གྲོགས་ཤིག་ལ་ཕུལ་བའི་གྱེས་ཁའི་གཏམ།

ཚེ་རིང་འགྱུར་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


ལོ་ཟླ་ནི་ཅི་འདྲའི་མགྱོགས་མོ་ཞིག་རེད།

ཡུད་ཙམ་གྱིས་ཞག་མ་སུམ་བརྒྱ་དྲུག་ཅུ་འདི་ལྟར་གར་སོང་ཆ་མེད་དུ་གྱུར།

དེ་རིང་ལ།

ཁྱོད་དང་འབྲེལ་བའི་ཕྱི་དྲན་མང་པོ་ཞིག་ངའི་སེམས་ཀྱི་ཟབ་ས་ན་བརྗེད་མེད་དུ་བཞག་ཡོད།

ནམ་ཞིག་བར་ཐག་སོགས་འགལ་རྐྱེན་མང་པོའི་དབང་གིས་འུ་གཉིས་ཐུག་འཕྲད་འབྱུང་བ་དཀའ་ནའང་།

སེམས་སུ་འཆར་ན་འཛུམ་མངོན་ཡོང་བའི་ཕྱིར་དྲན་དང་།

ཡིད་ལ་བཟུང་ན་བཅོས་ལྷད་མེད་པའི་གྲོགས་པོའི་བརྩེ་བ་ཡིས།

གྲོགས་པོ་ཞེས་པའི་ཐ་སྙད་འདི་ནི་བདག་གི་ཤ་ཁྲག་རུས་གསུམ་ལ་འཐིམ་སྟེ།

མ་འོངས་པའི་སྐྱ་ལམ་རིང་མོའི་ཁྲོད་དུ་དགའ་སྐྱོ་ཆགས་སྡང་གི་འཇའ་ཚོན་བཀྲ་ངེས།

དེའི་ཕྱིར་ངས་ཁྱོད་ལ་བཀའ་དྲིན་ཞུས་ན་འདོད།

ངས་ཁྱོད་དང་ལྷན་དུ་བསྐྱལ་དང་སྐྱེལ་བཞིན་པའི་འཁོར་བའི་གྲོང་ཆུང་གི་གཏམ་རྒྱུད་ཐུང་ཐུང་དེ་ལ་བཀའ་དྲིན་ཞུས་ན་འདོད།

གྲོགས་པོ་ང་རང་སློབ་གྲྭ་འདིར་སློབ་སྦྱོང་བྱ་རུ་ཡོང་ནས་ད་ལྟའི་བར་ལོ་ངོ་གཉིས་འགོར་ལ་ཉེ།

ལོ་ངོ་གཉིས་ཀྱི་དུས་ཡུན་ནི་ཐུང་ངུ་ཞིག་གཏན་ནས་མིན་རུང་།

ཕྱིར་འདང་ཞིག་བརྒྱབ་ན་ལོ་ངོ་གཉིས་ཀྱི་དུས་ཚོད་དེ་དག་ནི་སྨིག་རྒྱུ་བཞིན་རྗེས་ཤུལ་ཙམ་ཡང་མེད་པར་གྱུར་འདུག

འོན་ཀྱང་ཆེས་བརྗེད་དུ་མེད་པ་ནི་ཁྱོད་དང་འབྲེལ་བའི་སྤྲོ་ལྷང་ལྷང་གི་གཏམ་རྒྱུད་དེ་དག་རེད།

དེ་དག་ནི་ངའི་འཚོ་བའི་ཟིན་བྲིས་ནང་དུ་བཀོད་པའི་བརྗོད་བྱ་གལ་ཆེན་ཞིག་ཡིན།

གྲོགས་པོ་ལགས།

མཇུག་སྒྲིལ་ལ་ཉེ་བའི་དུས་ཚོད་ཡག་པོ་འདིའི་ནང་། ཞོགས་པ་ནས་ས་སྲོད་བར།

ས་སྲོད་ནས་མཚན་དགུང་བར། འཛུམ་ཆུང་གི་ཀློང་ནས། དགོད་སྒྲའི་ཁྲོད་ནས།

དབྱར་གྱི་མཛེས་སྡུག་ལེགས་པར་མངོན་པའི་ཁོར་ཡུག་ཆུང་ཆུང་འདི་ནས།

ངས་ཁྱོད་ལ་ཕེབས་བསུ་ཞུ།

གྲོགས་པོ་ལགས། སྤྱི་ཚོགས་ཞེས་པའི་ཆ་མེད་རྒྱུས་མེད་ཀྱི་ཁོར་ཡུག་དེའི་ཁྲོད།

དྲག་ཆར་གྱི་ཞེ་སྡང་དང་། བསིལ་རླུང་གི་གཡོ་སྒྱུ།

འཇའ་ཚོན་གྱི་སླུ་བྲིད། རི་ཚོགས་ཀྱི་བརྙས་བཅོས་ལ་འཕྲད་ངེས་ནའང་།

ཁྱོད་ནི་ཨམ་གཙིགས་བསྡམས་ནས།

རང་ཉིད་ཀྱི་ཕུགས་བསམ་དང་བདེ་སྐྱིད་ལྷུན་གྱིས་གྲུབ་པའི་གནས་མཆོག་དེར་ཤུགས་ཀྱིས་འཕུར་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1