བོད་སྨན་སེ་འབྲུ་དྭངས་གནས་ཀྱིས་བད་ཀན་ཕོ་རུབ་ནད་ཀྱི་ ཕན་འབྲས་ལ་ཅུང་ཟད་དཔྱད་པ།
འགྱུར་མེད་རྡོ་རྗེ། བདུད་འདུལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
ནད་གཞི་གང་ཡང་རུང་བ་སྔོན་ལ་ནད་ཀྱི་རང་བཞིན་བརྟག་དགོས་པ་སྟེ། དེ་ལ་དང་པོ་སློང་བ་རྒྱུ་ལ་བརྟག་པ་ཟས་དང་སྤྱོད་ལམ་གང་བསྟེན་རྗེས་ནད་འདི་ན་བ་དང་། གཉིས་པ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་སྤྱི་དང་བྱེ་བྲག་ལས་བལྟ་བ་ཆུ་དང་ལྕེ་ལ་བརྟག་པ། རེག་པ་རྩ་ལ་བརྟག་པ། ཕན་གནོད་གོམས་པའི་སྒོ་ནས་བརྟག་པ་དྲི་བ་སློང་རྐྱེན་ན་ལུགས་དུས་གདོན་ཟས་དང་སྤྱོད་ལམ་བཅས་ཁག་ཆེ་བ་གསུམ་གྱི་སྒོ་ནས་ངོས་བཟུང་དགོས།དེ་རྗེས་ཟས་དང་སྤྱོད་ལམ་སྨན་དཔྱད་བཅས་ཀྱི་གཉེན་པོ་བཞི་ལྡན་གྱི་སྒོ་ནས་ནད་ཀྱི་ཟུག་རྔུ་འཇོམས་པར་བྱེད་པའམ་རླུང་མཁྲིས་བད་ཀན་གསུམ་པོ་རྣམ་པ་གཞན་དུ་མ་འགྱུར་བ་ཡོང་ཆེད་ནད་ཀྱི་གསོ་ཚུལ་དགུ་དང་གསོ་ཐབས་ལེན་བཅོ་བརྒྱད་རྣམས་སྤྱོད། ཕོ་རུབ་ཀྱི་ནད་གཞི་འདིའང་ཕོ་བར་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་འཁྲུགས་ནས་རྣམ་པ་གཞན་དུ་འགྱུར་བའི་ནད་ཅིག་སྟེ། ཟས་སྐོམ་ཚ་སྐྱུར་རུལ་སུངས་དང་དུས་མིན་གྱི་རྐྱེན་སོགས་ཀྱིས་སློང་ནས་མཁྲིས་པ་འཇུ་བྱེད་དང་བད་ཀན་མྱག་བྱེད། རླུང་མེ་མཉམ་བཅས་ཀྱི་མེ་དྲོད་གསུམ་པོའི་སྟོབས་ཞན་པར་གྱུར་ནས། འཇུ་བྱེད་མ་ལག་ཏུ་རྒྱུ་བའི་ཁ་ཟས་དག་ཕོ་བའི་གནས་སུ་ལེགས་པར་འཇུ་མ་ཐུབ་པ་དག། ཕོ་བའི་བེ་སྣབས་ལ་འགྱུར་འགྲོ་བ་དང་རིམ་བཞིན་ཇེ་མང་དུ་འཕེལ་ནས་རྩའི་རྒྱུ་ལམ་འགག་པའི་མངོན་ཚུལ་འབྱུང། རྩ་ཆུ་ཕྱི་ཡུལ་ལ་བད་ཀན་གྲང་བའི་ནད་ཀྱི་རྟགས་སྟོན། ཕོ་བའི་ཁྲག་རླུང་གི་འཁོར་བསྐྱོདལ་སྐྱོན་ཞུགས་ཏེ་ཕོ་བའི་རང་སྲུང་གི་ནུས་སྟོབས་ཤོར་ནས་འཁུམས་འགྲོ་བ་ཞིག་ཏུ་འདོད།
གཅིག །ཟས་སྤྱོད་དང་དཔྱད་བཅོས་
བཅས་ལྷན་དུ་བསྟན་པ།
ཟས་སྐོམ་ལ་དུས་རྒྱུན་ཆུ་ཁོལ་མང་ཙམ་བཏུང་བ་དང་འཇུ་སླ་བའི་ཟས་རིགས་སོགས་མང་ཙམ་བསྟེན། ལྟོ་ཆས་དེ་ཡང་དུས་ཐོག་ཏུ་བཟའ་བ་ལས་དུས་མ་ཡིན་པའི་སིལ་ཟས་སོགས་བཟའ་མི་ཉེན། ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་རིགས། མཁྲེགས་པོ་དང་བཙོག་པའི་རིགས་འཛེམ། སྤྱོད་ལམ་ཐད་གཟུགས་པོ་རྣམ་པ་ཀུན་ཏུ་འཁྱག་མི་རུང་། གནམ་གཤིས་དྲོ་སར་སྡོད་ནས་རྩོལ་བཅག་སྟེ་འགུལ་བསྐྱོད་དང་སྦྱོར་བརྡར་འོས་འཚམས་བྱ། དཔྱད་ལ་དྲོད་དུགས་དང་མེ་བཙའ་ཟུང་འབྲེལ་གྱི་སྒོ་ནས་གསོ་བཅོས་བྱེད་དགོས་པ་བཅས་ཡིན།
གཉིས། སྨན་སྦྱོར་དམིགས་བསལ་ཅན་སེ་འབྲུ་
དྭངས་གནས་ནན་དུ་བཟུང་བ།
སྨན་ནི་ནད་གསོ་བར་བྱེད་པའི་གཉེན་པོ་ལས་ཆེས་ཕན་ནུས་ཆེ་ཤོས་དང་གལ་ཆེ་ཤོས་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། ཕོ་རུབ་ནད་གཞི་འདིར་ཆ་མཚོན་ན་འཇོམས་བྱེད་གཉེན་པོའི་སྨན་རྫས་ལ་སྨན་གཞུང་ཁག་ཏུ་ཨ་རུ་ར་དང་སེ་འབྲུ། པི་པི་ལིང་། ལ་ལ་ཕུད། ཤིང་ཚ། ཕོ་བ་རིས། སུག་སྨེལ་ལ་སོགས་པའི་སྨན་རྫས་མང་དག་ཅིག་བཀོད་ཡོད་ལ། དེ་བཞིན་སྨན་སྦྱོར་ཐད་ལ་རིན་ཆེན་གྲང་སྦྱོར་དང་རིན་ཆེན་མང་སྦྱོར། དྭགས་སྨན་བཅོ་ལྔ། གྲུབ་ཐོབ་རིལ་དཀར་ལ་སོགས་པའི་སྨན་སྦྱོར་ཆེ་ཕྲ་མང་དག་ཅིག་སྤྱོད་སྲོལ་ཡོད།ཕོ་རུབ་ནད་ཀྱི་རྐྱེན་གཙོ་བོ་ནི་གོང་བཤད་བཞིན་ཕོ་བའི་མེ་དྲོད་ཉམས་པ་ལས་འབྱུང་བ་ཡིན་ཕྱིར། དེར་འགོག་བཅོས་ཡག་པོ་ཡོང་བར་བྱ་དགོས་ན་ངེས་པར་སྔོན་ནས་ནད་གཞི་སློང་རྐྱེན་གྱི་རྒྱུ་ལ་བརྟག་པ་དང་རྒྱུ་དེ་ཉིད་འཇོམས་པར་བྱེད་པའི་གཉེན་པོའི་སྨན་སྦྱོར་སྔ་མོ་ནས་བསྟེན་ཤེས་དགོས། ནད་འདིར་ཕན་པའི་སྨན་སྦྱོར་རྣམ་གྲངས་མང་ཡང་ཆེས་མཆོག་ཏུ་གྱུར་ཤོས་ནི་སེ་འབྲུ་དྭངས་གནས་ཞེས་སེ་འབྲུ་བཞི་པའི་སྟེང་གུར་གུམ་བསྣན་པའི་སེ་འབྲུ་ལྔ་པའི་སྨན་སྦྱོར་འདི་ཉིད་ཡིན། འདིར་ཕོ་བའི་མེ་དྲོད་བསྐྱེད་པ་དང་ཕོ་བའི་ཟས་འཇུ་བའི་ནུས་པ་ཆེས་ཁྱད་དུ་འཕགས་པ་ལྡན་པས་ཕོ་རུབ་ནད་ཀྱི་འགོག་བཅོས་ལ་ནུས་པ་མངོན་གསལ་ཅན་ཐོན་ཐུབ།
གསུམ། སེ་འབྲུ་དྭངས་གནས་ཀྱི་སྨན་སྦྱོར་
ངོ་སྤྲོད་མདོར་བསྡུས།
སྨན་མིང་། རྒྱ་མིང། རོ། སྨན་དུ་སྦྱར་བྱ། སྦྱོར་ཚད།
སེ་འབྲུ། 石榴籽 སྐྱུར་བ། འབྲས་བུ། རྒྱ་མ་20
གུར་གུམ། 红花 མངར་ཁ། མེ་ཏོག། རྒྱ་མ་10
སུག་སྨེལ། 小豆蔻 ཚ་བ། འབྲས་བུ། རྒྱ་མ་5
པི་པི་ལིང་། 荜拨 མངར་ཚ། འབྲས་བུ། རྒྱ་མ་2དང་སྲང་5
ཤིང་ཚ། 肉桂 མངར་ཚ། ཤུན་པ། རྒྱ་མ་1དང་སྲང་2ཞོ་5
བཞི། སྨན་རྫས་ཀྱི་ཡོན་ཏན་ནམ་ནུས་པ་སོ་སོས་
ནད་ཀྱི་མཚན་ཉིད་རེ་རེ་བཞིན་འཇོམས་ཚུལ།
རྒྱུད་ལས་རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གནས་ཞེས་པ་ལས་གྲང་བའི་ནད་རིགས་ནི་བད་ཀན་གྱི་ཡ་གྱལ་དུ་འགྲོ་བ་གསལ་དོན་ལྟར། ཕོ་རུབ་ནད་ཀྱི་གཞི་རྩ་ཕོ་བའི་མེ་དྲོད་ཉམས་པའི་བད་ཀན་ས་ཆུའི་ཁམས་ཀྱི་གྲང་བའི་ནད་ལས་མ་འདས་པས་དེ་ལྟར་སེལ་ཚུལ་ནི་འོག་ཏུ་འཁོད་པ་ལྟར་ཏེ།
1. སེ་འབྲུ།
⑴རོ། སྐྱུར་བ།
⑵ནུས་པ། ཕོ་བའི་མེ་དྲོད་བསྐྱེད། ཕོ་བའི་ནད་རིགས་སེལ། བད་ཀན་གྲང་ནད་འཇོམས།
⑶ཞུ་རྗེས་དྲོད།
⑷རྒྱུ་འབྱུང་བའི་ནུས་པ། མེ་ས།
⑸འབྲས་བུ་ཡོན་ཏན་ནུས་པ།
①མེའི་ཡོན་ཏན། ཚ་བ་དང་རྣོ་བ། སྐམ་པ། རྩུབ་པ། ཡང་བ། སྣུམ་པ། གཡོ་བ་བཅས་བདུན་ནོ།
②སའི་ཡོན་ཏན། ལྕི་བ། བརྟན་པ། རྟུལ་བ། འཇམ་པ། སྣུམ་པ། སྐམ་པ་བཅས་དྲུག་གོ །
⑹གཞོམས་བྱ་ནད་ཀྱི་མཚན་ཉིད། བད་ཀན་མཚན་ཉིད། སྣུམ་པ། བསིལ་བ། ལྕི་བ། རྟུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་བཅས་བདུན་ནོ།
⑺འཇོམས་བྱེད་གཉེན་པོས་འཇོམས་ཚུལ། ཡོན་ཏན་ཚ་བས་མཚན་ཉིད་བསིལ་བ་འཇོམས། ཡོན་ཏན་རྣོ་བས་མཚན་ཉིད་རྟུལ་བ་འཇོམས། ཡོན་ཏན་རྩུབ་པས་མཚན་ཉིད་འཇམ་པ་དང་འབྱར་བག་ཅན་འཇོམས་པ་སོགས་ཡིན། །
2.སུག་སྨེལ། ཤིང་ཚ། པི་པི་ལིང་།
⑴རོ། ཚ་བ།
⑵ནུས་པ་བད་ཀན་ཕོ་བའི་གྲང་ནད་སོགས་གྲང་ནད་རིགས་ཀུན་ལ་མཆོག
⑶ཞུ་རྗེས་དྲོད།
⑷རྒྱུ་འབྱུང་བའི་ནུས་པ། མེ་རླུང་།
⑸འབྲས་བུ་ཡོན་ཏན་གྱི་ནུས་པ།
①མེའི་ཡོན་ཏན། ཚ་བ། རྣོ་བ། སྐམ་པ། རྩུབ་པ། ཡང་བ། སྣུམ་པ། གཡོ་བ་བཅས་བདུན་ནོ།
②རླུང་གི་ཡོན་ཏན། རྩུབ་པ། ཡང་བ། གྲང་བ། ཕྲ་བ། སྲ་བ། གཡོ་བ་བཅས་དྲུག་གོ །
⑹འཇོམས་བྱ་ནད་ཀྱི་མཚན་ཉིད།བད་ཀན་མཚན་ཉིད། སྣུམ་པ། བསིལ་བ། ལྕི་བ། རྟུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་བཅས་བདུན་ནོ།
⑺གཞོམས་བྱེད་གཉེན་པོས་འཇོམས་ཚུལ། ཡོན་ཏན་ཚ་བས་མཚན་ཉིད་བསིལ་བ་འཇོམས། ཡོན་ཏན་རྣོ་བས་མཚན་ཉིད་རྟུལ་བ་འཇོམས། ཡོན་ཏན་རྩུབ་པས་མཚན་ཉིད་འཇམ་པ་དང་འབྱར་བག་ཅན་འཇོམས། ཡོན་ཏན་ཡང་བས་མཚན་ཉིད་ལྕི་བ་འཇོམས། ཡོན་ཏན་གཡོ་བས་མཚན་ཉིད་བརྟན་པ་འཇོམས་པ་སོགས་སོ། །
3.གུར་གུམ།
རོ་མངར་ལ་ཁ་བ་ཡིན་པ་དང་ཞུ་རྗེས་བསིལ་བ། ནུས་པས་ཚ་བའི་ནད་སེལ་ཡང་རྩ་བའི་སྨན་སྦྱོར་སེ་འབྲུ་བཞི་པའི་སྟེང་དུ་ཚ་གྲང་འཐབ་པའི་ནད་ཀྱི་གཉེན་པོར་མན་ངག་ཁ་འཛིན་དུ་སྦྱར་བ་བཅས་སོ། །
དེ་ལྟར་གོང་གསལ་གྱི་ཕོ་རུབ་ནད་དང་སྨན་སྦྱོར་སེ་འབྲུ་དྭངས་གནས་ཀྱི་དབྱེ་ཞིབ་ལྟར་ན་སྨན་སྦྱོར་འདིས་ཕོ་རུབ་ཀྱི་ནད་གཞིའི་སྔོན་འགོག་དང་གསོ་བཅོས་བྱ་བ་ཙམ་དུ་མ་ཟད་མ་ཞུ་བ་ལས་བྱུང་བའི་ནད་རིགས་མཐའ་དག་གི་སྔོན་འགོག་ཏུ་བཏང་ན། ཟས་སྣོད་ཀྱི་ཕོ་བ་འདི་ལ་གསེར་དངུལ་ལས་ལྷག་པའི་རིན་ཐང་ཆེན་པོ་ལྡན་ཏེ། ཟས་སྐོམ་མྱགས་བཞུ་དྭངས་སྙིགས་ནུས་པ་ལེགས་པར་ཐོན། རླུང་ཁྲག་རྒྱུ་བའི་ཆ་སྙོམས་པོར་བྱེད། ལུས་ཀྱི་གཟི་མདངས་དང་ཟུངས་སྟོབས་མཆོག་ཏུ་རྒྱས་པར་བྱེད་པས་ལུས་ཐ་མལ་ནད་མེད་དུ་ཡུན་དུ་གནས་ཐུབ་པར་ཕན་པ་རྒྱ་ཆེར་ལྡན། འདི་ནི་ང་ཚོའི་ཤེས་ཚོར་སྤྱིར་སྟངས་བ་ལ་བརྟེན་ནས་བཀོད་པ་ཡིན་པས། གལ་ཏེ་ནོར་བའི་ཆ་དང་འཐུས་མ་ཚང་བའི་སྐྱོན་ཆ་ཡོད་ཚེ། གཟུར་གནས་མཁས་དབང་དང་དགེ་སློབ་རྣམ་པས་སྐྱོན་བརྗོད་དག་ཐེར་གང་མང་ཡོད་པ་མཁྱེན། །
◆ རྩོམ་པ་པོ། འགྱུར་མེད་རྡོ་རྗེ། བདུད་འདུལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།