དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ས་ཚུགས་ཀྱི་རྣམ་གྲངས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-11



     ཟླ་12ཚེས་9ཉིན། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ས་ཚུགས་རྣམ་གྲངས་འགོ་ཚུགས་པའི་མཛད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་ཁ་རྫོང་དུ་འཚོགས་པ་རེད།
     ད་རེས་ཀྱི་ས་ཚུགས་འགོ་ཚུགས་པ་ནི། དཀར་མཛེས་ཁུལ་གྱིས་སྲིད་ཁེ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཡུལ་སྐོར་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། མཉམ་ལས་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོ་རྒྱལ་མོ་རྔུལ་ཆུའི་ས་ཚུགས་ལས་ཚར་ནས་སྤྱོད་འགོ་ཚུགས་པའི་ཐོག་ནས་དཀར་མཛེས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ས་ཚུགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་འགོ་འཛུགས་ས་གསར་པར་སླེབས་པ་མཚོན་ཡོད།
     དཀར་མཛེས་ཁུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲོའུ་ཀྲང་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཞུས་དུས། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ས་ཚུགས་འཛུགས་སྐྲུན་བྱ་རྒྱུ་ནི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཁུལ་ཆེན་དེ་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་སྟོབས་ཆེའི་ཁུལ་ཕྱོགས་སུ་མགྱོགས་མྱུར་བསྐྱོད་རྒྱུའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པ། སི་ཁྲོན་ནུབ་བྱང་གི་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད་གཏོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་ཧ་ཅང་གལ་ཆེན་དང་གཏིང་ཟབ་ལྡན་པ་རེད། ཀྲུང་གོ་རྡོ་སྣུམ་སི་ཁྲོན་ཀུང་སིས་སྐྲུན་འགན་འཁུར་བའི་རིག་གནས་ཡུལ་སྐོར་ས་ཚུགས་95དེ་ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་ཡག་ཤོས་རྒྱལ་ལམ་317དང་རྒྱལ་ལམ་318དང་ཡུལ་སྐོར་སྐོར་ལམ་ཐོག་བཅས་སུ་ཁྱབ་ཡོད་པ་དང་། དེས་སྣུམ་སྣོན་དང་། བཟའ་བཏུང་། རླངས་འཁོར་འཇོག་པ། བློ་འདྲི། ཉམས་ལེན་སོགས་རིག་གནས་ཡུལ་སྐོར་གྱི་ཞབས་ཞུའི་ནུས་པ་མཉམ་འདྲེས་བྱས་ཡོད་པས། ཕན་ནུས་ཆ་ཚང་བ་དང་། བརྗོད་བྱ་གསལ་བ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཡོད།
     “དེའི་རྗེས་སུ། སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ཨར་ལས་ལ་དམ་འཛིན་དང་། མྱུར་ཚད་མྱུར་འཛིན། སྤུས་ཚད་འགན་ལེན། ལས་མཇུག་འགྲིལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་2021ལོའི་ཟླ་6པའི་གོང་དུ་ས་ཚུགས་ཚང་མ་བསྐྲུན་ཐུབ་པ་འགན་ལེན་བྱས་ནས། རིག་གནས་ཡུལ་སྐོར་ས་ཚུགས་དེ་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་མཛེས་ཤོས་དང་གཟུགས་བརྙན་ཡག་ཤོས་མངོན་པའི་མིང་བྱང་དང་སྐར་ཁུང་ཞིག་ཏུ་བསྐྲུན་རྒྱུ་རེད”ཅེས་བརྗོད།
     ཀྲུང་གོ་རྡོ་སྣུམ་སི་ཁྲོན་ཕྱིར་ཚོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཅན་མིང་གིས། ད་ལོའི་ཟླ་4པར་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་ནས་བཟུང་། ཁེ་ལས་ཀྱིས“སྤྱི་ཡོངས་བཀོད་སྒྲིག་དང་། རིམ་དབྱེ་ལག་བསྟར། གཙོ་གནད་སྐུལ་སྤེལ”བཅས་ཀྱི་རྩ་དོན་གཞིར་བཟུང་། རིག་གནས་ཡུལ་སྐོར་ས་ཚུགས་ཀྱི་བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་བས་ཐོག་མའི་ཕན་འབྲས་ཐོབ་ཡོད། མིག་སྔར་ཁག་དང་པོར་བསྐྲུན་པའི་རྒྱལ་མོ་རྔུལ་ཆུའི་རིག་གནས་ཡུལ་སྐོར་ས་ཚུགས་ཀྱི་སྒར་ས་ཨང་དང་པོ་ཕྱོགས་ཡོངས་ནས་ལས་ཚར་བ་དང་འབྲེལ་བདེ་བླག་ངང་སྤྱོད་འགོ་ཚུགས་ཡོད། རྣམ་གྲངས་དེས་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་ལྷམ་པ་4733བཟུང་བ་དང་མ་དངུལ་སྒོར་བསྡོམས་འབོར་ཁྲི་2000བཏང་ཡོད་དེ། དེར་སྣུམ་སྣོན་དང་། བཟའ་བཏུང་། རོགས་སྐྱོབ། སྒོ་རྩིས་ཚོང་ཁང་སོགས་ཞབས་ཞུའི་ནུས་པ་ཁག་ཆེན་པོ་9ཚུད་ཡོད་པ་རེད། “འདི་ནི་ཡུལ་སྐོར་བར་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ཀྱི་ཞབས་འདེགས་མཁོ་འདོན་བྱེད་པའི་ཕྱོགས་བསྡུས་ཞབས་ཞུའི་རྣམ་པ་ཞིག་ཡིན་པས་དཀར་མཛེས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད”ཅེས་བརྗོད། (http://tibet.people.com.cn/15832330.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1