བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལས་དོན་དང་དེའི་འབྲེལ་ཡོད་གནད་དོན་ཁ་ཤས་རགས་ཙམ་གླེང་བ།
མགོན་པོ་དཔལ་ལྡན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
དང་པོ། བརྟག་དཔྱད་བྱ་ཡུལ།
ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཁྲིམས་འཛིན་ལས་དོན་སྡེ་ཁག་ཁ་ཤས་ཐེངས་འདིའི་བརྟག་དཔྱད་བྱ་ཡུལ་དུ་བདམས་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལས་དོན་ཁག་གཞན་ལས་སྔ་ཤོས་ཡིན་པར་མ་ཟད། འཕེལ་རྒྱས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་པ། གྲུབ་འབྲས་ཡག་པོ་ཐོབ་ཡོད་པས་བོད་རིགས་ས་ཁུལ་གྱི་གཞི་རིམ་གྱི་ཁྲིམས་འཛིན་སྡེ་ཁག་གཞན་དག་སློབ་སྦྱོང་བྱ་ཡུལ་དང་མིག་དཔེ་རུ་བཟུང་ཡོད། དེ་མིན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི་《 རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ།》 (པར་གཞི་གཉིས་པ )སོགས་བཞུགས་ཡོད་པས་སོ། །
གཉིས་པ། བརྟག་དཔྱད་ཀྱི་ནང་དོན།
རྒྱལ་ཁབ་ཀྱི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐེངས་བཞི་བའི་སྟེང་བཏོན་པའི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་འཐབ་ཇུས་དང་བོད་ལྗོངས་ཁྲིམས་ལྟར་སྐྱོང་བའི་འབྲེལ་ཡོད་རྒྱབ་ལྗོངས་ཀྱི་དོན་སྙིང་འོག་ཏུ། ཁྲིམས་ལུགས་སྤྱད་འཐུས་ཀྱི་གནད་འགག་གི་དུས་རིམ་དང་སྤྱི་དམངས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་ཁག་ཐེག་བྱས་པའི་ཆེས་གཞི་རྩའི་དུས་རིམ་འདིར། བོད་ཁུལ་གྱི་ཁྲིམས་འཛིན་ལས་དོན་གྱི་འཁོར་རྒྱུག་གི་གནས་ཚུལ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་འདུག གཞུང་ཕྱོགས་ཀྱི་བོད་ལྗོངས་ས་ཁུལ་སོ་སོའི་ཁྲིམས་སྐྱོང་གི་སྙན་ཞུ་ལ་བལྟས་ན། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལས་དོན་ལ་ལེགས་ཤོས་ཀྱི་འཕེལ་རྒྱས་དང་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ཡོད། དཔེར་ན། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལས་བྱེད་མི་སྣའི་གསོ་སྐྱོང་དང་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རྩོད་ལས་གཉེར་པའི་གསོ་སྦྱོངས་དང་དེ་མིན་བོད་ལྗོངས་ནས་བོད་ཡིག་གི་ལམ་ནས་ཁྲིམས་འཛིན་རྒྱུགས་གཞིའི་རྒྱུགས་ཤོག་བཀོལ་བའི་བྱ་ཐབས་སོགས་ཡོད། འདི་དག་ལ་རྒྱུས་ལོན་གསལ་བོར་དགོས་པ་ནི་བརྟག་དཔྱད་ཀྱི་ནང་དོན་གཙོ་བོ་ཡིན།
གསུམ་པ། བརྟག་དཔྱད་བྱས་འབྲས་
དབྱེ་ཞིབ་དང་གྲོས་བསྡུར།
གཅིག ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་གྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལས་དོན་གྱི་བརྟག་དཔྱད་འདྲི་ཤོག་ཕྱོགས་བསྡོམས།
1.ལྷ་ས་གྲོང་ཁྱེར་གཞི་རིམ་དངོས་དོན་སྲིད་ཁྲིམས་སྡེ་ཁག་གིས་གཏུགས་གཤེར་བྱེད་པོའི་མི་རིགས་གང་ཡིན་གྱི་ཐོབ་ཐང་ལ་དམིགས་ནས་ཅུང་མ་ལག་རང་བཞིན་ཅན་གྱི་བོད་རྒྱ་སྐད་གཉིས་རྣམ་པ་ཆགས་འདུག་པ་དཔེར་ན་ཁྲིམས་ར་ཚོགས་སྐབས་བོད་སྐད་རྐྱང་རྐྱང་སྤྱོད་པ་དང་བོད་སྐད་དང་རྒྱ་སྐད་གཉིས་ཀ་བབས་བསྟུན་གྱིས་སྤྱོད་པའི་རིགས་གཉིས་ཡོད། ཁྲིམས་འཛིན་ཡིག་ཁྲ་བོད་ཡིག་གི་ལམ་ནས་འབྲི་བ། གཞི་རིམ་སྡེ་ཁག་གི་དྲ་རྒྱའི་མ་ལག་ཁྲོད་བོད་ཡིག་རྐྱང་རྐྱང་གི་གྱོོད་ཡིག་སྐྱེལ་འཇོག་བྱེད་པ་སོགས་མཆིས།
2. ལྷ་ས་གྲོང་ཁྱེར་གཞི་རིམ་ཁྲིམས་འཛིན་སྡེ་ཁག་གི་ཁྲོད་བོད་སྐད་ཡིག་ལོ་ཙཱའི་བྱ་བ་བྱེད་མཁན་90%ཡན་མཆིས་པ་དང་། དེ་དག་ནི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ནས་མཐར་ཕྱིན་པའི་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་ཡིན་པས། བོད་རྒྱ་སྐད་གཉིས་ཁྲིམས་རིག་ཆེད་ལས་ཀྱི་མི་སྣ་དཀོན་པས། ལོ་ཙཱའི་བྱ་བ་འགན་འཁུར་སྐབས་བཅའ་ཁྲིམས་སྐོར་གྱི་ཐ་སྙད་བསྒྱུར་བ་ཡང་དག་མིན་པ་དང་ཚད་ལྡན་མིན་པའི་གནད་དོན་མཆིས། ལས་བྱེད་མི་སྣ་འདི་དག་ནི་བྱ་བའི་འཁོར་ཡུག་གི་རེ་འདུན་འོག་དང་ཡང་ན་དུས་ཡུན་རིང་པོའམ་ཐུང་ངུའི་སྦྱོང་བརྡར་དང་། རང་སྦྱོང་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རང་སྟེང་གི་ཆེད་ལས་ཤེས་བྱའི་མི་འདང་ས་ཁ་གསབ་བྱེད་བཞིན་ཡོད་ནའང་དེ་དག་མ་ལག་རང་བཞིན་ཅན་དུ་ཆགས་མེད་དེ། གོང་གི་རྣམ་པའི་སློབ་སྦྱོང་བརྒྱུད་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཡིག་རྒྱུགས་རྒྱུགས་འཕྲོད་མཁན་ཧ་ཅང་ཉུང་།
3.ལྷ་ས་གྲོང་ཁྱེར་གཞི་རིམ་ཁྲིམས་འཛིན་སྡེ་ཁག་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ལ་ཤུགས་བསྣོན་པ་བཞིན་ཡོད། མ་རྩ་མི་འདང་བ་དང་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱིས་རྒྱུ་རྐྱེན་་གྱི་དབང་གིས་ནང་འདྲེན་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཡོད།
4.ལྷ་ས་གྲོང་ཁྱེར་གཞི་རིམ་ཁྲིམས་འཛིན་སྡེ་ཁག་ཁྲོད་དུ་སྐད་གཉིས་ཀྱི་ཁྲིམས་དཔོན་དང་སྐད་གཉིས་ཀྱི་ཞིབ་དཔྱོད་དཔོན་དཀོན་པའི་དབང་གིས་རྒྱ་ཡིག་གི་ཁྲིམས་དཔོན་ཞིབ་དཔྱོད་དཔོན་ལ་བརྟེན་དགོས། དེར་བརྒྱུད་ནས་ཡིག་བསྒྱུར་མི་སྣས་སྒྲིག་སྤོར་བྱེད་པའི་རྣམ་པར་གཏོང་བ། རིམ་པ་འདི་དག་གི་ལོ་ཙཱའི་བརྒྱུད་རིམ་ཁྲོད་རྒྱ་ཡིག་གི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱིས་གྱོད་དོན་ལ་རྒྱུས་ལོན་གྱི་ཞིབ་ཚགས་ཕྱོགས་དུ་བར་ཆད་ལྡན་པས། གྱོད་དོན་དེ་ཁྲིམས་ལུགས་བརྒྱུད་རིམ་དུ་མཇུག་སྒྲིལ་རུང་དོན་དག་མཇུག་རྫོགས་མེད་པའི་གནད་དོན། ལག་བསྟར་བྱེད་དཀའ་བ་དང་གྱོད་དོན་ཞིབ་དཔྱོད་ཀྱི་སྲིད་ཕྱོད་དམའ་བའི་གནད་དོན་ཡོད།
གཉིས། ལྷ་ས་གྲོང་ཁྱེར་གྱི་བོད་ཡིག་གི་ཁྲིམས་འཛིན་རྒྱུགས་ལེན་གནས་ཚུལ་གྱི་འདྲི་ཤོག་ཕྱོགས་སྡོམ།
1. ལྷ་ས་གྲོང་ཁྱེར་གྱིས་བོད་ཡིག་གི་ཁྲིམས་འཛིན་རྒྱུགས་ལེན་གཏན་ལ་ཕབ་མོད། འོན་ཀྱང་དེའི་ཁྲོད་དུ་གནས་བའི་གནད་དོན་ནི། བོད་ཡིག་གི་ཁྲིམས་འཛིན་རྒྱུགས་ལེན་ལ་ཞུགས་མཁན་ཉུང་ཞིང་རྒྱུགས་འཕྲོད་ཚད་དམའ་བ། རྒྱུགས་ཤོག་གི་ལོ་ཙཱ་ཚད་ལྡན་མིན་པ། བོད་ཡིག་ལམ་གྱི་བསྐྱར་སྦྱོང་གི་དཔྱད་གཞི་ཉུང་བ། དབང་གྲགས་ཅན་གྱི་བོད་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱི་ཐ་སྙད་ལོ་ཙཱ་བྱས་ཡོད་པ་དཀོན་པ་སོགས་ཀྱི་གནད་དོན་ཡོད་པ།
2.ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐོ་རིམ་སློབ་གྲྭའི་ཁྲོད་བོད་རྒྱ་སྐད་གཉིས་ཀྱི་ནུས་པ་ཡོད་པ་དང་ཁྱད་པར་དུ་ཁྲིམས་ལུགས་ཆེད་ལས་ཀྱི་རྒྱུགས་ཞུགས་སློབ་མ་ཤིན་ཏུ་ཉུང་། རྒྱུགས་ཞུགས་སློབ་མས་བོད་ཡིག་རྣམ་པའི་ཁྲིམས་འཛིན་རྒྱུགས་གཞིའི་ཚད་ཐིག་ལོན་ཚད་ལ་དབྱེ་ཞིབ་བྱས་རྗེས་དེ་ལ་མིང་ཐོ་འགོད་པའི་རེ་བ་ཆེན་པོ་ཅང་མི་འདུག
3.བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ལ་བསླབ་ཚན་ཧ་ཅང་མང་བའི་གནད་དོན་གནས་པ། བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་ཕྱོགས་ཀྱི་སྐད་བརྡ་རིག་པའི་སློབ་ཚན་ཡོད་པ་མ་ཟད། སྤྱིར་བཏང་ཁྲིམས་རིག་པའི་ཆེད་ལས་ཀྱི་སློབ་ཚན་ཡང་གཏོགས་པས། སློབ་མའི་སློབ་ཚན་གྱི་འགན་ཁུར་ལྗིད་གྲགས་པ། སློབ་སྦྱོང་བྱེད་མི་འདོད་པའི་གནད་དོན་་གནས་བ། སློབ་ཚན་ཡོད་ཚད་ཀྱི་ཁྲོད་དུ་བོད་ཡིག་གི་རྣམ་པ་ལ་དམིགས་པའི་ཁྲིམས་འཛིན་རྒྱུགས་ལེན་སྐོར་གྱི་སློབ་ཚན་བཀོད་སྒྲིག་བྱས་མེད་པ།
4.བོད་རྒྱ་སྐད་གཉིས་རྒྱབ་ལྗོངས་ཀྱི་ཁྲིམས་ལུགས་ཆེད་ལས་ཀྱི་དགེ་རྒན་ཧ་ཅང་དཀོན་པ་དེས་སློབ་མར་རྒྱ་ཡིག་གི་ལམ་ནས་ཁྲིམས་ལུགས་ཆེད་ལས་ཀྱི་ཤེས་བྱ་སྦྱངས་དགོས་པར་བྱས་ཡོད། དེ་ནས་བོད་ཡིག་གི་ཡིག་བསྒྱུར་ལམ་ནས་སློབ་སྦྱོང་བྱས་པ་བརྒྱུད་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་ཆེད་ལས་ཀྱི་རེ་འདུན་འགྲུབ་པར་བྱེད་དགོས་པས། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་གནོན་ཤུགས་ཧ་ཅང་ཆེ་བར་བཏང་ཡོད།
5. བོད་ཡིག་རྣམ་པའི་ཁྲིམས་འཛིན་རྒྱུགས་གཞིའི་རྒྱུགས་ཤོག་ལ་གཤམ་གྱི་གནད་དོན་འདུག་སྟེ། རྒྱ་ཡིག་ཚིག་རྐང་གི་གྲུབ་ཚུལ་དང་བོད་ཡིག་ཚིག་རྐང་གི་གྲུབ་ཚུལ་མི་མཐུན་པའི་རྐྱེན་གྱིས། ལོ་ཙཱ་བྱས་པའི་སྐབས་སུ་ཕྲད་ཀྱི་བཀོལ་སྟངས་ནོར་བ་དང་། རྒྱ་ཡིག་གི་ས་མིང་། མི་མིང་གི་ལོ་ཙཱ་དེ་དག་སྒྲ་སྒྱུར་ཡིན་ཞིང་། སྒྲ་སྒྱུར་ཡང་ཡོངས་སུ་གཅིག་མཐུན་ཡོང་མི་སྲིད་པའི་གནས་ཚུལ་ཡོད་པ་ལ། གསལ་བཤད་བྱས་མེད་པས། བོད་ཡིག་གི་རྣམ་པའི་རྒྱུགས་ཤོག་གི་ཁྲོད་དུ་རྙོག་འཛིང་གི་གནད་དོན་གནས་པ། ཁ་བྱང་ལ་ངོས་འཛིན་དང་རྒྱུས་ལོན་གྱིས་ཐད་ལ་དཀའ་ངལ་བཟོས་པ།
བཞི་བ། བརྟག་དཔྱད་སྤྱི་སྡོམ།
1. བོད་རིགས་ས་ཁུལ་གྱི་གཞི་རིམ་ཁྲིམས་འཛིན་ལས་དོན་སྡེ་ཚན་ཁྲོད་ཁྲིམས་ལུགས་རིག་པའི་བོད་རྒྱ་སྐད་གཉིས་ཆེད་ལས་ཀྱི་སློབ་མ་དགོས་མཁོ་ཆེ་ཞིང་ཆེད་ལས་ཀྱི་ངོས་ནས་བརྗོད་ན་ལས་ཞུགས་ཐབས་ལམ་གཞན་དག་དང་བསྡུར་ན་ཅུང་སྟབས་བདེ།འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་ཁྲིམས་ལུགས་རིག་པའི་རྨང་གཞི་ཤེས་བྱ་ཁོང་དུ་ཆུད་པའི་གནས་ཚུལ་འོགཡིག་སྒྱུར་གྱི་ནུས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་བྱེ་བྲག་གི་གྱོད་དོན་ཁྲོད་བེད་སྤྱོད་བྱེད་པའི་ནུས་པ་སྟེ་ཉེར་སྤྱོད་། མཉམ་འདུས་ཅན་ཀྱི་ངོས་ནས་གསོ་སྐྱོང་བྱ་དགོས།
2. བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་གསོ་སྐྱོང་བྱ་ཐབས་ནང་སྐད་ཡིག་གཉིས་ལ་བྱང་ཆ་ཡོང་བ་གཙོ་གནད་དུ་འཛིན་དགོས། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་ནུས་པ་ཡོད་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། སློབ་མས་སྔར་བས་མགྱོགས་མྱུར་ངང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་བྱ་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ལྡན། སློབ་ཚན་ཇུས་འགོད་ཁྱབ་ཁོངས་ནང་གཙོ་རྐང་སློབ་དེབ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལུགས་རིག་པའི་སྐོར་དང་འབྲེལ་བ་ལྟོས་བཅས་ཀྱིས་ཆུང་བའི་བསླབ་ཚན་བཀོད་སྒྲིག་བྱེད་པ་འོས་མཚམས་ཀྱིས་ཉུང་དུ་གཏོང་དགོས།
3.རྒྱལ་ཁབ་ཀྱི་བཅའ་ཁྲིམས་རྒྱུགས་ལེན་བརྒྱུད་ནས། བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་སློབ་མ་ ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དེར་བརྟེན་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་རིག་པའི་ནུས་པ་ཡོད་པའི་སློབ་མ་ལ་མཚོན་ན་བོད་ཡིག་གི་བཅའ་ཁྲིམས་རྒྱུགས་ལེན་ལ་ཞུགས་ན་ཕན་པ་ཆེ་ཙམ་ཡོང་སྲིད།
4.བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་སློབ་ཚན་བཀོད་སྒྲིག་དང་སློབ་ཁྲིད་འཆར་གཞིའི་ནང་བཅའ་ཁྲིམས་རྒྱུགས་ཀྱི་ནང་དོན་གཙོ་བོར་བཟུང་སྟེ། རིགས་པའི་གཞུང་ལུགས་སྐོར་ཀྱི་བསླབ་ཚན་འོས་འཚམས་ཀྱིས་ཉུང་དུ་གཏོང་བ་དང་། དཔེ་མཚོན་གྱོད་དོན་སྐོར་གྱི་སློབ་ཁྲིད་ཀྱི་ཚད་མང་དུ་གཏོང་བ། བོད་ཡིག་གི་རྣམ་པའི་བཅའ་ཁྲིམས་རྒྱུགས་ལེན་སྐོར་གྱི་སློབ་ཚན་གཅིག་གཉིས་ཁ་སྣོན་གཏོང་བ།
(本论文为西北民族大学教育教学改革研究项目“藏汉双语法律专业教材编译前期理论研究”【项目编号:2017XJJG-23】的最终研究成果之一。)
◆ རྩོམ་པ་པོ། མགོན་པོ་དཔལ་ལྡན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་སློབ་གླིང་གི་འཆད་ཁྲིད་དགེ་རྒན།
ཉི་མ་ཚེ་རིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་སློབ་གླིང་གི་སློབ་དཔོན་གཞོན་པ།