ང་ཡི་སློབ་འབྲིང་གི་འཚོ་བ།
འཇམ་དབྱངས་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
ཁ་སང་མཚར་སྣང་སྟོང་གི་སེམས་པ་དེ་ཁྱེར་ནས་སློབ་འབྲིང་གི་སྒོ་ཆེན་དུ་གོམ་ཆུང་ཐོག་མ་སྤོས་པ་ནས། ལས་དབང་དང་ཕུགས་བསམ་གྱི་རེ་སྨོན་གཅིག་པས་ཤེས་རིག་གི་སྤྲིན་ལམ་སྙེགས་པའི་གཞོན་པ་ཁྱུ་ཞིག་དང་ལྷན་དུ། ཤེས་རིག་གི་བཀྲག་འདངས་འཚེར་བའི་ཡུལ་གྲུ་འདི་རུ། བགྲང་བྱ་གསུམ་གྱི་སྐྱ་ཟད་སྔོ་སྡུག་གི་འཚོ་བ་ལ་དབུ་ཁྱུད་ཐོག་མ་བྲིས།
ཏག་ཏག་མི་ལོ་གསུམ་གྱི་སློབ་འབྲིང་གི་འཚོ་བ་ལ་ཕྱིར་ལྟ་ཞིག་བྱས་ན། ཁོ་བོའི་སེམས་པ་སྙོམ་པོ་དེ་ལ་བརྗོད་ཐབས་བྲལ་བས་ཚོར་བ་སྐྱ་བོ་ཞིག་སྐྱེས་བྱུང་། ལོ་གསུམ་གྱི་སྔོན་ལ་ང་ཚོ་ཐོག་མར་འཛོམས་དུས་ཕན་ཚུན་ལ་དུང་ཞེན་དང་སྙིང་གཏམ་དབེན་ཞིང་ཀུ་རེ་དང་དགོད་སྒྲ་མེད། ཉིན་དེ་ནས་ང་ཚོ་སློབ་ཁང་གཅིག་གི་ནང་ནས་དགེ་རྒན་དམ་པ་དག་གི་གསུང་གི་བདུད་རྩི་རྔུབ་བཞིན། ཤེས་རིག་སྦྲང་རྩི་ཡི་ཉིང་ཁུ་ལ་རོལ་ཏེ། རིང་ལ་ཐུང་བའི་མི་ལོ་འདི་དག་རེ་སྐྱིད་རེ་སྡུག་གི་འཚོ་བའི་ཀློང་ནས་ཕན་ཚུན་ལ་འོ་ཆུ་འདྲེས་མའི་བརྩེ་འདང་གི་མངར་ཁ་ཆགས་དུས། ང་ཚོ་ནི་གླིང་ཀ་འདིའི་ཆེས་སྤྲོ་སྐྱིད་ལྡན་པའི་བྱེའུ་ཁྱུ་ཞིག
འོན་ཀྱང་། ལྷན་འཛོམས་ནི་སྐད་ཅིག་མའི་མངོན་སྟངས་ཤིག་སྟེ། དེ་རིང་ང་ཚོས་འདི་ལྟར་མི་ལོ་གསུམ་གྱི་གཏམ་རྒྱུད་ཀྱི་རི་མོ་ཕབ་སའི་མ་ཡུལ་སློབ་གྲྭ་དང་ཕ་མ་ལྟ་བུའི་དྲིན་ཆེན་གྱི་དགེ་རྒན། ཕུ་ནུ་ལྟ་བུའི་བློ་གསལ་གྱི་དཔུང་རོགས་དག་ལ་ཆེས་མཐའ་འཇུག་གི་གྱེས་ཕྱག་ཕུལ་ནས་འགྲོ་རན་དུས། ཁོ་བོ་ལ་ཡང་གཟུགས་མེད་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་རང་དབང་མེད་པར་འཐིམས་ཡོང་སྟེ། དགའ་འོས་པ་ཞིག་ནི་ང་ཚོས་ཤེས་རིག་གི་འོད་སྟོང་འཕྲོ་བའི་སློབ་གླིང་འདི་ནས་སྣ་མང་ཤེས་བྱའི་ཟེགས་མ་ལ་རོལ་མྱོང་བྱེད་ཐུབ་ཡོད་པ་དང་བརྩེ་འདང་གི་དམ་བཅའ་བརྟན་པོ་ཞིག་རུམ་ལ་བཅུག་ནས། རང་རང་གི་ཕུགས་འདུན་གྱི་རྐང་ལམ་མ་བོར་བར། མདུན་སྐྱོད་ཀྱི་རྟ་ཕོའི་གོམ་ཁ་ལ་འགྲོགས་ནས་འཛུམ་མདངས་ཀྱི་མེ་ཏོག་གཏོར་བཞིན། སྨོན་ཚིག་གི་དབྱངས་རྟ་མགྲིན་ལམ་ནས་བཀུག་སྟེ་ཡིད་ཆེས་དང་མཉམ་དུ་ལམ་ལ་ཆས་ཏེ་ལམ་བུ་གཞན་ཞིག་ལ་གོམ་སྟབས་བསྒྱུར་བའི་དབུ་ཁྱུད་འབྲི་དགོས་པས་ཡིན་ལ། སྐྱོ་འོས་པ་ནི་ལོ་ཟླ་འདི་དག་གི་རིང་ལ་ལེ་ལོ་དང་པྲལ་ཆལ་གྱི་རྩེད་འཇོར་གཡེང་བའི་དབང་གིས་ཤེས་རིག་གི་སྐྱེད་ཚལ་འདི་ནས་རིན་བྲལ་གྱི་ཤེས་བྱ་མང་བོ་ཞིག་སྣང་མེད་དུ་བསྐྱུར་ནས་རྨི་ལམ་དུ་རུལ་ལ། འཇའ་མཚོན་ལྟར་ཡལ་ཟིན་པ་མ་ཡིན་ནམ། ད་དུང་བགྲང་བྱ་དུ་མའི་རིང་ལ་ལྷག་བསམ་དང་བྱམས་བརྩེ་ཁོ་ནས་བསྐྱངས་ཤིང་། ཉིན་མོའི་མྱི་དང་མཚན་མོའི་ཁྱི་བཞིན་རང་ཅག་ལ་སློབ་གསོའི་བྱ་བཞག་ཡར་རྒྱས་ཀྱི་ཕྱོགས་སུ་ཐུགས་ཁུར་གནང་བའི་དྲིན་ལྡན་གྱི་དགེ་རྒན་རྣམས་དང་སོ་སོར་འབྲལ་དགོས་པས་ཡིན། ཁོང་ཅག་གིས་ང་ཚོ་ནི་མི་ཡུལ་གྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཁོ་ནར་བརྩིས་ཏེ་ཁ་ཡག་དང་ངོ་དགའ་མ་གླེང་བར། ཆེས་བླ་མེད་ཀྱི་བསམ་བློ་དང་ཆེས་དྭངས་གཙང་གི་སློབ་གསོ་ཁོ་ནས་འཚོས་ཤིང་ད་དུང་སྣ་མང་ཤེས་རིག་གི་བདུད་བརྩིའི་ཉིང་ཁུ་མང་བོ་བསླབ་ཅི་ཐུབ་བྱས་ཏེ། རང་ཡུལ་ཁ་བ་ཅན་གྱི་ཡུལ་གྲུ་འདི་ལའང་རྫོགས་ལྡན་གསར་བའི་ཉི་མ་ཞིག་འཆར་བར་སྟ་གོན་བྱས་ཡོད། ད་དུང་སློབ་བུ་རེ་རེའི་མ་འོངས་མདུན་ལྗོངས་ལ་སེམས་ཁྲལ་གནང་བཞིན་ཅི་ནུས་གང་ནུས་ཀྱིས་ང་ཚོ་བསྐྱངས་པ་བརྗེད་མི་སྲིད། བཀའ་དྲིན་སྙིང་ནས་བརྩེ་བའི་དགེ་རྒན་རྣམ་པ། ཁྱེད་ཅག་དང་ལྷན་དུ་གནས་པའི་ལོ་ཟླ་འདི་དག་གི་རིང་ལ། ང་ཚོས་ཁྱེད་ཅག་ལ་ཁོང་ཁྲོ་བསླངས་པ་གྲངས་མེད་ནའང་ཁྱེད་ཅག་གིས་ནམ་ཡང་ང་ཚོ་ལ་ཡིད་ཆེས་དང་རེ་ལྟོས་གནང་བཞིན། ཆེས་དྭངས་ཤིང་གཙང་ལ་བླ་ན་མེད་པའི་བརྩེ་དུང་ཁོ་ན་བསྲིངས་ཡོད། ང་ཚོ་ནི་རང་ཉིད་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་ཡ་ཁོག་གི་སྙིང་དང་ཡ་ཐོད་ཀྱི་མིག་ལྟར་དུ་གཅེས་པར་བཀའ་དྲིན་ཆེ། ཁྱེད་ཅག་དུས་ནམ་ཡང་སློབ་བུ་ངས་སྤྱི་གཙུག་ནོར་བུའི་རྒྱན་དུ་མཆོད་ཡོད།
མི་ལོ་གསུམ་ལ་ཉི་མ་ཆིག་སྟོང་ཡན་ཆད་ཅིག་དང་དུས་ཚོད་ཉིས་སྟོང་ལྷག་གི་འཚོ་བ་དེ་རེ་རེར་བཞིན་གླེང་དགོས་ན་ཤོག་བུ་ཟད་ནས་སྣག་ཆུ་རྫོགས་རུང་། ཤེས་རིག་གི་ལྡིང་ཁང་འདི་དང་བློ་གསལ་གྱི་ཕུ་ནུའི་ཚོགས། དྲིན་ལྡག་བཤེས་གཉེན་ཚོ་དང་མཉམ་དུ་མྱོངས་བའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་དེ་དག་ནི་བརྗོད་ཀྱིས་མི་ལང་བ་ཞིག་གོ
སློབ་གྲོགས་ཚོ། མི་རིང་བར་ང་ཚོ་སོ་སོའི་ཕུགས་བསམ་གྱི་ཆེད་དུ་ཤེས་རིག་གི་གཤོག་ཟུང་བསྐྱངས་ནས་མཁའི་དབྱིངས་སུ་འགྲིམ་དུས། ཁོ་བོ་ལ་གྱེས་བྲལ་གྱི་ན་ཟུག་ལྕི་མོ་ཞིག་ཡོད་ཀྱང་བགྲང་བྱ་འདི་དག་གི་རིང་ལ་ང་ལ་ཁྱོད་ཚོ་ལྟ་བུའི་དཔུང་རོགས་ཤིག་ཡོད་པ་བསོད་ནམས་ཤིག་ཏུ་བརྩིས་ཡོད། སློབ་གྲོགས་ལགས། བྱ་རྒྱལ་ཁྱུང་གི་འཕུར་སྟངས་དང་ཡང་ཆར་སྡོད་བྱེའུ་ཡན་ཆད་ཀྱིས་གླེང་བརྗོད་མི་འདྲ་བ་རེ་ཡོད་ཅེས་གསུངས་པ་ལྟར། དུས་ནམ་ཡང་རང་ཉིད་ཀྱིས་བདམས་པའི་ལམ་བུ་དེ་ཀྱག་ཀྱོག་ཅི་འདྲ་ཞིག་ཆེ་རུང་མདུན་དུ་བསྐྱོད་པ་ལས། གཞན་གྱི་ཚིག་རྩུབ་དང་འཕྱ་སྨོད་ཀྱིས་རང་ཉིད་ཕམ་དུ་འཇུག་མི་རུང་། རྒྱུ་མཚན་མི་ཚེ་འདི་རང་ཉིད་ཀྱི་ཆེད་དུ་གསོན་པ་ལས་གཞན་གྱི་ཆེད་དུ་གསོན་པ་མ་ཡིན་པ་ཤེས་དགོས།
ཕུགས་བསམ་གནམ་ལྕགས་ཀྱི་ཀ་བ་ལ་ཤེས་རིག་མེ་ཏོག་གིས་བརྒྱན་ཞོར་ང་ཚོ་རྒྱང་རིང་ལ་ཆས་དགོས། དྭངས་མའི་བརྩེ་བ་དྲོ་མོ་དེ་རུམ་ལ་བཅུག་ནས་རྨི་ལམ་རྟ་ཕོའི་སྲབ་ཁ་དགག་ཞོར་དང་ལྷོད་ཞོར་ང་ཚོ་རྒྱང་ལ་ཆས་དགོས། ང་ཚོ་དགོད་སྒྲ་དང་འཛུམ་མདངས་ཁྲོད་ནས་ཤེས་རིག་གི་ལྡིང་ཁང་འདིར་འཛོམས་ལ། དགོད་སྒྲ་དང་འཛུམ་མདངས་སོགས་ཀྱིས་གྱེས་ཕྱག་དབུལ་དགོས། །