བུད་མེད་དང་འབྲེལ་བའི་མི་ཆོས་ཀུན་སྤྱོད་ཀྱི་སྐོར་གླེང་བ།
དཔལ་མོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
བོད་པའི་འཚོ་བའི་ཁྲོད་དུ་བུད་མེད་རྣམས་ནི་ལས་ལ་བརྩོན་ཞིང་ཁྱིམ་དང་བཟའ་བཏུང་གི་ཁྲོད་མེད་དུ་མི་རུང་བའི་གོ་གནས་ཟིན་ཡོད་ནའང་། ཆོས་ལུགས་དང་ཡུལ་སྲོལ། མི་རིགས་ཀྱི་འདུ་ཤེས་སོགས་ཀྱི་དབང་གིས་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་ཧ་ཅང་དམའ། སྔོན་གྱི་ཡིག་ཆ་དག་ཏུའང་བུད་མེད་གྲོས་ལ་མི་ཚུད་པ་དང་མོ་བཙུན་རྒྱལ་བོའི་བཀའ་ལ་མི་གཏོགས་པ་ལྟ་བུས་ཤེས་ཐུབ། དེ་ལྟར་ཡིན་ནའང་། མ་ཡི་ཤེས་རྒྱ་དང་འགྲོ་འདུག་ཀུན་སྤྱོད་ཀྱིས་བུ་ཕྲུག་ལ་ཤན་ཤུགས་ཟབ་མོ་ཐེབས་ལ། ཁྱིམ་སྲིད་དང་བུ་ཕྲུག་གི་གསོ་སྐྱོང་ཐད་ནས་མ་ལ་འབྲེལ་བ་ཟབ་མོ་ཡོད་པས་བུད་མེད་དང་འབྲེལ་བའི་མི་ཆོས་རིག་གནས་སྐོར་ལ་དཔྱད་པ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད། །
དང་པོ། བློ་བརྟན་མིན་པའི་སྐོར།
མི་ཞིག་ཡིན་ན་ཀ་རྡོ་བཞིན་དུ་བརྟན་ཅིང་། ཀ་བ་བཞིན་དུ་དྲང་དགོས་པ་ལས་རང་ཚུགས་མེད་ཅིང་གནམ་ངོ་བཞིན་དུ་འགྱུར་ལྡོག་ཆེ་ན་བུད་མེད་ཀྱི་སེམས་ཞེས་སྐྱེ་བོ་ཀུན་གྱིས་བུད་མེད་ལ་དཔེ་སྦྱར་ནས་སྨད་སྲིད། བོད་པའི་གཏམ་དཔེ་རུ། སྐྲ་རིང་མ་དང་བློ་ཐུང་མ། རྨ་བྱའི་སྒྲོ་མདོངས་མཛེས་ལ་གཤོག་རྩལ་གཉོམ། མ་བུ་མོའི་སྐྲ་སྣེ་རིང་ལ་བློ་སྣ་ཐུང་ཞེས་བུད་མེད་ལ་ཤེས་རྒྱ་མེད་པ་དང་། དབྱར་ཁའི་གནམ་ངོ་དང་བུད་མེད་ཀྱི་སེམས། གྱང་ཁའི་རྩྭ་སོགས་བློ་ཧ་ཅང་བརྟན་པོ་མིན་པ་དང་། བུ་གསུམ་གྱི་ཨ་མར་ཡང་བློ་མ་གཏོད་ཅེས་ཡིད་ཆེས་མི་བྱེད་པ་ལྟ་བུས་བུད་མེད་ཀྱི་རིགས་ལ་ཅུང་དམའ་འབེབས་ཀྱི་བསམ་བློ་བཅངས་འདུག ཁ་དཔེ་ལ་ཡང་ཁྱིམ་ཆུང་མ་རང་གི་མན་ཞིག །རྟ་འདོ་བ་རང་གི་ཡན་ཞིག་ཅེས་ཐ་ན་སྐྱེས་པ་ཞིག་ལ་མཚོན་ན་རང་གི་ཆུང་མ་དང་རྟ་གཉིས་ལས་ཀྱང་རྟ་བཟང་པོ་ཞིག་འདེམ་དགོས་པའི་གནས་ལུགས་འདི་དག་གིས་བོད་པའི་སྤྱི་ཚོགས་ཀྱི་བུད་མེད་ཀྱི་གོ་གནས་མཚོན་པ་དང་། འདི་ལ་ད་དུང་། བག་མ་རྟ་ཐོག་ནས་འགྱུར། །གཡུ་ཆུང་མགོ་ཐོག་ནས་ལྷུང་། །ཞེས་བུ་མོ་ཞིག་གནས་ལ་འགྲོ་ཁར་སེམས་ལ་འགྱུར་བ་བྱུང་བ་བརྗོད་ནས་བློ་བརྟན་མིན་པ་དང་འགྱུར་སླ་བའི་མི་ལའང་འདི་འདྲའི་དཔེ་ཡིས་ཟུར་ཟ་བྱེད་ངེས། གཞན་ཡང་། བུད་མེད་ཀྱི་བརྩེ་དུང་ཞག་གསུམ། །རྟ་གསར་གྱི་མགྱོགས་མགྱོགས་ཞག་གསུམ། རོགས་གསར་པ་ཡོད་དུས་རྙིང་པ་དོར། །གཡུ་བྱུ་རུ་ཡོད་དུས་སྤོས་ཤེལ་བོར། །ཡུལ་ན་ཡོད་དུས་གནས་ལ་བྲེལ། །གནས་ན་ཡོད་དུས་ཡུལ་ལ་བྲེལ། །སོགས་འཚོ་བ་དངོས་དང་མཐུན་པའི་བྱ་བྱེད་གཞིར་བཟུང་ནས་རང་བཞིན་མི་བརྟན་པའི་བློ་ལ་སྐྱོན་བརྗོད་དེ་མི་རང་ཚུགས་ཅན་ཞིག་བྱེད་དགོས་པ་གདམས་ཡོད། དཔེ་འདི་འདྲ་འདི་ལས་ང་ཚོས་རང་གཤིས་ངན་པ་བཅོས་བསྒྱུར་དང་རང་ནད་གསོ་བའི་སྨན་མཆོག་ཅིག་ཏུ་འགྱུར་བར་བྱེད་དགོས། །
གཉིས་པ། སྨྲ་སྒོ་དང་འབྲེལ་བའི་སྐོར།
སྐད་ཆ་ཡིས་མི་དང་མིའི་བར་ལ་འབྲེལ་བ་ཡག་པོ་འཛུགས་ཐུབ་ལ། མི་དང་མིའི་བར་གྱི་འབྲེལ་བ་བཟང་པོའང་གཏོར་ཐུབ། དེ་བས་ཁའི་ཉེས་དམིགས་ལ་གཞིགས་ནས་ཉམས་མྱོང་རྒན་པོས། ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ་ཅན། །རྟ་རྒོད་མ་བརྒྱ་ཡིས་འཚོ་སྐྱོང་དཀའ། །ཞེས་དང་། ཚིག་བཏད་ལེགས་ན་ནི། སྲིད་ཀྱི་ཡུ་བ་ལ། ཁ་སྨྲས་ཉེས་ན་ནི། བདུད་ཀྱི་སྒོ་མོའོ། །ཞེས་བདུད་ཀྱི་སྒོ་མོ་འདྲ་བ་ནས་ཅི་བཤད་ལ་གཟབ་དགོས་པ་དང་། ཅི་གསུང་ལ་བསམ་དགོས་པ་མ་ཟད། ཁ་ནི་འཇིག་རྟེན་གྱི་ལེགས་ཉེས་ཀུན་གྱི་སྒོ་ཡིན་པས་ཕྱི་རབས་པ་རྣམས་ལ་ངག་གི་སྨྲ་སྒོ་དང་འབྲེལ་བའི་ཁ་ཏ་གནང་ཡོད། མི་ཆོས་གནད་ཀྱི་ཕྲེང་བ་རུ། སྡུག་ཁ་དགྲ་ཡི་གཡབ་མོ་ལེགས་པར་ཆོད། །བྱ་མང་བྱུར་གྱི་སྣ་འདྲེན་ལེགས་པར་ཆོད། །བློ་མང་འདུན་མའི་དཀྲུག་ཤིང་ལེགས་པར་ཆོད། །གཤིས་ངན་དགྲ་བོའི་ཚོགས་ས་ལེགས་པར་ཆོད། ཅེས་མི་ཆོས་ཀུན་སྤྱོད་ཐད་ནས་ཁ་ནི་དགྲ་ཡི་གཡབ་མོ་ལྟ་བུ་ཡིན་པས་འདི་ལ་མཉམ་འཇོག་བྱེད་དགོས་པ་གདམས་ཡོད། དེ་བཞིན་དུ་དཔེ་གཞན་དུའང་བུད་མེད་དང་འབྲེལ་ཏེ། བུད་མེད་ཀྱིས་བློ་བྱས་དང་། སྐྱེས་པའི་སྲིད་རླག་ལྟ་བུ་དང་། བུད་མེད་ཀྱི་ཁ་ལ་མ་ཉན། །ཁང་ཐོག་ལ་རྩྭ་ངན་གྱིས་ཁེངས། །ཞེས་ཆེ་བ་རྒྱལ་ཁབ་ཀྱི་སྲིད་དང་ཆུང་བ་ཁྱིམ་སྲིད་ཀྱི་ནང་དུ་རྒྱལ་པོ་དང་ཁྱོ་ག་གང་ཡིན་ཡང་བུད་མེད་ཀྱི་གྲོས་བཏོན་པ་ལ་ཉན་ན་མཇུག་འབྲས་ལེགས་པོ་མེད་ཚུལ་བརྗོད་པ་དང་། ཐམས་ཅད་དེ་ལྟར་མིན་ཡང་བུད་མེད་ལ་རྐྱེན་བྱས་ཏེ་རྒྱལ་སྲིད་བརླགས་པ་དང་། ཁྱིམ་ཚང་ལ་ཕུང་དཀྲུག་བྱུང་བ་དཔེ་བྱས་ཏེ་བུད་མེད་ཀྱི་རྣ་བར་སྨྲ་མི་མང་། དེ་ལས་མང་ན་བྱ་བ་ཉེས། །ཡང་ན ཟས་ཞིམ་པོ་ནི་འགྲོན་ལ་གཅེས་ལ། ངག་བཟང་བོ་ནི་སྲིད་ཆེད་པོ་དམྱིགས་སོ། ཞེས་རྒྱལ་སྲིད་དང་ཁྱིམ་སྲིད་གང་ཡིན་ཡང་ངག་གི་སྒོ་མོ་ཡིས་ཤུགས་རྐྱེན་ཐེབས་པས་ཁ་ནས་གང་སྨྲ་ལ་གཟབ་དགོས་པ་དང་། དེ་མིན་ན་ཁྱི་གུ་བུད་མེད་ཕྲུ་གུ་གསུམ། ཁ་ཆུ་སློང་བའི་གཞི་རྩ་ཡིན། །ཞེས་གྱོད་དང་ཁ་ཆུ་མང་པོ་ཞིག་གི་བྱུང་བ་ཡང་བུད་མེད་ཀྱི་བྱ་བྱེད་དང་སྐད་ཆ་ལ་འབྲེལ་བ་ཡོད་པ་སོགས་ཀྱི་ཉམས་མྱོང་མང་པོ་གཞི་བྱས་ཏེ་སྡོམ་ཚིག་རང་བཞིན་གྱི་གཏམ་དཔེ་འདི་དག་བྱུང་བར་འདོད། །
གསུམ་པ། འགྲོ་འདུག་བྱ་བྱེད་ཀྱི་སྐོར།
བོད་རིགས་བུད་མེད་ལ་མཚོན་ན་ལུས་ཀྱི་གྱོན་པ་དང་། རྐང་བའི་སྟངས་སྟབས། ངག་གི་བརྗོད་སྟངས། ཕྱི་ཡི་ཉམས་དང་ནང་གི་འགྱུར་བ་སོགས་མི་རིགས་གཞན་དང་མི་གཅིག་པའི་ཚུལ་མང་། དཔེར་ན། འགྲོ་དུས་གོམ་ཁ་ཡང་མོ། །བཤད་དུས་ངག་ཚིག་འཇམ་པོ། །དར་དཀར་འདྲ་བའི་འཇམ་ཤ བལ་ཐིག་འདྲ་བའི་ལྷོད་ཤ་ཞེས་བུད་མེད་ཀྱི་འགྲོ་འདུག་དང་སྤྱོད་ལམ་གྱི་ཐད་ལ་ཞི་ཞིང་དུལ་བའི་ཉམས་ལྡན་དགོས་པ་དང་། ཉམས་དེ་འདྲ་ཅན་གྱི་རང་གཤིས་བཟང་པོ་ལ་བསྟོད་པ་བྱས་ཡོད། ལག་ལས་ཀའི་ཐད་ནས་སྔ་དྲོ་ལངས་པའི་སྔ་མ་དང་དགུང་དྲོ་ཉལ་བའི་རྟིང་མ་བྱེད་དགོས་པ་མ་ཟད། མོ་ཤོང་ཡངས་ཅན་ལ་བཟའ་མགྲོན་འཁོར། །མོ་ལོ་ལྔ་གསུམ་བཅོ་ལྔ་ནས། །བཞོན་འོ་མའི་ཚ་གྲང་འབྱེད། །ཅེས་ཆུང་དུས་ནས་བཟུང་ཁྱིམ་ལས་དང་སྒོ་ཕྱི་ནང་བར་ནས་ལས་ལ་བརྩོན་དགོས་པ་གདམས་པའི་ཞོར་ལ་ལས་དེ་འདྲ་ཅན་གྱི་བུད་མེད་ལ་བཟང་བསྟོད་དང་། དཔེ་ཡི་ཐད་ནས་ཀྱང་དར་དཀར། བལ་ཐིག་ལྟ་བུ་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུ་མཐོང་སྣང་དུ་ཡོད་པའི་བྱ་དངོས་ལ་སྦྱར་བས་ཉན་མ་ཐག་གོ་བདེའོ། །
འགྲོ་འདུག་གི་ཐད་ནས་ལེགས་པའི་ཆ་ལ་བསྟོད་པའི་ཤུགས་ནས་ཉེས་པའི་རང་བཞིན་བཅོས་བསྒྱུར་བྱེད་དགོས་པ་ནི་གཏམ་དཔེའི་མཐར་ཐུག་གི་དམིགས་ཡུལ་ཡིན་པས་འདིར་དེའི་སྐོར་གྱི་དཔེ་འགའ་དྲངས་ན། ཉལ་བའི་བུ་མོར་བདེ་བ་མེད། །བདེ་བ་ཨེ་འདུག་རྡོ་ལ་ལྟོས། རྡོ་གོར་མོ་ཉལ་ན་དྲེག་པ་ལངས། །ལྟ་བུ་དང་། ཕོ་ཉལ་དྲག་ན་དགྲ་མགོ་ཤོར། །མོ་ཉལ་དྲག་ན་ལས་མགོ་ཤོར། །ཞེས་བུད་མེད་དག་ཉལ་ནས་བསྡད་ན་ཁྱིམ་ཕྱི་ནང་གི་དོན་མི་འགྲུབ་པས་སྲོལ་དེ་འདྲ་གོམས་མི་རུང་བའི་གནས་ལུགས་བརྗོད་པ་དང་། ཕོ་ངན་ཚིག་ལ་བསྐྱར་ཟློས། །རུལ་མའི་རྩམ་པ་ཉིས་འཐག །ཅེས་བུད་མེད་ཅིག་ལ་མཚོན་ན་ལས་ཀའི་ཐད་ནས་ཞིབ་ཚགས་དང་ནན་ཏན་གྱི་རང་བཞིན་བྱེད་དགོས་པ་ལས་འགྲོ་ཐབས་འདུག་ཐབས། ལས་ཐབས་འགྲུབ་ཐབས་བྱས་ན་དོན་གྱི་འབྲས་བུ་མི་ལེགས་པའི་ཚུལ་དེ་བསྟན་ཡོད། ལག་ལས་ཀ་མ་ཟད་ཕ་མ་དང་རྒན་པ་ལ་བརྩི་བཀུར་བྱེད་དགོས་པའི་ཐད་ནས་ཀྱང་ཆུང་མ་ཡིས་རང་གི་ཁྱོ་ག་ལ་བརྩི་བཀུར་དང་ཞབས་ཞུ་བྱེད་དགོས་པ་ལས། ང་རྒྱལ་ཅན་གྱི་ཆུང་མ་ཡིས། །རང་གི་ཁྱོ་བོ་གཡོག་ཏུ་བཀོལ། །ལྟ་བུའི་སྣང་ཚུལ་བྱུང་ན་སྐྱེ་བོ་ཀུན་གྱི་སྨད་པའི་གཞི་རུ་འགྱུར་སྲིད། གནས་ལུགས་འདི་དག་བསྟན་པའི་དམིགས་ཡུལ་ནི་ཕྱི་རབས་པ་དག་གིས་སྔོན་རབས་པའི་དཔེ་གཞིར་བཟུང་ནས་རང་གི་འགྲོ་འདུག་ཀུན་སྤྱོད་ཐད་བཅོས་བསྒྱུར་བྱེད་དགོས་པ་རེད། བཅོས་བསྒྱུར་བྱེད་པར་ཡང་། ཡུན་དུ་ཕན་པ་ནི། དཀའ་ཡང་བསླབ། ཡུན་དུ་གནོད་པ་ནི། དད་གྱང་བཏང་ན་འཕྲལ་གྱི་ལྟ་ཅི་སྨོས་ཞེས་གསུངས་པ་བཞིན་མདོར་བསྡུས་ན་ལེགས་པའི་ཕྱོགས་དེ་དཀའ་ཡང་སློབ་པ་དང་ལོབས་དགོས་པའི་བསླབ་བྱ་གནང་ཡོད། །
རྒན་པ་དང་ཕ་མ་ཞིག་ལ་མཚོན་ན་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་བ་ནི་མི་རིགས་ཚང་མར་ཡོད་པའི་ཐུན་མོང་གི་སྲོལ་ཞིག་ཡིན་ཞིང་། དེ་ལས་ཀྱང་འཇིག་རྟེན་མི་ཆོས་སྐོར་གྱི་བསླབ་བྱ་དང་། ཕྱི་རབས་པར་སློབ་གསོ་ཐེབས་ཐུབ་པའི་ཚིག་ཉུང་ཞིང་དོན་འདུས་པ། རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤུད་པའི་གཏམ་དཔེ་འདི་དག་གིས་མིའི་རིགས་ཀྱི་སྤྱོད་ལམ་དང་བསམ་བློ་ཇེ་ཡག་ཏུ་བསྒྱུར་བར་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་པས་ན་ང་ཚོ་ཕྱི་རབས་པ་དག་གིས་དཔེ་འདི་དག་ལ་ཉམས་ལེན་དང་སློབ་སྦྱོང་བྱེད་པའི་ཞོར་དུ་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་གལ་ཆེན་རང་བཞིན་རང་རྟོགས་དགོས་པར་འདོད་དོ། །
◆ རྩོམ་པ་པོ། དཔལ་མོ་རྒྱལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན།