མི་ཡུལ་གྱི་དབྱངས་ཅན་མ་ཕུལ་བ།

ནགས་ཚང་ཚུལ་ལོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


དཀར་ལ་དམར་བའི་ཁུར་ཚོས་དེ་ཡིས་ཁོ་བོའི་སེམས་པ་དབང་མེད་འཕྲོག །

མིག་གི་ཉམས་ཀྱིས་འཕྲིན་མདའ་འཕེན་པའི་ཁོ་བོའི་སེམས་འདི་དཔྱིད་ཀྱི་མདངས། །

མཆུ་སྣའི་འབུར་ཞོམ་འོད་མདངས་གསལ་པོས་ཁོ་བོའི་སེམས་ལ་དབྱར་གཞུང་ཚེས། །

བཅོས་མིན་གདོང་གི་འཛུམ་ཆུང་མཐོང་དུས་ཁོ་བོའི་ཡིད་དུ་སྟོན་ཟླ་རྒྱས། །

ལོ་དང་ཟླ་བ་ཅི་ཙམ་འདས་ཀྱང་ཁོ་བོའི་མིག་གི་འཁྲེང་སེམས་ཡིན། །

ཁྱེད་རང་འགྲོ་སའི་ལམ་བུ་དག་ཏུ་བདག་གི་སེམས་འདི་ཞོན་རྟ་ཡིན། །

ང་ཡི་སེམས་ཀྱི་སེར་ཆེན་ཁྱོད་ཉིད་གང་ནས་བལྟས་ཀྱང་འཛུམ་མེར་འཛུམ། །

འགྲོ་ལུགས་སྤྱོད་སྟངས་སྒེགས་ཉམས་ལྡན་ལ་ཁོ་བོའི་སེམས་ཀྱི་དྲོད་ཤ་ཡིན། །

མགོ་བོའི་སྐྲ་ལོ་རླུང་གིས་བསྐྱོད་དུས་ཁོ་བོའི་རྣ་བར་ཤག་སྒྲ་སྙན། །

ཁོ་མོའི་ལབ་གླེང་གཤིས་རྒྱུད་འཇམ་ལ་ཨ་ཅོའི་མི་ཉན་རང་དབང་བྲལ། །

ས་སྲོད་དུས་ཀྱི་རྒྱབ་གཟུགས་རིང་མོ་ཡང་ཡང་དྲན་དུས་ཡང་ཡང་གདུང་། །

མགོ་དཀྲིས་འོག་གི་འཛུམ་ཆུང་དྲན་ཚེ་ཁོ་བོའི་ཡིད་ལ་བསིལ་རླུང་ལྡང་། །

ཁྱེད་རང་མེད་པའི་མཚན་ལམ་རིང་མོར་མི་ཡི་ཆ་བྱད་འུག་པ་ངས། །

སྒོ་གླེགས་འགྲམ་ནས་ཟླ་བར་གྱེར་ཤིང་ཆང་རག་དུ་བས་མཚན་ལམ་བསྐྱལ། །

ཟླ་བ་འདི་ཡང་མུན་པས་བསྒྲིབས་ཤིང་ཁོ་བོའི་སེམས་པ་སྟོང་ལྷང་ལྷང་། །

ཁྱེད་རང་དྲན་པའི་མིག་ཆུ་འདི་ཡིས་སེམས་པའི་ཕྱི་ནང་ཡང་ཡང་བརླན། ། 


རྩོམ་ཡིག་སྔོན་མ།
མཛེས་སྡུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1