མཛེས་སྡུག

བོད་ཞོགས རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


ས་སྲོས་ཀྱི་སྐབས་སུ། ངས་ལྷགས་རླུང་གིས་དེད་པའི་བྱེའུ་ཁྱུ་གཅིག་བར་སྣང་གི་ཁམས་སུ་ཁ་ཕྱོགས་དང་དམིགས་ཡུལ་མེད་པར་འཕུར་བཞིན་པ་མཐོང་། དེ་མ་ཐག་ངས་དུས་རབས་འདིའི་ཁུག་སོ་ནས་ཁ་ཕྱོགས་དང་དམིགས་ཡུལ་མེད་པའི་ན་གཞོན་ཁག་ཅིག་དྲན། ནམ་ཟླ་ཤིན་ཏུ་འཁྱགས་ཤིང་སྟོན་མཇུག་གི་སྡོང་ལོར་ལྷག་རླུང་གིས་ཁུར་དུས། ངས་རྒྱང་རིང་རྒྱང་རིང་ཞིག་དྲན་ཡོང་། ས་སྲོས་ཀྱི་གྲིབ་ཆེན་གྱིས་རི་སྒང་དང་ལ་ལུང་ཐམས་ཅད་རིམ་གྱིས་གཡོགས་ཤིང་། ཡུན་ཙམ་འགོར་རྗེས་སྨག་ནག་གིས་ས་ཆེན་གྱི་པང་བ་ཆེན་པོ་ཡོངས་སུ་བཟུང་། ནམ་ཞར་འདི་ལྟ་བུའི་འབྱམས་ཀླས་པའི་མཚན་སྨག་མང་ཐག་ཆོད་ཅིག་ངས་ཁེར་རྐྱང་གིས་སྐྱེལ་བཞིན་ཡོད།

སྐབས་འདིར་ངས་སྔར་བཞིན་འདས་པོ་ཁ་བ་སྙིང་ལྕགས་དང་ཁོང་གིས་བརྩམས་པའི་འབུ་མེ་ལྕེབས་ཞེས་པའི་དཔེ་དེབ་ཅིག་དྲན་ཡོང་། འབུ་མེ་ལྕེབས་ཀྱང་འཇིག་རྟེན་འདིར་གསོན་འདོད་ཀྱི་རེ་བ་ཡོད་སྲིད། འབུ་མེ་ལྕེབས་ཀྱང་འཇིག་རྟེན་འདིར་གསོན་ཆོག་པའི་ཐོབ་དབང་ཡོད་ངེས། ཡིན་ནའང་། ཁོ་ཚོ་སྔར་བཞིན་མེ་དཔུང་གི་ཀློང་དུ་མཆོངས་ནས་རང་ལུས་ཐལ་རྡུལ་དུ་རླག་བཞིན་ཡོད། དེ་ནི་ཅི་ཞིག་གི་ཆེད་དུ་ཡིན་ནམ། ཡང་ན་སུ་ཞིག་གིས་འབུ་མེ་ལྕེབས་ཀྱི་ཚོགས་དྲག་ཏུ་མཆེད་བཞིན་པའི་མེ་དཔུང་གི་ཀློང་དུ་དེད་པ་ཡིན། ཁོ་ཚོ་གསོན་མ་འདོད་པ་ཙམ་ཡིན་མི་སྲིད། ཁོ་ཚོ་གསོན་མི་འདོད་པ་ཙམ་ཡིན་མི་འོས་ཞེས་བྲིས་པའི་ཚན་པ་དང་འབུ་མེ་ལྕེབས་དག་འོད་སྣང་ལ་དུངས་པ་ཙམ་ཡིན་མི་སྲིད། ཁོ་ཚོ་འདི་ལྟ་བུའི་སྨག་མུན་གྱི་ངོགས་སུ་འཚོ་མ་འདོད་པ་ཡིན་ངེས་རེད།

ཁོ་ཚོས་ས་ཆེན་གྱི་པང་བ་དང་ནམ་མཁའི་ངོ་གདོང་ཡོངས་སུ་གཡོགས་ཟིན་པའི་མུན་ནག་གི་རྒྱ་མཚོ་འདིར་བཟོད་བསྲན་བྱེད་མ་འདོད་པས། ཐབ་ཀའི་ནང་གི་མེ་ལྕེ་དང་སྒྲོན་མེ་སོགས་བཙལ་ནས་རང་ལུས་དྲོད་དང་འོད་སྣང་ལ་མཆོད་སྦྱིན་གནང་བ་ཡིན་སྲིད། དོན་གྱིས་མཚན་སྨག་གི་ངོགས་སུ་འཚོ་མ་འདོད་པ་དེ་ཙམ་ཡང་ཡིན་མི་འདུག །ཁོ་ཚོས་མཚན་སྨག་གི་ངོགས་སུ་རང་ལུས་འོད་དང་ཚ་དྲོད་ལ་བསྲེས་པ་ནི། སྨག་མུན་ལ་རྒོལ་བ་གཏོང་སྟངས་ཤིག་སྟེ། ཁོ་ཚོས་ལྷིང་འཇགས་ཀྱི་མཚན་གུང་དུ་ཚག་སྒྲ་དང་བཅས་ཏེ་རང་ལུས་མེ་རུ་བསྲེགས་པ་ནི་དོན་གྱིས་མི་འཁུར་བའི་རྣམ་འགྱུར་སྟོན་སྟངས་ཤིག་རེད། ཁོང་གི་ཡིད་དབུས་ནས་མཆེད་ལ་དམར་རྗེན་དུ་ཕུད་དེ་འུ་ཅག་གི་མིག་ལམ་དུ་བསྟར་བའི་ཚན་པ་ཐུང་ཐུང་འདི་ཙམ་གྱིས་ཀྱང་ང་ཚོར་ཅི་ཞིག་གི་སྐུལ་མ་བྱེད་བཞིན་གདའ།

དེ་དང་འབྲེལ་ངས་ས་སྲོས་ཀྱི་སྐབས་དེར་དྲན་མྱོང་བའི་ན་གཞོན་དེ་དག་ཡང་བསྐྱར་དྲན་ཡོང་། དེ་དག་གིས་འབྱམས་ཀླས་པའི་མཚན་མོ་འདིར་ཅི་ཞིག་བྱེད་བཞིན་ཡོད་དམ། ཕུགས་བསམ་དང་དོན་དངོས་ཀྱི་དཀའ་ཁག་མཐའ་དག་སང་ཉིན་ལ་བཅོལ་ཏེ་སེམས་བདེ་བག་ཕེབས་དང་བཅས་རྨི་ལམ་ལ་རོལ་བཞིན་ཡོད་དམ། ཡང་ན་དྲན་འོས་ཀྱི་འདས་པོ་དག་ཡིད་ལ་བཅངས་ཏེ་བརྒལ་དང་མ་བརྒལ་བར་གྱི་གྲུ་ཁ་ཞིག་ན་ལུས་ཡོད་དམ། ངས་དེ་ལྟར་མང་ཙམ་ཞིག་དྲན་རྗེས་འཇིག་རྟེན་འདིར་ད་དུང་མཛེས་སྡུག་ཅེས་པའི་ཐ་སྙད་ཅིག་ཡོད་ངེས་སྙམ་སྟེ་དབུགས་རིང་ཞིག་ཤོར།

ངས་ཡུལ་ངོས་ཀྱི་ངུ་ཤོར་བའི་དུས་རབས་འདི་ལ་མ་བལྟས་པར་དག་དགའི་ལྷ་བསམ་གྱི་ཁ་བཏགས་མདུན་ལ་ཕུལ་ཏེ་འབྱུང་འགྱུར་ལ་ཅིས་ཀྱང་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་ཡོད་ངེས་ཞེས་ཀི་རིང་ཞིག་འདེབས་བཞིན་མཁའ་མཐའི་མཚམས་སྤྲིན་ལ་ཕུར་ཚུགས་སུ་ཅེར་ཏེ་རྒྱང་རིང་རྒྱང་རིང་ཞིག་གི་དགོད་སྒྲ་ལ་རྣ་བ་བླགས་ནས་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1