ཞོགས་པ་དེར། ཁྱེད་ཚོ་ངའི་སྙན་ངག་ཡིན།
འབའ་མྱེ་སྟག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
ཞོགས་པ་དེར།
སློབ་གླིང་གི་དབྱངས་རྟ་དབྱངས་གསལ་གྱི་འགྱུར་ཁུག་ཁྲོད་མཆེད་ཅིང་།
རང་བྱུང་གི་མཛེས་པ་དཔྱིད་གསུམ་གྱི་པང་ཁུག་ནས་འཁྲུངས་དུས།
ང་ཡི་བརྩེ་མཐུན་གྱི་སློབ་གྲོགས་རྣམས་ཀྱིས་ཁུ་སིམ་པའི་སློབ་གླིང་ཞིག་གི་འགྲམ་ཡོར་ན།
ལྷད་མེད་པའི་གདངས་དབྱངས་ཞིག་གི་མདུན་སྣེ་བསུས་ཏེ།
སྐད་གསེང་མཐོན་པོའི་ངང་བློ་འདོན་བྱེད་བཞིན་འདུག
རང་བྱུང་གི་མཛེས་པས་བཟི་དུས་ཁྱེད་ཀྱི་དགོད་སྒྲ་དང་འཛུམ་མདངས་ནི་ངའི་སྙན་ངག་ཡིན་ལ།
ཁྱེད་ཀྱི་སུན་སྣང་དང་མིག་ཆུ་ཡང་ངའི་སྙན་ངག་གི་བརྗོད་སྙིང་ཡིན།
ང་ཡི་བརྩེ་མཐུན་ཚོ།
ཞོགས་པའི་རྩལ་སྦྱོང་གི་རྡོག་སྒྲའི་ཁྲོད་རེ་འདུན་དང་སྨོན་ཚིག་གང་མང་ཞིག་གིས།
ཉིན་གཅིག་ལ་དབུ་ཁྱུད་བྲིས་ཤིང་དབང་ལྔའི་མ་ལག་ལ་སྙོམས་སྒྲིག་བྱེད་དུས་ཁྱེད་ཅག་ལ་རྣམ་རིག་རྒྱས་ཟིན།
ང་ཡི་བརྩེ་མཐུན་ཚོ།
ཞོགས་པའི་རྡོག་སྒྲ་ནི་ངའི་སྙན་ངག་ཡིན་ལ་ཁྱོད་ཚོའི་ཕུགས་འདུན་ནི་ངའི་སྙན་ངག་གི་བརྗོད་སྙིང་ཡིན།
ང་ཡི་བརྩེ་མཐུན་ཚོ།
སྔ་ཚོགས་གྲལ་སྒྲིག་གི་ཅོང་བརྡ་དང་འགྲོགས་ནས་དཔེ་དེབ་མཆན་དུ་བཟུང་བའི།
ང་དང་ཁྱོད་ཚོས་སློབ་ཁང་གི་བར་ཁྱམས་དུ་རྣམ་དཔྱོད་ཀྱི་རལ་གྲི་བརྡར་དུས་ཡིད་ཆེས་དང་སྤོབས་པ་འབར།
ཁྱེད་ཚོ་ཡོད་པས་ང་ལ་ཁེར་རྐྱང་གི་འཚོ་བ་མེད།
གལ་སྲིད་ང་ལ་ཁེར་རྐྱང་གི་སྣང་བརྙན་ཞིག་དོད་རུང་།
དེ་ནི་ངའི་སྙན་ངག་གི་རྒྱུ་ལམ་ཡིན།
ང་ཁྱོད་ཚོར་འདང་ཆེ་བས་ངའི་སྙན་ངག་གི་བརྗོད་བྱ་ངུ་མ་དགོད་ཀྱི་ང་དང་ཁྱེད་ཚོའི་གནས་བབས་ཀྱི་འཚོ་བ་ཡིན།
ང་ཡི་བརྩེ་མཐུན་ཚོ།