ན་གཞོན་གླུ་མ་ཞིག་ལ།

རྐང་ཐང་བ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


ལང་ཚོའི་མེ་ཏོག་བོད་ནས་བཞད་ཅིང་སྒྱུ་རྩལ་སྟོང་གི་ཕྱུག་ལྡན་མ། །

བཞིན་རས་དུང་གི་ཟླ་བར་འགྲན་པའི་འཛུམ་འཛུམ་དགོད་པའི་ཞལ་དཀར་མ། །

ཁྲ་ཆུང་མིག་ཟུང་སྐར་ཆེན་བཞིན་དུ་མདངས་ལྡན་ཡིད་འོང་སྐྱེ་ཡག་མ། །

སྐྱེ་གཟུགས་ཚིག་དྲུག་སྨྱུག་མ་ཇི་བཞིན་གངས་ཅན་བོད་ཀྱི་གཤིས་བཟང་མ། །

འདྲེན་བྱེད་མིག་གིས་དགའ་བ་སྐྱེད་པའི་ཕོ་གཞོན་ཁྲི་ཡི་སེམས་དྲོད་མ། །

ཨུཏྤལ་བཞད་འདྲའི་མཆུ་སྒྲོས་མངར་མོ་འདོད་པའི་ཁམས་ཀྱི་བདུད་རྩི་མ། །

ཀེམ་ཀེམ་གཡོ་བའི་ཟུར་མིག་མདའ་མོ་སྟག་ཤར་སྟོང་གི་སྐྱེམས་ཆང་མ། །

ནུ་ཟུང་ནེམ་མོ་འབུར་ལ་དོད་ཅིང་འཆོར་སྒེག་ལང་ཚོའི་དཔལ་ལྡན་མ། །

ཕ་སྐད་གཙང་མའི་གདངས་དབྱངས་སྙན་མོ་སྤྲོ་བའི་ངག་ལ་གྱེར་མཁན་མ། །

བོད་པའི་སྲོལ་བཟང་སེམས་ལ་འཁྲུངས་བའི་གངས་ཀྱི་མེ་ཏོག་གཤིས་འཇམ་མ། །

གཡོ་འཁྱུག་གོམ་སྟབས་གར་ལ་རྩེན་པའི་མཛེས་ལྡན་རྨ་བྱའི་གཟུགས་བརྙན་མ། །

ཕྱག་ཟུང་པད་དཀར་ཡོལ་བ་འཁྱུག་འདྲའི་ནེའུ་གསིང་གཡུ་ལོའི་འདབ་སྟོང་མ། །

ཁྲ་ཚོམ་འོད་ཀྱི་ཕྲ་རྒྱན་རེ་རེ་ཁོ་མོའི་མགུལ་ཀྱི་མཛེས་རྒྱན་མ། །

དགའ་བ་སྟོང་ལྡན་འཛུམ་གྱིས་ཁེངས་པའི་སོ་ཕྲེང་གེ་སར་ཚལ་དངར་མ། །

རྒྱ་ལྕང་སྐྲ་ལོའི་འཕྱང་འཕྲུལ་གསེབ་ནས་སྨིན་མའི་འཁྲི་ཤིང་གར་བྱེད་མ། །

སྤང་ཐང་ཡངས་པའི་མེ་ཏོག་སེར་ཅན་གོས་སུ་བཀླུབས་པའི་སྒེག་ལྡན་མ། །

མིག་ལ་མཛེས་པའི་གོམ་འགྲོས་རེ་རེ་བགྲོད་པའི་མྱུར་སྟབས་ལྡེམ་སེ་ལྡེམ། །

གྱེར་བའི་ངག་གི་དབྱངས་རྟ་གསོན་པོ་མགྲིན་པའི་གསེང་ནས་སྙན་སེ་སྙན། །

ཁ་འབྲས་སྐྱེ་གཟུགས་གཞན་དང་མི་མཚུངས་བོད་མའི་གཤིས་བཟང་ལྷན་ནེ་མ། །

ཁྱེད་ལ་སྒྱུ་རྩལ་སྟོང་ལྡན་གྲོལ་བ་སོམ་ཉི་མེད་པར་བརྗོད་པ་ལགས། ། 


རྩོམ་ཡིག་སྔོན་མ།
དུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1