར་སྒྲ་འཚོ་བཞིན”“མིག་ཆུ་བརྒལ”ཞེས་པ་སོགས། མཛེས་རྟོག་གི་རྟོག་འཆར་ནི་སྤྱིར་བཏང་གི་རྟོག་འཆར་ཙམ་མིན་པར་དེ་ལ་མཛེས་རིག་གི་དོན་སྙིང་ལྡན། སྲོག་ཆགས་དང་བྱ་དངོས་ཤིག་གི་འབྲེལ་བ་ནི་རང་བྱུང་ཆོས་ཉིད་ཀྱི་ཁྱབ་ཁོངས་ལས་འདའ་མི་ཐུབ་མོད། མིས་དེ་མ་ཟད་བྱ་དངོས་ཤིག་ལ་ཕན་ཁེའི་དམིགས་ཡུལ་དང་ཀུན་སྤྱོད། ཡུལ་སྲོལ་ལྟར་འབྲེལ་འདྲིས་བྱེད་ཐུབ་ལ། མཛེས་རྟོག་གི་འབྲེལ་བས་ཀྱང་འགྲོགས་འདྲིས་བྱེད་ཐུབ། དཔེར་ན། འབོད་སྐད་ལྟ་བུ། མི་ཞིག་ལ་མཚོན་ན་ལྷག་པར་རྩེད་མོར་གཡེང་བའི་བྱིས་པ་ཞིག་གི་བློ་ངོར་ཁྱིམ་ལ་ལོག་པའི་འབོད་བརྡ་ཙམ་ཡིན་པས། འབོད་སྐད་ནི་ཁོ་ཚོའི་ལེ་འཁང་དང་ཁོང་ཁྲོ་བྱ་ས་ཡིན། ཡང་སྙན་ངག་གི་ཁྲོད་དུ་འབོད་སྐད་དེར་འབྲེལ་བ་གཞན་ཞིག་གྲུབ་སྟེ། གྲོ་མྱུག་གི་མངར་དྲིའམ་ཡིད་དུ་འོང་བའི་བྱིས་བློའི་མཚོན་བྱེད་དུ་འགྱུར་བས། འབོད་སྐད་ནི་མཛེས་རྟོག་གི་ཡུལ་ཡིན། དེ་ནི་སྙན་ངག་པས་མཛེས་རྟོག་གི་རྟོག་འཆར་ལ་བརྟེན་ནས་འབོད་སྐད་དང་མཛེས་རྟོག་འབྲེལ་བས་འགྲོགས་འདྲིས་བྱས་པ་རེད། དེ་ལྟར་མིས་བྱ་དངོས་ཤིག་ལ་འབྲེལ་བ་རིགས་སྣ་ཚོགས་བྱ་ཆོག་པ་དང་རྩོམ་རིག་སྒྱུ་རྩལ་གྱི་རང་བཞིན་དུ་གྱུར་པ་ནི་མཛེས་རྟོག་གི་འབྲེལ་བ་སྐྱོང་བ་ཡིན། དེ་བཞིན་གོང་དུ་དཔེར་དྲངས་པའི་སྙན་ངག་ཁྲོད་ཀྱི་སྐད་ཆ་དམ་དུམ་དག་བལྟས་པ་ཙམ་གྱིས་གོ་བ་ལོན་དཀའ་མོད། ཡང་ཡང་འདང་བརྒྱབ་སྟེ་མྱངས་ཚེ་ཡིད་ཀྱི་བུང་བ་རང་དགར་འཕུར་ལྡིང་བྱེད་པའི་སྙན་རོའི་མཁའ་ལམ་ཡངས་པོ་ཞིག་ཕྱེས་ཡོད།
        མདོར་ན་ངོ་མཚར་བའི་སྐད་ཆའི་སྦྱོར་ལུགས་སྣ་ཚོགས་ཀྱི་རོགས་འདེགས་ལ་བརྟེན་ནས་སྙན་ངག་ཁྲོད་ཀྱི་ལྗོངས་སམ་བྱ་དངོས་ཀྱིས་ང་ཚོའི་ཡིད་ཀྱི་དྲན་པ་གང་ཞིག་སོས་ཏེ་ཡིད་འགྱུར་སྣ་ཚོགས་སློང་ཞིང་། བསམ་ཡན་གྱི་བར་སྟོང་བསྐྲུན་ཏེ་སྨྲ་བརྗོད་ལས་འདས་པའི་སྙན་ངག་གི་ཁམས་སུ་ཁྲིད་འགྲོ་བ་ཡིན།

གཉིས། མཛེས་ཉམས།
        ཀྲུའུ་ཀོང་ཆན(朱光潜)གྱིས“ཐོ་ཡྰན་མིང་གི་སྙན་ངག་ཀློག་སྐབས། ང་ཚོས་རྒྱུན་དུ་ཞིང་པའི་འཚོ་བ་ནི་ཕུགས་བསམ་གྱི་འཚོ་བ་ཞིག་ཏུ་བསམ་ངེས། འོན་ཀྱང་ཞིང་པ་རང་ལ་མཚོན་ན་ཙག་ཙད་པའི་ཁྲོད་རྨོ་འདེབས་བྱེད་སྐབས་ཀྱི་མྱོང་བ་ནི་ཐོ་ཡྰན་མིང་གིས་བྲིས་འདྲའི་བག་ཕེབས་པ་ཞིག་ག་ལ་ཡིན③”ཞེས་གསུངས་ཡོད། ཞིང་པའི་འཚོ་བ་དེ་འཚོ་བ་དངོས་ནས་སྙན་ངག་ཏུ་སླེབས་རྗེས་འགྱུར་བ་དེ་འདྲ་བྱུང་དོན་ཅི་ཡིན་ནམ། དེ་ནི་སྙན་ངག་པས་ཞིང་པའི་འཚོ་བ་དང་རང་གི་ཡིད་འགྱུར་དེ་རྣམ་པའི་ཉམས་འགྱུར་དུ་བྱས་ཡོད་པས་རེད།
        རྣམ་པ﹙形式﹚ཞེས་པ་ནི་མཛེས་རིག་གི་བརྡ་ཆད་ཅིག་ཡིན། མཛེས་རིག་སྨྲ་བ་ཚོས་མཛེས་ཉམས་ནི་མཛེས་རྟོག་གི་རྣམ་འགྱུར་གྱིས་གཟིགས་པའི་བྱ་དངོས་ཀྱི་རྣམ་པའི་ཉམས་འགྱུར་ཡིན་པར་འདོད། འཇར་མན་གྱི་མཚན་ཉིད་རིག་པ་བ་ཁའེ་སི་འར(Ernst Cassirer)གྱིས“ང་ཚོ་དབང་ཤེས་ཀྱི་གཞལ་ཡུལ་ཞིག་དང་ལན་གྲངས་སྟོང་ལ་འཕྲད་ཀྱང་། ང་ཚོས་དེའི་རྣམ་པ་གཏན་ནས་མཐོང་མྱོང་མེད……སྒྱུ་རྩལ་གྱིས་ད་གཟོད་ཆད་སྟོང་འདི་ཁ་སྐོང་བྱེད་པ་རེད།④”ཅེས་གསུངས་ཡོད། ཀྲུའུ་ཀོང་ཆན་གྱིས “གལ་ཏེ་མཛེས་ཉམས་མཐོང་དགོས་ཚེ། ཁྱེད་ཀྱིས་ཤིང་ཚོང་རྒྱག་མཁན་གྱི་དངོས་སྤྱོད་ཀྱི་རྣམ་འགྱུར་དང་སྐྱེ་དངོས་རིག་པ་བའི་ཚན་རིག་གི་རྣམ་འགྱུར་གཉིས་ངེས་པར་དུ་དོར་ཏེ་མཛེས་ཚོར་གྱི་རྣམ་འགྱུར་གྱིས་བལྟ་དགོས།⑤”ཞེས་གསུངས། དེ་ནི་ཤིང་ཚོང་རྒྱག་མཁན་དང་སྐྱེ་དངོས་རིག་པ་བས་གསོམ་སྡོང་གི་ཞིབ་འཇུག་གི་དོན་སྙིང་དང་ཁེ་ཉེན་ལ་དོ་ཁུར་བྱེད་པ་ལས་རྣམ་པའི་ཉམས་འགྱུར་ལ་སྣང་མེད་བྱེད་པས་ཡིན། མཛེས་རྟོག་གི་རྣམ་འགྱུར་འཛིན་པའི་སྒྱུ་རྩལ་པས་ད་གཟོད་ཆོས་རྣམས་ཀྱི་རྣམ་པའི་ཉམས་འགྱུར་མཐོང་ཐུབ་ལ། ཚེ་སྲོག་གི་སྣང་ཚུལ་ལའང་རྣམ་པ་གསར་སྐྲུན་བགྱིས་ཏེ་ངོས་འཛིན་བྱེད་པ་རེད།﹙རྣམ་པའི་ཉམས་འགྱུར་ནི་གོ་རྒྱུ་མེད་པའི་རྣམ་པ་རྐྱང་བའི་རོལ་རྩེད་མིན། དེར་སྙན་ངག་པའི་ཡིད་འགྱུར་དང་འཇིག་རྟེན་གྱི་ངོས་འཛིན་དབྱེར་མེད་དུ་སིམ་ཡོད།﹚
        སྙན་ངག་པས་གཙོ་བོ་སྙན་ངག་གི་སྐད་ཆའི་སྦྱོར་ལུགས﹙ཕྱིའི་རྣམ་པ་དང་དབྱངས་འགྲོས།ཁ་དོག་དང་ཉམས་ཀྱི་མཛེས་པ།འབྱམས་ཀློང་།མཛེས་རྟོག་གི་རྟོག་འཆར་སོགས།﹚ལ་བརྟེན་ནས་ཞིང་པའི་འཚོ་བ་དང་རང་གི་ཡིད་འགྱུར་རྣམ་པའི་ཉམས་འགྱུར་དུ་བསྐྲུན་པ་ཡོད་དེ། ང་ཚོས་ཚིག་གི་སྒྲིག་རིམ་མ་ཟད་ཐ་ན་ཐ་སྙད་ཀྱི་ཕྲེང་བ་རེ་རེ་ལས་ཀྱང་ཞིང་པའི་འཚོ་བ་དང་སྙན་ངག་པའི་ཡིད་འགྱུར་གྱི་མཛེས་ཉམས་ངོ་བོ་དབྱེར་མེད་དུ་ཉམས་སུ་མྱོང་ནུས། དེ་འདྲའི་རང་དབང་གི་མཛེས་རྟོག་མྱོང་རོལ་ལས་ང་ཚོས་སྙན་ངག་ཁྲོད་ཀྱི་ཞིང་པའི་འཚོ་བ་དེ་ཕུགས་བསམ་གྱི་འཚོ་བ་ཞིག་ཏུ་འདོད་ངེས། དེ་མིན་སློབ་གསོ་དང་ཤེས་རྟོགས་ཀྱི་དགོས་པས་མིག་ཟུང་བསྒྲིབས་ཚེ་ངེས་པ་དོན་གྱི་སྒྱུ་རྩལ་གྱི་མཛེས་ཉམས་རྙེད་ཐབས་ཡོད་པ་མ་རེད།

② ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས།1980–1989《སྙན་ངག་གི་རྣམ་བཤད།》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2016 ལོའི་ཟླ7པའི་པར་གཞི་དང་པོ། ཤ89
③朱光潜:《谈美》[M],华东师范大学出版社,2012年7月,页9
④周宪:《美学是什么》[M],北京大学出版社,2015年9月,页235
⑤朱光潜:《谈美》[M],华东师范大学出版社,2012年7月,页3


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1