དེང་རབས་རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའི་ཁྲོད་ཀྱི་གནད་དོན་འགའ་རགས་ཙམ་གླེང་བ།

མགོན་པོ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


དང་པོ། དེང་རབས་རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའི་གནས་བབ་དང་ཁྱད་ཆོས་རགས་ཙམ་བཤད་པ།

རྒྱང་བསྒྲགས་བརྙན་འཕྲིན་ནི་འཛམ་གླིང་རིག་གནས་སྒྱུ་རྩལ་གྱི་མ་ལག་ཅིག་སྟེ། འགྲོ་བ་མིའི་རིགས་སྤྱི་ལ་མཁོ་བའི་རིག་གནས་ཤུལ་བཞག་ཞིག་དང་། ཁྱད་པར་དུ་ཆ་འཕྲིན་སྤྱི་ཚོགས་འདིའི་ནང་གི་མིའི་རིག་གནས་ཁྱབ་བརྡལ་གཏོང་ཐབས་ཁྱད་པར་བ་ཞིག་ཡིན་ལ། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བའི་སྨྱན་བྱེད་ཅིག་ཀྱང་ཡིན། དེ་ཡང་ཕྱོགས་གཅིག་ནས་མི་དམངས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གཉིས་ནས་འཛམ་གླིང་གི་ཕུལ་དུ་བྱུང་བའི་རིག་གནས་གང་མང་ངོ་སྤྲོད་བྱ་ཐུབ་ཅིང་། མི་རྣམས་ཀྱི་བསམ་བློའི་མཛེས་རྟོག་གི་ནུས་པ་སྐྱེད་སྲིང་དང་། ཁྱད་པར་དུ་རང་མི་རིགས་ཀྱི་ཞིང་འབྲོག་མི་དམངས་ཚོའི་འདུ་ཤེས་སྔར་ལས་མཐོར་འདེགས་བྱུང་བར་ཕན་ཞིང་། ཕྱི་རོལ་གྱི་ཁྱད་མཚར་འཇིག་རྟེན་མིག་གི་ལོངས་སྤྱོད་དུ་འགྱུར་ཐུབ་པར་མ་ཟད། རང་མི་རིགས་ཀྱི་ཕ་སྐད་འཛིན་སྐྱོང་སྤེལ་གསུམ་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་ནུས་པ་ངེས་ཅན་འདོན་ཐུབ་པར་སྙམ། གནས་ཚུལ་འདི་འདྲའི་འོག་ཏུ་རྒྱང་བསྒྲགས་བརྙན་འཕྲིན་ཕྱོགས་ཀྱི་ལོ་ཙཱའི་ལས་རིགས་གོང་འཕེལ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བཞག་འགངས་ཆེན་ཞིག་ཡིན། ཡིན་ཡང་། མིག་སྔར་གཅིག་གྱུར་གྱི་སྐད་ཆ་ཆགས་མེད་པ་དང་། རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའི་ཕྱོགས་ཀྱི་ཆེད་ལས་ལས་ཁུངས་དང་ཆེད་ལས་མི་སྣ་དཀོན་པ་སོགས་ཀྱི་དབང་གིས་རིགས་ལམ་དང་རྩ་དོན་གཏན་ཆགས་ཤིག་ད་བར་དུ་བྱུང་མེད། རྗེས་ཕྱོགས་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་བྱེད་སྐབས། ལོ་ཙཱའི་གཞུང་ལུགས་རྣམས་སུ་ཡོད་པའི་རྩ་དོན་དང་བསྟུན་ནས་ལོག་སྒྱུར་མི་བྱེད་རྒྱུ་གལ་ཆེའོ། ལོ་ཙཱའམ་ཡིག་སྒྱུར་ཟེར་བ་ནི་སྐད་ཡིག་ཅིག་གིས་མཚོན་པའི་ནང་དོན་དང་། རྩོམ་གཤིས་སོགས་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱེད་པའི་སྐད་དང་ཡི་གེའི་འགུལ་སྐྱོད་ཅིག་ལ་ཟེར། ཡང་རང་ཅག་གི་ཡུལ་གྲུར་གྲགས་པའི་དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག་ཅེས་པ་བཞིན། རྒྱ་བོད་ལོ་ཙཱའི་ཚད་གཞི་ནི་བརྡ་སྤྲོད་དང་མཐུན་པ། ལུགས་དང་བསྟུན་པ། ཀུན་ལ་གྲགས་པ། ཚང་མས་གོ་བདེ་བ། གཅིག་གྱུར་གྱི་ཚད་མཐོ་བ་ཞིག་ཡིན་དགོས། རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའང་སྤྱིའི་ཆ་ནས་འདི་བཞིན་ཡིན་དགོས་ཀྱང་། རང་ཅག་གི་སྐད་ཡིག་གཅིག་གྱུར་མིན་པ་དང་། སྲོལ་ལུགས་དང་གོམས་གཤིས་སོགས་ལ་ཁྱད་པར་ཅུང་ཟད་ཡོད་པས་གཅིག་གྱུར་བྱ་རྒྱུ་ནི་དུས་ཡུན་ཐུང་ངུའི་ནང་དུ་འགྲུབ་མི་ཐུབ། དེ་བས་རང་རེའི་ཡུལ་ཕྱོགས་དང་བསྟུན་ནས་ཕ་སྐད་ལམ་ནས་ལོ་ཙཱ་བྱས་ན་ཡུལ་ཕྱོགས་དེའི་མི་རྣམས་ཀྱིས་གོ་སླ་བར་མ་ཟད་གཅིག་གྱུར་གྱི་ཚད་བལྟོས་བཅས་ཀྱིས་ཇེ་མཐོར་སོང་བ་དང་བསྟུན་རང་རིགས་ཀྱི་སྐད་གཅིག་གྱུར་ཡོང་བར་ཡང་ཕན་ཐོགས་ཡོད་པར་འདོད།

གཉིས་པ། རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའི་རྩ་དོན་བརྗོད་པ།

རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་བས་ལོ་ཙཱ་བྱེད་སྐབས་མ་ཡིག་གིས་འདོན་སྤྲོད་བྱེད་བཞིན་པའི་ཆ་འཕྲིན་རང་ནུས་ཅི་ལྕོགས་ཀྱིས་དོ་མཉམ་ཡོང་བར་འབད་དགོས། ཆ་ཚང་བའི་རྒྱང་བསྒྲགས་བརྙན་འཕྲིན་ཅིག་རང་ཅག་གི་སྐད་དུ་བསྒྱུར་དུས་གསན་མཁན་དང་ལྟད་མོ་བའི་ལངས་ཕྱོགས་ནས་བསམ་གཞིགས་བཏང་སྟེ་མཐར་ལྟད་མོ་བར་ཇི་ལྟར་མྱོང་རོལ་བྱེད་དུ་འཇུག་པར་གཟབ་དགོས། འགྱུར་ཡིག་ལ་རོལ་མྱོང་བྱེད་མཁན་དང་མ་ཡིག་ལ་རོལ་མྱོང་བྱེད་མཁན་གཉིས་ཀྱི་མྱོང་རོལ་ཕྱོགས་གཅིག་ཏུ་འདྲེན་ཅི་ཐུབ་བྱ་དགོས་ལ། ཅི་ནུས་ཀྱིས་འགྱུར་ཡིག་གསན་མཁན་དང་ལྟད་མོ་བར་མ་ཡིག་ཉན་པའམ་ཀློག་པ་ལྟ་བུའི་སྣང་བ་ཐོན་དགོས།

ལོ་ཙཱ་ནི་སྐད་རིགས་མི་འདྲ་བ་ཕན་ཚུན་བརྗེ་བསྒྱུར་བྱེད་པ་ཙམ་མ་ཡིན་པར། སྲོལ་རྒྱུན་གོམས་གཤིས་ཀྱི་ཐད་ནས་ཀྱང་མ་ཡིག་གི་གོམས་སྲོལ་ལ་ཞིབ་ཏུ་དཔག་སྟེ། འགྱུར་ཡིག་གི་རིག་གནས་གོམས་སྲོལ་ལ་གང་ཐུབ་ཅི་ཐུབ་ཀྱིས་བསྟུན་དགོས། རྒྱ་བོད་གསན་མཁན་དང་ལྟད་མོ་བའི་རིག་གནས་རྒྱབ་ལྗོངས་དང་བསམ་གཞིགས་བྱེད་སྟངས།འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པས། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ཐག་གཅོད་བྱ་རྒྱུ་ཧ་ཅང་གལ་ཆེན་དུ་སྣང་། གལ་ཏེ་འོས་མཚམས་ཀྱིས་ཐག་གཅོད་མ་བྱས་ན་ནང་དོན་ཡ་མ་གཟུགས་ཀྱི་ཚུལ་དུ་འགྱུར་སྲིད་ཅིང་། གསན་མཁན་དང་ལྟད་མོ་བས་གོ་བ་ལེན་པར་བཀག་རྒྱ་ཆེན་པོ་བཟོས་ཡོད། ཡང་རིག་གནས་ཀྱི་ཐ་སྙད་ཁ་ཤས་ཐད་སྒྱུར་བྱས་ན་གསན་མཁན་དང་ལྟད་མོ་བས་གོ་བ་ལོན་མི་ཐུབ། དེའི་ཕྱིར། སྐབས་དང་བསྟུན་ཏེ་འོས་འཚམས་ཀྱི་སྒྱུར་ཐབས་འགའ་རེ་མཉམ་དུ་སྤྱད་ནས་གསན་མཁན་དང་ལྟད་མོ་བས་གོ་བ་ལེན་ཇེ་བདེ་དང་རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་སྒྱུར་ཐབས་ཀྱི་ཐབས་ཤེས་སྣ་མང་ཅན་དུ་གཏོང་དགོས། ཕུལ་བྱུང་གི་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་བ་ཞིག་ཡིན་ཕྱིན་གསན་མཁན་དང་ལྟད་མོ་བའི་ཚོར་སྣང་དང་མཉམ་དུ་འགྲོགས་ཏེ་ཡིད་དགའ་བ། སྐྱོ་བས་གདུང་བ། སྐྱོ་སྣང་མཉམ་འདྲེས་སོགས་ཡིད་ཀྱི་ཚོར་བ་གཅིག་ཏུ་འཆར་ཐུབ་པའི་རྩལ་ནུས་འཛོམས་སྲིད། གོ་བདེ་ཞིང་རྟོགས་སླ་བ་ནི་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱའི་ཆེས་གལ་ཆེ་བའི་རྩ་དོན་ཞིག་ཡིན་ལ། ལོ་ཙཱ་བས་གལ་ཏེ་བརྙན་འཕྲིན་ཟློས་གར་གྱི་ནང་དོན་དང་ཡུལ་ལྗོངས། སྐད་ཆའི་ཉམས་འགྱུར་སོགས་ཡོད་ཚད་ལ་གོ་བ་ཟབ་མོ་ལོན་པའི་གནས་ཚུལ་འོག་མ་ཡིག་གི་ནང་དོན་ལ་བལྟས་ཚོད་ཀྱིས་འགྱུར་ཡིག་གི་དོན་གསལ་ཞིང་གོ་བདེ་བ། གཏན་ཚིགས་དང་མཐུན་པའི་ངང་ལོ་ཙཱ་བྱ་དགོས། རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་ནི་གཙོ་བོ་སྐད་ཆའི་ནང་དོན་བསྒྱུར་པ་ལས་རྒྱ་ཡིག་གི་མིང་ཚིག་རེ་རེ་བཞིན་ཐོད་གཏུགས་ཏེ་བོད་ཡིག་ཏུ་བསྒྱུར་རྒྱུ་མ་ཡིན། གལ་སྲིད་མིང་ཚིག་རྣམས་རེ་རེ་བཞིན་དུ་ཐོད་གཏུགས་ནས་བསྒྱུར་ན་འགྱུར་ཡིག་ལ་བྲོ་བ་མེད་ལ་གོ་བདེ་ཞིང་རྟོགས་སླ་བའི་ནུས་པའང་རིམ་གྱིས་ཡལ་སྲིད། རྒྱ་བོད་གཉིས་ཀྱི་རིག་གནས་ཁྱད་པར་གྱི་དབང་གིས་ངེས་པར་དུ་རང་མི་རིགས་ཀྱི་རྒྱུན་བཀོལ་ཐ་སྙད་རྣམས་སྤྱོད་དགོས་ལ། རྒྱ་ཡིག་གི་ནང་དོན་ལ་གོ་བ་ལོན་རྗེས་བོད་ཡིག་ཏུ་གང་ལེགས་ཀྱི་སྒོ་ནས་མཚོན་དགོས་པར་བསམ་གཞིགས་བྱ་དགོས་ལ་བོད་ཡིག་གི་སྐད་ཆའི་བརྡ་སྤྲོད་དང་མཐུན་དགོས།

གསུམ་པ། རྒྱ་བོད་བརྙན་ཡིག་ལོ་ཙཱའི་སྒྱུར་ཐབས་རགས་བཤད།

དེ་ཡང་སྒྲ་སྦྱོར་བམ་གཉིས་སུ་ལེགས་སྦྱར་སྐད་ཀྱི་གོ་རིམ་མ་བརྗེས་པར་སྐད་དོན་རེ་རེ་བཞིན་ཐད་ཀར་བོད་ཡིག་དུ་བསྒྱུར་ཅིང་བོད་ཀྱིས་གོ་བདེ་ན་དེ་ལྟར་བསྒྱུར་ཆོག་པར་བསྟན་པ། དུས་རྒྱུན་གྱི་གནས་ཚུལ་འོག་ལོ་ཙཱ་བས་ཐད་སྒྱུར་ཐབས་བཀོལ་བར་འདོད་ན། རང་ནུས་ཅི་ལྕོགས་ཀྱིས་མ་ཡིག་ཁྲོད་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་འགྱུར་ཡིག་ཁྲོད་ནས་ཐོན་དགོས་ཏེ།མ་ཡིག་གི་གསོན་ཉམས་ལྡན་ལ་འབུར་དུ་ཐོན་པའི་ཁྱད་ཆོས་མངོན་ཅི་ཐུབ་བྱ་དགོས། བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས་དང་། ཆོས་གཞུང་གི་དོན་དང་མི་འགལ་ལ་བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་ཞེས་སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་རྩ་དོན་ལྟར།མ་ཡིག་གི་ཁྱད་ཆོས་དང་གསོན་ཉམས་འཛིན་བདེ་ཕྱིར་མང་ཆེ་བར་དོན་སྒྱུར་བཀོལ་ན་འགྲིག་པར་སྙམ། ཡང་མཚམས་ལན་རེར་དགོས་མཁོའི་དབང་གིས་ང་ཚོས་སྒྱུར་ཐབས་གཞན་དག་ལ་སྤྱོད་ཆོག

ལོ་ཙཱ་བ་སུ་ཞིག་ཡིན་རུང་རྒྱ་བོད་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་བྱེད་སྐབས་ཧ་ཅང་གཟབ་ནན་བྱེད་དགོས།ལེ་ཚན་གཅིག་མི་མང་པོས་མཉམ་དུ་སྒྱུར་བའི་ཚེ་ན་གཅིག་གིས་གཅིག་ལ་གཞོགས་འདེགས་དང་རམ་འདེགས་བྱ་དགོས། ལོ་ཙཱ་བ་ཚང་མས་རྒྱང་བསྒྲགས་བརྙན་འཕྲིན་ལ་ཆ་ཚང་པོར་ཞིབ་ཏུ་ཐེངས་འགའ་བལྟས་ནས་ནང་དོན་གསལ་པོར་རྟོགས་པར་འཇུག་དགོས། རྒྱུ་མཚན་ཐ་སྙད་ཁ་ཤས་བསྒྱུར་པར་ལེ་ཚན་གྱི་ནང་དོན་ཡོད་ཚད་ལ་གསལ་ཆ་ཡོད་དགོས་ཏེ། ལོང་བས་ལག་སྙོབ་བྱས་པ་ལྟར་ཞིབ་ཚགས་ཤིག་མིན་ན་དངོས་ཤུགས་གང་རུང་གི་ནང་དོན་གསལ་པོར་རྟོགས་མི་ཐུབ།མི་རེ་རེ་ལ་སྐད་ཆའི་ཁྱད་ཆོས་རེ་ཡོད་པ་ལས་ལོ་ཙཱ་བྱེད་སྐབས་མཚོན་ཐབས་ཀྱང་མི་འདྲ་བ་ཡོད། ལོ་ཙཱའི་བརྒྱུད་རིམ་ཁྲོད་མི་མང་པོས་ལོ་ཙཱ་བྱས་ཏེ་དག་བཅོས་བྱས་ན་ནོར་འཁྲུལ་ཇེ་ཉུང་དུ་འགྲོ་ལ་དུས་ཚོདའང་འགོར་འགྱངས་བྱེད་མི་སྲིད་ཀྱང་། ལོ་ཙཱ་སྤྱིའི་སྐད་ཆའི་ཁྱད་ཆོས་གཅིག་གྱུར་བྱ་རྒྱུ་ཤིན་ཏུ་དཀའ་བའི་ཚོད་དུ་ཡོད། དེའི་ཕྱིར་མི་མང་པོས་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་བྱེད་སྐབས་གཅིག་གིས་གཅིག་ལ་གཞོགས་འདེགས་བྱས་ཏེ་བསྐྱར་དུ་བྱུང་བའི་མིང་ཚིག་དང་སྐད་ཆའི་ཁྱད་ཆོས་ལ་གཅིག་གྱུར་ཡོང་བར་འབད་དགོས། སྤྱིའི་ཆ་ནས་བཤད་ན། གལ་ཏེ་རྒྱང་བསྒྲགས་བརྙན་འཕྲིན་ལོ་ཙཱ་ལེགས་པོ་ཞིག་འཁྱོང་དགོས་ན། རང་གཅིག་པུའི་ནུས་པ་ལས་གཞན་གྱི་རོགས་རམ་ལའང་བརྟེན་དགོས། ཅི་ལྕོགས་ཀྱིས་མ་ཡིག་གི་ཁྱད་ཆོས་འཛིན་དགོས། སྐད་ཆར་སྟབས་བདེ་ཡོང་བར་མཉམ་འཇོག་བྱ་དགོས་ལ་ལོ་ཙཱ་བྱེད་ཐབས་ཀྱང་འོས་འཚམས་ཀྱིས་སྤྱོད་དགོས། སྤྱིའི་སྒྱུར་ཐབས་སྣ་ཚོགས་འདྲེས་མའི་སྒོ་ནས་བསྒྱུར་ཏེ་ནང་གསེས་མ་ཡིག་གི་གསོན་ཉམས་ལྡན་པའི་ཁྱད་ཆོས་འཛིན་པར་དོན་སྒྱུར་སྤྱོད་པ་དང་། དེ་ལས་རྒྱ་བོད་གཉིས་ཀྱི་བར་ཁྱད་ཐག་གཅོད་བྱེད་པར་གཅིག་གིས་གཅིག་ལ་གཞོགས་འདེགས་ཐབས་སྤྱོད་དགོས། གལ་ཏེ་ལོ་ཙཱ་བས་གོང་གི་སྒྱུར་ཐབས་འདི་དག་ཡང་དག་པོར་སྤྱོད་ཐུབ་ན་རྩམ་དྲི་མ་ཡལ་བའི་མ་ཡིག་གི་སྒྱུ་རྩལ་ཁྱད་ཆོས་མཚོན་ཐུབ་པར་སྙམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1