ཀུ་ཤུ་ཚོང་རྟགས་ཀྱི་གཏམ་རྒྱུད།
བསྒྱུར་མཁན། འཇུ་རྟོག་སད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
སྤྱིར་ཚོང་རྟགས་འདྲ་མིན་སྣ་ཚོགས་དང་ང་ཚོའི་འཚོ་བ་འབྲལ་དུ་མེད་པ་སྟེ། ཁྱེད་རང་ཞོགས་པ་ཁ་པར་གྱི་འབོད་བརྡས་གཉིད་ལས་དཀྲོགས་པ་ཡིན་ན། ཁ་པར་གྱི་ཚོང་རྟགས་དང་འབྲལ་མི་སྲིད་ལ། དེ་ནས་ཁྱེད་རང་མལ་ལས་ལངས་ནས་སོ་བཀྲུ་ངེས་པས་སོ་སྨན་གྱི་ཚོང་རྟགས་དང་འབྲེལ་ནས་ཡོད་ཅིང་། དེ་བཞིན་ཞོགས་ཟས་ནས་ཉིན་གང་གི་ལས་ཀ་བཅས་རེ་རེ་བཞིན་ཚོང་རྟགས་དང་མ་འབྲེལ་བ་ཡོད་མི་སྲིད་པའི་ཚད་དུ་གནས་ཡོད། ཡིན་ཡང་ཚོང་རྟགས་དེ་དག་གི་མཚོན་དོན་ལ་བསམ་བློ་གཏོང་མཁན་ཉུང་ཞིང་ལྷག་ཏུ་དེའི་རྒྱབ་ཀྱི་གཏམ་རྒྱུད་ཤེས་མཁན་ཉུང་ཉུང་ཡིན།
དེ་རིང་འདི་ནས་ད་ལྟ་འཛམ་གླིང་གི་སྐྱེ་བོ་ཕལ་མོ་ཆེས་དགའ་མོས་ཆེ་བའི་ཀུ་ཤུ་རྩིས་འཕྲུལ་དང་ཀུ་ཤུ་ལག་འཕྲིན་སོགས་ཀྱི་ཚོང་རྟགས་ཏེ། ཤིང་ཏོག་ཀུ་ཤུ་ཁམ་གང་ཟོས་ཡོད་པའི་རྟགས་དེས་གང་ཞིག་མཚོན་གྱིན་ཡོད་པ་དང་། དེའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་སོགས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད།
དེ་ཡང་ཐོག་མར་སྤྱི་ལོ་1976ལོར་ཀུ་ཤུ་སྤྱི་གཉེར་ཁང་གསར་འཛུག་བྱེད་མཁན་གསུམ་གྱི་ཡ་གྱལ་རན•ཝེ་ཨུན(Ron•Wayne)གྱིས་ལྕགས་སྙུག་གིས་བྲིས་པའི་མིང་དུ་གྲགས་པའི་སྐྱེ་དངོས་རིག་པ་མཁན་དང་ཨང་རྩིས་རིག་པའི་མཁས་དབང་ཆེན་མོ་སོགས་ཡིན་པའི་ཉིའུ་ཏིན(Newton)གྱིས་ཀུ་ཤུའི་ཤིང་སྡོང་འོག་ན་བསམ་གཞིག་བྱེད་བཞིན་ཡོད་པའམ་ཀུན་འཛོམས་འགུག་ཤུགས་གཏན་སྲོལ་ཞིག་གསར་རྙེད་བྱུང་བའི་རྣམ་པ་དང་། སྡོང་མགོའི་ཀུ་ཤུས་ཀྱང་ཉིའུ་ཏིན་བཞིན་ཚན་རྩལ་གསར་བཏོད་ལ་སྨོན་པའི་རྣམ་པ་ཅན་དུ་བྲིས་མོད། རི་མོ་མང་ཞིང་ཉོག་པས་རྟགས་རིས་ཀྱི་མཚན་ཉིད་ཆེར་མི་ལྡན་ཞིང་བལྟས་མ་ཐག་ཡིད་ལ་འཛིན་མི་བདེ་ཞིང་བག་ཆགས་སླ་བོར་འཇོག་མི་ནུས་པས་ཀུ་ཤུ་རྩིས་འཕྲུལ་རབས་དང་པོ(Apple I)ལ་བཀོད་པ་ཙམ་ལས་ཡུན་མ་འགོར་བར་རྟགས་འདི་བློས་གཏོང་བྱས།
1977ལོར་ཕྱོགས་གང་ཐད་ནས་གོ་རྟོགས་སད་པའི་ཆའོ་པུའུ་སི(Steve Jobs )ཡིས་ཁོང་དང་འདྲ་བའི་ཅ་ཀྲོའུ་མའེ་ཁེན་ནཱ་བརྡ་ཁྱབ་སྤྱི་གཉེར་ཁང་གི་འཆར་འགོད་གསར་རྩོམ་གྱི་ལས་ལ་ཀུན་ནས་བྱང་ཞིང་། ཉམས་མྱོང་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་མ་ཟད། དེ་སྔོན་ཚན་རྩལ་སྤྱི་གཉེར་ཁང་མང་པོར་ཐོན་རྫས་དང་ཚོང་རྟགས་འཆར་འགོད་བགྱིས་ཏེ་མིང་གྲགས་ཆོད་པའི་མའེ་ཁེན་ནཱའི་སྤྱི་ཁྱབ་ལྟ་སྐུལ་པ་རོ་པོ་ཀྲན་ནོ་ཧྥུ(Rob Janoff)ལགས་ལ་བསམ་ཡུལ་ལས་འདས་པའི་ཚོང་རྟགས་འདི་འཆར་འགོད་བྱེད་དུ་བཅུག །ཀྲན་ནོ་ཧྥུ་ཡིས་ཀུ་ཤུའི་རྟགས་རིས་ཤིག་བྲིས་ཏེ་ཆའོ་པུའུ་སི་ལ་ཕུལ་བས་ཆའོ་པུའུ་སི་འདོད་བློ་ཚིམ་མ་ནུས་ཏེ་ཀུ་ཤུའི་རི་མོའི་སྟེང་དུ་སྐྱོན་ཆ་ཞིག་གཏོད་པའི་རེ་བ་བཏོན་ཞིང་། དེ་ལྟར་བྱས་ན་ཀུ་ཤུ་དང་འདྲ་ཆེ་ཞིང་དེ་ལས་ཀྱང་ཤིང་ཏོག་སེའུ་དང་ནོར་མི་སྲིད་ཅེས་ཕྱིའི་རྣམ་པའི་སྟེང་དང་། དེ་བཞིན་ནང་དོན་གྱི་ཆ་ནས་ཀྱང་དགོངས་ཚུལ་གཞན་བརྗོད་པས། ཀྲན་ནོ་ཧྥུ་ཡིས་མཇུག་མཐར་ཀུ་ཤུར་ཁམ་གང་ཟོས་ཡོད་པའི་རྟགས་སུ་བྱས་ཤིང་དེ་ནས་ད་ལྟའི་བར་ཁ་དོག་གི་ཆ་ནས་འགྱུར་བ་ཅི་འདྲ་བཏང་རུང་རི་མོར་འགྱུར་བ་མེད་པར་བཀོལ་ཏེ་འཛམ་གླིང་གི་ཚོང་རྟགས་ཆེས་གྲགས་ཤོས་སུ་གྱུར་ཡོད།
ནང་དོན་གྱི་ཆ་ནས་ཀྱང་ཕུན་སུམ་ཚོགས་པ་སྟེ། འཛམ་གླིང་གི་རྩིས་འཕྲུལ་ཚན་རིག་གི་ཡབ་ཆེན་དང་རྩོལ་བྱུང་ཤེས་ནུས་ལག་རྩལ་གྱི་ཡབ་ཆེན། མིང་དུ་གྲགས་པའི་གསང་གྲངས་མ་ལག་གྱི་མཁས་ཆེན་ཨེ་ལན•མའེ་ཐེས་སིན•ཐོ་ལིན།(Alan Mathison Turing)ལགས་སྤྱི་ལོ་1954ལོའི་ཟླ་6པའི་ཚེས་7ཉིན་རང་ཁྱིམ་ནས་འབྱར་ཆིན་རྫས་ལྡན་གྱི་ཀུ་ཤུ་ཞིག་ལ་ཁམ་གང་ཟོས་ཏེ་ཤི་བར་རྗེས་དྲན་མཚོན་བྱེད་དུ་ཀུ་ཤུ་ཟ་འཕྲོ་ཚོང་རྟགས་སུ་བཀོད་ནས་ཚན་རྩལ་རིག་པའི་སྐྱེས་བུ་ཆེན་པོ་ཁོང་ནམ་ཡང་མི་བརྗེད་པའི་ནང་དོན་ལྡན།
བཤད་སྟངས་གཞན་ཞིག་ཀྱང་ཡོད་དེ་ཀུ་ཤུ་ནི་བདེ་ཐང་གི་ཤིང་ཏོག་ཏུ་འདོད་མཁན་མང་ཞིང་ལྷག་ཏུ་རྒྱུན་པར་ཀུ་ཤུ་ཟོས་ན་ལུས་ཀྱི་ནད་མང་པོ་ཞིག་སེལ་ཞིང་ནད་རིགས་སྔོན་འགོག་གི་ནུས་པ་ལྡན་པ་བཞིན་ཀུ་ཤུའི་ཐོན་རྫས་དག་ཏུ་གློག་དྲྭའི་འཕྲོ་རླབས་དང་གློག་རྫས་སོགས་ཀྱི་གནོད་པ་ཉུང་བ་སྟེ། ཀུ་ཤུ་ཁ་པར་གྱི་འཕྲིན་བརྡའི་འཕྲོ་རླབས་གཉོམ་པས་འཕྲིན་བརྡ་ཁ་པར་གཞན་ལས་ཞན་པ་དང་། གློག་རྫས་སུ་དངུལ་ཆུ་ཉུང་བ་སོགས་ཀྱི་གློག་གིས་འདང་ཚད་དམའ་བ་མངོན་གསུམ་ཡིན་པས་ལུས་ལ་གནོད་སྐྱོན་ཆུང་ཞིང་ལྟོས་བཅས་ཀྱིས་བདེ་ཐང་གི་ཐོན་རྫས་སུ་བཤད་ལ། མཛད་སྤྱོད་པའི་བདེ་འཇགས་དང་བདེ་ཐང་ལ་འགན་འཁུར་གྱི་རྣམ་པ་མཚོན་ཡོད། ཁམ་གང་ཟོས་སོང་བའི་ཀུ་ཤུ་བཞིན་ད་དུང་ཆ་ཡོངས་སུ་རྫོགས་པ་ཞིག་མིན་པས་ཐོན་རྫས་ཀྱི་རབས་རེ་རེ་བཞིན་ཇེ་རྒྱས་ཇེ་ལེགས་ཀྱིས་ཁ་སྐོང་དང་གོང་འཕེལ་དུ་གཏང་དགོས་ཞེས་པའི་མཚོན་དོན་ཡིན་པར་བཤད། །