བོད་ཀྱི་སྲོལ་རྒྱུན་ཟློས་གར་ཁམས་ཁུལ་དུ་དར་ཁྱབ་དང་འཕེལ་རྒྱས་བྱུང་ཚུལ་ལ་དཔྱད་པ།

སྒྲོལ་མ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


དང་པོ། བོད་ཀྱི་སྲོལ་རྒྱུན་ཟློས་གར་ཁམས་ཁུལ་དུ་དར་འཕེལ་བྱུང་ཚུལ།

ཐང་སྟོང་རྒྱལ་པོས་ལྷ་མོའི་ཟློས་གར་གསར་དུ་བཏོན་པ་ནས་ད་བར་དུ་ལོ་ངོ 600 ལྷག་གི་རྒྱུན་འཛིན་དང་དར་སྤེལ་བརྒྱུད། བོད་ཀྱི་ཟློས་གར་དེ་ཐོག་མའི་རྔོན་པ་དང་རྒྱལ་ལུ། ལྷ་མོ་སོགས་ཀྱི་སྒྲིག་གཞི་སྣ་རྐྱང་ཅན་ནས་འདོན་པ་དང་གཞུང་དངོས། བཀྲ་ཤིས་འཇོག་པ་བཅས་ཀྱི་གོ་རིམ་གསུམ་ལྡན་གྱི་སྒྲིག་གཞི་ཅན་དུ་ཆགས་ཡོད། འཁྲབ་བྱའི་ནང་དོན་ཐད་ནས་ཀྱང་ཆོས་རྒྱལ་ནོར་བཟང་དང་དོན་ཡོད་དོན་གྲུབ། སྣང་ས་འོད་འབུམ། དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ། པདྨ་འོད་འབར། རྒྱ་བཟའ་བལ་བཟའ་སོགས་ཚབ་མཚོན་དུ་བཀོད་པའི་སྲོལ་རྒྱུན་གྱི་འཁྲབ་གཞུང་བཅུ་གྲངས་ལྷག་ཡོད་པ་རེད། དུས་རབས་བཅུ་བདུན་པ་ནས་བཟུང་འབྲས་སྤུངས་དགོན་པའི་ཞོ་སྟོན་དང་དམངས་ཁྲོད་ཀྱི་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་དབར་འབྲེལ་བ་བྱུང་བ་དང་། ལྷག་པར་དུ་1848ལོའི་ནོར་བུ་གླིང་ཁའི་ཞོ་སྟོན་སྤེལ་བ་དང་བསྟུན་ལྷ་མོ་དེ་ཞོ་སྟོན་གྱི་འཁྲབ་བྱའི་ནང་དོན་གཙོ་བོར་གྱུར། དུས་རབས་ཉི་ཤུའི་སྟོད་དུ་ཞོ་སྟོན་སྐབས་ལྷ་མོ་འཁྲབ་པའི་དབང་གིས་དགའ་བསུ་ཆེན་པོ་ཐོབ་པས་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་བཅུ་ལ་ཉེ་བ་ཡོད། དེའི་ཁྲོད་ལྷ་མོ་ཆེ་ཁག་བཞི་ཞེས་པ་ནི། གཅུང་པ་དང་ཤངས་པ། རྒྱལ་མཁར་པ། སྐྱོར་མོ་ལུང་པ་བཅས་ཡིན་ལ། ལྷ་མོ་ཆུང་ཁག་དྲུག་ནི། འཕྱོངས་རྒྱས་སྤུན་བདུན་བཀྲ་ཤིས་ཞོལ་བ་དང་། ཡར་ཀླུང་བཀྲ་ཤིས་ཞོལ་བ། དར་གྲོང་སྙེ་མོ་བ། ཐོན་པ་སྙེ་མོ་བ། མཚོ་སྨད་པ། སྣང་རྩེ་བ་བཅས་ཡིན། འབྲས་སྤུངས་དང་ནོར་བུ་གླིང་ཁའི་ཞོ་སྟོན་དུ་ལྷ་མོ་འཁྲབ་སྟོན་བྱས་པ་དེས་ཕྱིས་སུ་ལྷ་མོ་དེ་ཡུལ་ལུང་གཞན་ལ་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་ཆེན་པོ་ཐེབས། ཁམས་དང་ཨ་མདོ་ནས་ལྷ་སའི་དགོན་སྡེ་ཆེན་པོ་གསུམ་དུ་སློབ་སྦྱོང་བྱེད་པར་ཡོང་བའི་བླ་ཆེན་སྐྱེས་ཆེན་ཚོས་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལ་གཟིགས་པ་བརྒྱུད་བློ་སྒོ་ཕྱེ་སྟེ་ཟློས་གར་གྱི་སྲོལ་རྒྱུན་དེ་སོ་སོའི་ཕ་ཡུལ་དུ་དྲངས་ཤིང་། ས་གནས་དེ་གའི་དགོན་སྡེར་དགེ་འདུན་པ་སྒྲིག་འཛུགས་ཀྱིས་འཁྲབ་སྟོན་བྱས་པ་དང་། དེ་གའི་ཆོས་ལུགས་དང་དམངས་ཁྲོད་སྒྱུ་རྩལ་གྱི་ལེགས་ཆ་བསྡུ་ལེན་བྱས་ནས་གནའ་བོའི་ཟློས་གར་གྱི་སྲོལ་རྒྱུན་དེ་བོད་ཀྱི་ཡུལ་ལུང་གང་སར་ཁྱབ། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ ་༼1909ནས1949༽དགུང་ལོ་བཅོ་ལྔའི་སྟེང་ལྷ་སར་སློབ་གཉེར་དུ་ཕྱིན་ཅིང་ལོ་བཅུ་གཉིས་རིང་གི་བསླབ་པ་སློབ་གཉེར་བརྒྱུད་དགེ་བཤེས་སུ་གྱུར། 1931ལོར་ཁོང་གིས་ལྷ་ས་ནས་དངུལ་སྒོར་རྒྱ་མ་ལྔ་བརྒྱ་འཁྱེར་ཏེ་ལི་ཐང་དུ་ཕྱིར་ལོག་མ་ཐག་མ་དངུལ་བཏང་ནས་ལི་ཐང་དགོན་པ་རྒྱས་སྐྲུན་བྱས་ཤིང་དེ་གའི་གྲྭ་པ་དང་མང་ཚོགས་ཀྱི་གུས་བཀུར་དང་ཡི་རངས་ཐོབ། སྤྱི་ལོ1940ལོར་སྐྱབས་མགོན་སྐུ་ཕྲེང་གཉིས་པས་གནས་དེ་གར་གདུལ་བྱ་འདུལ་བའི་ཕྱིར་རང་ཉིད་ཀྱི་ཕྱག་མཛོད་བློ་བཟང་སོགས་ལྷ་སར་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་སྲོལ་རྒྱུན་འཁྲབ་སྟོན་ལ་སློབ་སྦྱོང་བྱེད་པར་མངགས། སྤྱི་ལོ་1941ལོའི་ལོ་མཇུག་ཏུ་ལི་ཐང་དུ་ལོག་སྟེ་དགེ་འདུན་པ21བསྡུས་ནས་ལྷ་མོ་ཚོགས་པ་བཙུགས།

1979ལོར་ལི་ཐང་གྲོང་ཚོ་བརྒྱད་ནས་ཡོང་བའི་སྔོན་གྱི་ལྷ་མོ་བ་དག་གིས་ལྷ་མོའི་ཚོགས་པ་སླར་གསོ་བསྐྱར་འཛུགས་བྱས།1980ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་30ལོན་པའི་རྟེན་འབྲེལ་མཛད་སྒོར་ཕེབས་པ་དང་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་འཁྲབ་སྟོན་ཁྲོད་གཟེངས་ཐོན་བྱ་དགའ་དང་ཁྲིན་ཏུའུ སོགས་སུའང་བྱ་དགའ་མང་པོ་ཐོབ། ལོ་རབས་བརྒྱད་ཅུའི་ནང་ལོ་ངོ་གཉིས་གསུམ་ཙམ་ལ་འཁྲབ་མཚམས་བཞག་ཀྱང་1993ལོར་བསྐྱར་དུ་འཁྲབ་འགོ་བརྩམས། ལོ་རབས་90ནང་ལི་ཐང་རྫོང་རིག་གནས་ཁང་གིས་གྱོན་ཆས་དང་འཁྲབ་ཆས། གྲོན་དངུལ་སོགས་མཁོ་འདོན་གྱི་འགན་འཁུར་ཞིང་ལི་ཐང་དགོན་པའི་ལྷ་མོ་ཚོགས་པ་ནི་རྫོང་གི་འཁྲབ་སྟོན་ཚོགས་པའི་ཚུལ་དུ་རྟེན་འབྲེལ་མཛད་སྒོ་དང་སྣེ་ལེན་སོགས་སུ་ལྷ་མོ་ཙམ་མ་ཟད་དཀྲོལ་ལེན་སོགས་ཀྱི་ལེ་ཚན་མང་པོ་འཁྲབ་སྟོན་བྱས། 1990ལོའི་ལོ་མཇུག་ཏུ་ལྷ་མོ་ཚོགས་པ་འཐོར།2000ལོར་འཁྲབ་སྟོན་སླར་གསོ་བྱས་ཤིང་། ས་གནས་མང་ཚོགས་ཀྱི་འདོད་བློ་ལྟར་ལོ་རེའི་བོད་ཟླ6་པའི་ཚེས་4ཉིན་གྱི་དབྱར་སྐྱིད་དང་དབྱར་གནས་སྐབས་ལ《སྣང་ས་འོད་འབུམ།》འཁྲབ་སྟོན་བྱེད་ཅིང་། དེང་སྐབས་ལི་ཐང་དགོན་པའི་ལྷ་མོ་ཚོགས་པ་དེ་བདེ་སྐྱིད་གྲོང་ཚོའི་ཁོངས་གཏོགས་གྲོང་ཚོ་གསུམ་གྱི་སེར་སྐྱ་མང་ཚོགས་ཀྱིས་ཐུན་མོང་ཐོག་རྒྱུན་འཛིན་དང་འཁྲབ་སྟོན་བྱེད་བཞིན་ཡོད། གཞན་ཡང་། 1985ལོར་འཛམ་ཕྱུག་སྐུ་ཕྲེང་དྲུག་པ་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ཡིས་འཇའ་བ་རང་ཡུལ་གྱི་རི་ནག་དགོན་དང་འགི་རི་དགོན། མོ་ལ་སྟོད་མའི་ཞྭ་མོ་དགོན་བཅས་ནས་གྲྭ་བ་46བསྡུས་ནས་སྤྲུལ་སྐུ་རང་གིས་གར་མཁན་གྱི་འགན་བཞེས་འཇའ་བ་ཟློས་གར་ཚོགས་པ་དབུ་བརྙེས།སྤྱི་ལོ1986ནས་1987ལོར་ལི་ཐང་རྫོང་ཁོངས་སུ་འཁོར་སྐྱོད་འཁྲབ་སྟོན་བྱས་ཤིང་དགོན་པ་བཞེངས་པའི་མ་དངུལ་བསགས། སྤྱི་ལོ་2006ནས་2008བར་ལི་ཐང་རྫོང་ཐོག་ཏུ་ལོ་རེའི་འཁྲབ་སྟོན་བྱེད་འགོ་བརྩམས།སྤྱི་ལོ2011ལོ་ནས་བོད་རྩིས་ལོ་གསར་ཚེས་2དང་སྤྱི་རྩིས་ཀྱི་ཟླ་8པའི་ཚེས་1ཉིན་ལི་ཐང་རྫོང་ཐོག་གི་འཁྲབ་སྟོན་དུས་ཚོད་ལ་གཏན་འཁེལ་བྱས།

གཉིས་པ། ལི་ཐང་ཟློས་གར་གྱི་ཐུན་མིན་ཁྱད་ཆོས།

རྣམ་ཐར་ནི་བོད་ཀྱི་ཟློས་གར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ལི་ཐང་ལྷ་མོ་ཡང་དེ་ལས་མ་འདས་པར་སྒྱུ་རྩལ་ལ་དབང་འབྱོར་བའི་སྐྱོར་མོ་ལུང་པ་ནས་མཆེད་པས་ན་རྣམ་ཐར་གྱི་རིགས་ཧ་ཅང་མང་། རྣམ་ཐར་ལ་སྤྱིའི་ཆ་ནས་ཕོ་གདངས་དང་མོ་གདངས་གཉིས་སུ་དབྱེ་ཞིང་། ཕོ་གདངས་སྦོམ་ཞིང་དྲག་པ། ཁ་གདངས་ཆེ་ཞིང་སྐད་མཐའ་མ་ཡར་འགྱོག་དགོས། མོ་གདངས་སྙན་ཞིང་འཇེབས་ལ་སྐད་གདངས་ཀྱི་འདེགས་འཇོག་སྙོམས་པ། སྐད་ཕྲ་ཞིང་མཐའ་མར་འབབ་དགོས། ལི་ཐང་ལྷ་མོའི་རྣམ་ཐར་ལ་སྐྱོར་མོ་ལུང་པའི་དགེ་ལེགས་མ་ལུས་ཚང་པའི་སྟེང་འགྱུར་ཁུགས་ལ་ས་གནས་ཀྱི་ཁྱད་ཆོས་ཏེ་དམངས་གླུའི་ཁྱད་ཆོས་མངོན་གསལ་ལྡན། དབུས་གཙང་གི་ལྷ་མོའི་རྣམ་ཐར་ནང་གི་རམ་སྐྱོར་ཞེས་པར་ལི་ཐང་དུ་ངག་རོགས་ཟེར་མོད་དེ་གཉིས་ཀྱི་སྤྱོད་སྟངས་ཐད་འགལ་བ་ཅི་ཡང་མེད། དེར་རྒྱལ་པོའི་གདངས་དང་སྤྲང་པོའི་གདངས།སྡུག་གླུ་སོགས་ཀྱི་དབྱེ་བ་ཡོད། ལི་ཐང་ལྷ་མོར་རྣམ་ཐར་མི་འདྲ་བ་ཉི་ཤུ་ཙམ་ཡོད་ཅིང་། 《 འགྲོ་བ་བཟང་མོ》 ནི་འཁྲབ་གཞུང་མ་དཔེ་ལྟར་སྣང་ལ་གཞུང་གཞན་རྣམས་དེ་ལས་གྱེས་པར་བཤད། ལི་ཐང་ལྷ་མོའི་རམ་དཀྲོལ་རོལ་དབྱངས་ནི་དབུས་གཙང་ཨ་ཅེ་ལྷ་མོའི་ཟློས་གར་དང་འདྲ་བར་རྔ་དང་སྦུག་ཆལ་རིགས་གཉིས་ལས་མེད། རྔ་དང་སྦུག་དཀྲོལ་མཁན་རེ་རེ་དང་། རྔ་དབྱུག་གཉིས་ལག་གཡས་གཡོན་དུ་བཟུང་སྟེ་རེས་མོས་ཀྱིས་རྡུང་དགོས། རོལ་དབྱངས་དེ་ནི་དགོན་པའི་འཆམ་གྱི་རྔ་དང་སྦུག་ཆལ་གྱི་སྒྲ་དང་འདྲ་བོ་ཡོད། དབུས་གཙང་ཨ་ཅེ་ལྷ་མོ་འཁྲབ་སྟོན་ལ་སྒྲིག་གཞི་གཙོ་བོ་གསུམ་སྟེ། འདོན་དང་གཞུང་། བཀྲ་ཤིས་བཅས་ཡིན། འོན་ཀྱང་། ལི་ཐང་ལྷ་མོ་ཟློས་གར་གྱིས་དང་པོ་ནས་ལྷ་སའི་འཁྲབ་སྟོན་རྣམ་པ་གཉིས་ཏེ་བཀྲ་ཤིས་ཞོལ་པ་དང་ཨ་ཅེ་ལྷ་མོ་གཉིས་ཟུང་དུ་སྦྲེལ་ནས་བཀྲ་ཤིས་ཞོལ་པ་དང་རྔོན་པ། རྒྱལ་རབས། སྨོན་ལམ་བཅས་ཀྱི་གོ་རིམ་བཞི་ལྡན་གྱི་རྣམ་པ་གསར་པ་ཞིག་བཏོད། དེ་ཡང་བཀྲ་ཤིས་ཞོལ་པ་ཕུད་གཞན་གསུམ་ནི་དབུས་གཙང་གི་ཨ་ལྕེ་ལྷ་མོའི་གོ་རིམ་གསུམ་ལྡན་ཅན་དང་མིང་མ་གཅིག་པ་ཙམ་ལས་རྣམ་པ་ཕལ་ཆེར་གཅིག་ཏུ་ངེས་མོད། ལི་ཐང་ལྷ་མོའི་ཟློས་གར་གྱིས་རྒྱལ་རབས་དང་གཞུང་གི་སྐབས་སུ་ཞབས་བྲོ་བསྣན་ཡོད་པ་དེ་ནི་དབུས་གཙང་ས་ཆའི་ཨ་ཅེ་ལྷ་མོ་སོགས་དང་མི་འདྲ་བའི་ས་གནས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན། ལི་ཐང་གི་ལྷ་མོའི་ཟློས་གར་གྱི་མཆེད་ཁུངས་དངོས་ནི་ལྷ་སའི་སྐྱོར་མོ་ལུང་པ ཡིན་མོད། ལི་ཐང་གི་ལྷ་མོའི་ཟློས་གར་ཚོགས་པའི་འཁྲབ་རྒྱུན་སྤེལ་མཁན་ནི་ལི་ཐང་དགོན་གྱི་གྲྭ་པ་ཁོ་ན་ཡིན་པས་ད་བར་དུ་བུད་མེད་འཁྲབ་མཁན་བྱུང་མྱོང་མེད། དེ་བས་འཁྲབ་སྟོན་པ་ཕོ་མོ་རྒན་གཞོན་ཚང་མ་ལྷ་སའི་སྐྱོར་མོ་ལུང་པ་བཞིན་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཁོ་ནས་གྲུབ་པ་ཡིན། །

གསུམ་པ། ལི་ཐང་ལྷ་མོའི་ཟློས་གར་གྱི་འཁྲབ་ཚན།

སྐྱོར་མོ་ལུང་བ་ནི་ལྷ་མོ་ཆེ་ཁག་བཞི་ལས་ཚུགས་འཕྱི་ནའང་ཤུགས་རྐྱེན་དང་ཁྱབ་ཚད་ཆེས་ཆེ་བ་དེ་ཡིན། དབུ་ཚུགས་ནས་འཐུས་ཚང་ཕྱིན་པའི་བར་གྱི་དུས་སྐབས་ལས་དངས་བཟང་གི་དུས་སྐབས་ནི་མ་གླེང་ཐབས་མེད་ཅིག་སྟེ། དུས་རབས་བཅུ་དགུའི་དུས་མཇུག་ཏུ།མོ་རང་སྐྱོར་མོ་ལུང་པར་ལ་མ་སླེབས་སྔོན་ལ་ཚོགས་པ་ཞིག་ཡོད་ནའང་དོ་དམ་དང་གསོན་ཤུགས་ཆེན་པོ་མེད། དངས་བཟང་ནི་ཚོགས་པ་གང་དེའི་བུད་མེད་ཐོག་མ་ཡིན་ཞིང་། ཁོ་མོས་སྐྱོར་མོ་ལུང་པ་ལ་དོ་དམ་ནན་མོ་བྱས་རྐྱེན་མི་རྣམས་ཀྱི་གོང་བཀུར་ཐོབ།ཁོ་མོའི་ཁྱོ་ག་ཚེ་ལས་འདས་རྗེས་ཕྱིས་ཀྱི་ལྷ་མོའི་དགེ་རྒན་པད་མ་བསྟན་འཛིན་གཉིས་ཁྱོ་ཤུག་ཏུ་གྱུར།ཧོར་ཁང་བསོད་ནམས་དཔལ་འབར་གྱི་ལྷ་མོའི་གཟི་བརྗིད་སྐྱོར་མོ་ལུང་བའི་དགེ་རྒན་མིག་དམར་རྒྱལ་མཚན་གྱི་སྐོར་ཞེས་པར། “ཨ་ཅེ་དངས་བཟང་དང་པད་མ་བསྟན་འཛིན་སོགས་འཁྲབ་སྟོན་པ་མང་པོ་ཞིག་གིས་སླར་ཡང་ཟློས་གར་ཚོགས་པ་ཞིག་བཙུགས་ནས་མིང་ལ་སྐྱོར་མོ་ལུང་བ་བཏགས་ཤིང་། ལྷ་སྒྲུང་《འགྲོ་བ་བཟང་མོ།》དང《པད་མ་འོད་འབར།》 《 སྣང་ས་འོད་འབུམ།》 《 ཆོས་རྒྱལ་ནོར་བཟང་།》སོགས་མི་སྣ་གཙོ་བོར་འཁྲབ་པའི་ཟློས་གར་འཁྲབ་སྟོན་བྱས། གཞས་གདངས་ནི་ཨ་ཅེ་དངས་བཟང་གིས་སེམས་ཞིབ་མོས་གསར་བཟོ་བྱས་ཤིང་གཞས་གདངས་རྙིང་པའི་འཆིང་རྒྱ་ལས་གྲོལ” ཞེས་བཀོད་ཡོད། དངས་བཟང་གིས་སྐྱོར་མོ་ལུང་པ་ཁྲིད་ནས་ཕྱོགས་བཞིར་འཁྱམས་ནས་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་སྐྱོར་མོ་ལུང་པ་གང་སར་འཁྱམས་ནས་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་སྙན་གྲགས་རྒྱས། བཀའ་ཤག་སྲིད་གཞུང་གིས་དོ་སྣང་བྱུང་སྟེ་ཞོ་སྟོན་སྟེང་འཁྲབ་སྟོན་བྱེད་དགོས་པའི་བཀའ་ཕབ། དེའང་ནོར་བུ་གླིང་གར་འཁྲབ་སྟོན་བྱེད་དུས་སུ་བུད་མེད་གར་སྟེགས་སུ་ཡོད་མི་ཆོག་པས་ཨ་ཅེ་དངས་བཟང་གིས་རྟག་པར་འཁྲབ་སྟོན་ར་བའི་འགྲམ་ལོགས་སུ་སྐྱོར་མོ་ལུང་པའི་འཁྲབ་སྟོན་ལ་ལྟ་སྐུལ་བྱེད་པར་གྲགས།

སྐྱོར་མོ་ལུང་པ་དེ་དུས་རབས་བཅུ་དགུའི་མཇུག་དང་དུས་རབས་ཉི་ཤུའི་མགོར་ཚུགས་ཤིང་དར་བ་ཞིག་ཡིན་ནའང་།དངས་བཟང་དང་མིག་དམར་རྒྱལ་མཚན།བཀྲ་ཤིས་དོན་འགྲུབ་སོགས་ལྷ་མོ་བ་མི་རབས་འགའ་ཡིས་བདག་གཉེར་དང་ལེགས་བཅོས། དར་སྤེལ་བཏང་མཐར་ཉེ་བའི་ལོ་བརྒྱའི་རིང་ལ་ཡར་ངོའི་ཟླ་བཞིན་འཕེལ་ཞིང་། འཐུས་ཚབ་འཁྲབ་གཞུང་ལ《འགྲོ་བ་བཟང་མོ།》དང《པདྨ་འོད་འབར།》 《 གཟུགས་ཀྱི་ཉི་མ།》བཅས་ལ་ཕྱི་ནང་གང་ཐད་ནས་སྦྱོང་བརྡར་ཞིབ་ཆ་ཐོན་པས་དབུས་ལུགས་ཀྱི་ཨ་ཅེ་ལྷ་མོའི་ཚབ་བྱེད་བརྩམས་ཆོས་སུ་མིང་ཐོགས་ཤིང་། དེའི་ཡིད་འགུགས་ནུས་པ་དང་ཤུགས་རྐྱེན་འོག་དབུས་ལུགས་སྐྱོར་མོ་ལུང་པའི་འཁྲབ་ལུགས་ཀྱི་ཨ་ཅེ་ལྷ་མོའི་ཚོགས་པ་གང་སར་ཁྱབ། བཀྲ་ཤིས་ཞོལ་པ་ཞེས་པར། བོད་དམངས་ཁྲོད་ཀྱི་ངག་ཐོག་ནས་འབག་དཀར་པོ་ཞེས་འབོད་ལ། དོན་དངོས་ཐོག་འཕྱོངས་རྒྱས་ཁ་དྲོ་བཀྲ་ཤིས་སྤུན་བདུན་ཞོལ་པ་ལ་ཟེར་ཞིང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་བྱུང་། “སྤྱི་ལོ་1622ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དངོས་སུ་ངོས་འཛིན་ཐོབ་པའི་ཉིན་དེར་འཕྱོངས་རྒྱས་རྫོང་མཁར་འདབས་ཀྱི་སྡེ་པ་གཟིམ་ཆུང་ཁང་གི་རྟེན་འབྲེལ་མཛད་སྒོའི་སྟེང་འཕྱོངས་རྒྱས་རྫོང་ཞོལ་ལྷོ་ངོགས་སུ་གནས་པའི་ཁ་དྲོ་སྡེ་བའི་མི་ཚང་གཅིག་གི་བུ་སྤུན་བདུན་གྱིས་གདོང་ལ་འབག་དཀར་པོ་གྱོན་ནས་འབྲས་དཀར་དང་འདྲ་བའི་བཀྲ་ཤིས་རྟེན་འབྲེལ་བསྟོད་པའི་འཁྲབ་སྟོན་ཞིག་ཞུས་པ་ནས་བཟུང་འཕྱོངས་རྒྱས་ཁ་དྲོ་སྤུན་བདུན་བཀྲ་ཤིས་ཞོལ་པ་ཞེས་གྲགས་ཤིང་ཕྱིས་སུ་སྡེ་པ་དེ་ལའང་འཕྱོངས་རྒྱས་སྤུན་ཡང་ཟེར།”བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་གྱི་སྒྲིག་གཞི་དང་གོ་རིམ་ཐད་ཨ་ཅེ་ལྷ་མོ་དང་འདྲ་བའི་ཆ་ཡོད་མོད། གཞས་གདངས་དང་གཞས་ཚིག་གི་ནང་དོན་ཕྱི་མ་དང་གཏན་ནས་མི་འདྲ། བཀྲ་ཤིས་ཞོལ་པའི་བསྟོད་ཚིག་གི་ནང་དོན་དེ་ཏཱ་ལའི་སྐུ་ཕྲེང་ལྔ་པ་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་གང་རུང་ཞིག་མཆིས་ནའང་འཁྲབ་སྟོན་གྱི་རྣམ་པ་ཆ་ཚང་དམངས་ཁྲོད་ནས་བྱུང་བར་བཤད། དེ་ནི་ཞོ་སྟོན་སྟེང་འཁྲབ་སྟོན་ཐོག་མར་བྱེད་པ་མ་ཟད། གཞུང་ཕྱོགས་ཀྱི་རྟེན་འབྲེལ་མཛད་སྒོ་གང་རུང་དུའང་འཁྲབ་འགོ་འཛིན་ཞིང་ཨ་ཅེ་ལྷ་མོའི་ཚོགས་པ་གཞན་དག་གིས་རིམ་བཞིན་འཁྲབ་སྟོན་བྱེད་པ་ཞིག་ཡིན། ཕྱིས་སུ་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་དེ་རིགས་ཡར་ཀླུང་དང་སྙེ་མོ་སོགས་སུ་དར་ཁྱབ་བྱུང་བ་དང་། ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་སྙེ་མོ་དར་རོང་བཀྲ་ཤིས་ཞོལ་པ་སོགས་སྐད་གྲགས་ཆེ་བའི་ལྷ་མོ་ཆུང་ཁག་དྲུག་སོགས་བྱུང་། །

ལི་ཐང་ཟློས་གར་འདི་ཉིད་དབུས་ཀྱི་སྐྱོར་མོ་ལུང་ནས་མཆེད་པ་ཡིན་མོད། རྒྱུད་འཛིན་མཁན་ནི་དགེ་འདུན་པ་ཡིན་གཤིས་དུས་ད་ལྟའི་བར་དུ་བུད་མེད་འཁྲབ་སྟོན་པ་མེད་པས། ཟློས་གར་འཁྲབ་གཞུང་ནང་གི་སྐྱེས་ཕོ་མོ་རྒན་གཞོན་ཡོད་དོ་སྐྱེས་པ་འཁྲབ་སྟོན་པ་ཁོ་ནས་འཁྲབ་པ་ཡིན། དབུས་གཙང་དུ་དར་ཁྱབ་ཆེ་བའི་ཨ་ཅེ་ལྷ་མོའི་ཟློས་གར་འཁྲབ་སྟོན་ལ་མཚོན་ན་འདོན་དང་གཞུང་།བཀྲ་ཤིས་བཅས་རིམ་པ་གསུམ་གྱིས་གྲུབ་ཀྱང་། ལི་ཐང་ཟློས་གར་ནི་ཐོག་མའི་སྐབས་ནས་བོད་ཀྱི་སྲོལ་རྒྱུན་ཟློས་གར་བཀྲ་ཤིས་ཞོལ་པ་དང་ཨ་ཅེ་ལྷ་མོ་གཉིས་མཉམ་བསྲེས་ཀྱིས་སྤེལ་པ་ཡིན་ཕྱིར། འཁྲབ་སྟོན་གོ་རིམ་ལའང་བཀྲ་ཤིས་ཞོལ་པ་དང་རྔོན་པ།རྒྱལ་རབས།སྨོན་ལམ་བཅས་བཞིས་གྲུབ་པའི་རྣམ་པ་གསར་བ་ཙམ་བྱུང་། ཡིན་ནའང་དོན་གྱིས་མིང་གི་འབོད་ལུགས་ཙམ་མ་གཏོགས་བཀྲ་ཤིས་ཞོལ་པ་ཕུད་གོ་རིམ་གཞན་གསུམ་ནི་དབུས་ཀྱི་ཨ་ཅེ་ལྷ་མོའི་གོ་རིམ་གསུམ་པོ་དེ་དང་གཅིག་མཚུངས་ཡིན་ཞིང་། མི་འདྲ་ས་ཉག་གཅིག་ནི་ལི་ཐང་ཟློས་གར་ལ་རྒྱལ་རབས་དང་གཞུང་གི་གོ་རིམ་སྟེང་ཞབས་བྲོའི་རྣམ་པའི་འཁྲབ་སྟོན་ཤུགས་ཆེར་བཏོད་པའོ། །

项目编号:XYZB19036SB 

◆ རྩོམ་པ་པོ། སྒྲོལ་མ་བཀྲ་ཤིས། སི་ཁྲོན་མི་རིགས་སློབ་གླིང་གི་བོད་རིག་པ་སློབ་གླིང་གི་དགེ་རྒན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1