“ས་མཐོའི་རྒོད་ཕྲུག”གིས་དྲག་རྩལ་ལ་བརྟེན་ནས་ཕུགས་འདུན་གཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-15



ལུང་ཆོན་དབྱི་ཆུས་ཀྱི་རིགས་མཐུན་རོགས་སྐྱོར་དགེ་རྒན་གྱིས་དྲག་རྩལ་དཀར་མཛེས་སློབ་གྲྭའི་ནང་དུ་འཁྱེར་བ།

“ས་མཐོའི་རྒོད་ཕྲུག”གིས་དྲག་རྩལ་ལ་བརྟེན་ནས་ཕུགས་འདུན་གཏོད་པ།




      ཁྲེང་ཏུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཕྱི་དྲོ་ཉི་མ་སྤྲིན་ནང་དུ་འཛུལ་ལ། རྒྱང་རིང་གི་རྩ་ཟླ་ལའི་རི་རྩེ་སྤྲིན་གསེང་ནས་ཕྱིར་མངོན་བྱུང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ལྷག་ཙམ་ཡོད་པའི་དཀར་མཛེས་རྫོང་ཐག་རིང་འབྲོག་ཁུལ་ཡུས་ཚའེ་སློབ་གྲྭའི་ལུས་རྩལ་ཐང་དུ་གྲལ་འགྲིག་པའི“ཧེ་ཧ”ཞེས་པའི་སྒྲ་ཞིག་གྲགས་བྱུང་། སློབ་ཆུང་སློབ་མ་སྐོར་ཞིག་གིས་ལུས་རྩལ་ར་བའི་ནང་དུ་ཐའེ་ཅི་དྲག་རྩལ་སོགས་རྒྱག་བཞིན་ལ། སྟངས་སྟབས་རེ་རེ་ནས་ཡར་ངོ་ཟླ་ལྟར་འཕེལ་བའི་རྣམ་པ་ཞིག་མངོན་ཡོད། ཀྲང་ཅུན་ཧྥང་དང་ཏུའུ་ཁྲའོ་ཡིས་མི་ཚོགས་ཁྲོད་དྲག་རྩལ་རུ་མི་ཆུང་ཆུང་གི་སྟངས་སྟབས་ཡོ་བསྲང་བྱེད་བཞིན་ཡོད། འདི་ནི་དགེ་རྒན་ཁོང་གཉིས་ཀྱིས་བཙུགས་པའི་ས་མཐོའི་རྒོད་ཕྲུག་དྲག་རྩལ་རུ་ཁག་གི་རྒྱུན་གཏན་གྱི་སྦྱོང་བརྡར་རེད། 


     ད་ལོ་ལོ་42ལ་སླེབས་པའི་ཀྲང་ཅུན་ཧྥང་ནི་ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་ཀྱི་རིགས་མཐུན་རོགས་སྐྱོར་དགེ་རྒན་ཞིག་རེད། ཆུང་དུས་ནས་དྲག་རྩལ་སྦྱོང་བའི་ཁོང་ནི་རྒྱལ་ཁབ་དྲག་རྩལ་གྱི་རིམ་པ་དང་པོའི་ཤན་འབྱེད་པ་དང་། རྒྱལ་ཁབ་དྲག་རྩལ་གྱི་རིམ་པ་གཉིས་པའི་ལུས་རྩལ་པ། རྒྱལ་ཁབ་ཐའེ་ཆོན་དྲག་རྩལ་གྱི་རིམ་པ་དང་པོའི་ཤན་འབྱེད་པ། རྒྱལ་ཁབ་ཐའེ་ཆོན་དྲག་རྩལ་གྱི་རིམ་པ་གཉིས་པའི་ལུས་རྩལ་པ། རྒྱལ་ཁབ་མང་ཚོགས་ཐའེ་ཆོན་དྲག་རྩལ་གྱི་འབྲིང་རིམ་རྩལ་ཁྲིད་པ་བཅས་ཡིན། ད་ལོའི་ཟླ་8པའི་ཟླ་མཇུག་ཏུ་ལུང་ཆོན་དབྱི་ཆུས་སློབ་གསོ་ཅུས་ཀྱིས་ཀྲང་ཅུན་ཧྥང་དཀར་མཛེས་རྫོང་དུ་སློབ་སྐྱོར་བྱེད་པར་མངགས་པ་རེད།


     ད་ལོའི་ཟླ་7པར་ལུང་ཆོན་དབྱི་ཆུས་ཀྱི་རིགས་མཐུན་རོགས་སྐྱོར་དགེ་རྒན་ཡིན་པའི་ཏུའུ་ཁྲའོ་ལའང་དཀར་མཛེས་རྫོང་དུ་དྲག་རྩལ་རུ་ཁག་ཅིག་འཛུགས་རྒྱུའི་བསམ་ཚུལ་བྱུང་། ཆེད་ལས་རྩལ་ནུས་ལྡན་པའི་ལུས་རྩལ་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཀྲང་ཅུན་ཧྥང་དཀར་མཛེས་སུ་འབྱོར་རྗེས་ཏུའུ་ཁྲའོ་དང་བསམ་ཚུལ་གཅིག་མཐུན་བྱུང་ཞིང་། དུས་སྔོན་གྱི་གྲ་སྒྲིག་བྱས་པ་བརྒྱུད། ཟླ་9པའི་ཟླ་འགོར་ཁོང་གཉིས་ཀྱིས“ས་མཐོའི་རྒོད་ཕྲུག་དྲག་རྩལ་རུ་ཁག”དངོས་སུ་བཙུགས་ལ། བསྡུས་པའི་རུ་མི་17ཚང་མ་སློབ་གྲྭ་དེ་གའི་སློབ་མ་ཡིན་པ་རེད། རུ་མིའི་རྒྱུན་ལྡན་གྱི་སློབ་སྦྱོང་ལ་འགོར་འགྱངས་མི་བྱེད་པའི་ཆེད་དུ་དགེ་རྒན་ཁོང་གཉིས་དང་རུ་མི་ཡོངས་ཀྱིས་ངལ་གསོའི་དུས་ཚོད་དོར་ནས་ཉིན་ལྟར་ཉིན་དགུང་ངལ་གསོ་དང་། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས། རུ་མིའི་འཛིན་གྲྭའི་ལུས་རྩལ་སློབ་ཚན་བཅས་ཀྱི་ཐོག་སྦྱོང་བརྡར་བཀོད་སྒྲིག་བྱས་པ་རེད།


     ལོ་11ལ་སླེབས་པའི་ཤེས་རབ་ལྷ་མོ་ནི་ས་མཐོའི་རྒོད་ཕྲུག་དྲག་རྩལ་རུ་ཁག་གི་བུད་མེད་རུ་མི་ཞིག་རེད། ཁོ་མོར་མཚོན་ན་དྲག་རྩལ་སྔོན་ཆད་བརྙན་འཕྲིན་ནས་མཐོང་མྱོང་ཙམ་ཡིན། ཐོག་མར་དྲག་རྩལ་རུ་ཁག་ཏུ་ཞུགས་ནས་ཐེངས་དང་པོར་དངོས་སུ་དྲག་རྩལ་སྦྱོང་བ་ན། དྲག་རྩལ་ལ་དགའ་པོ་བྱུང་བས། དགོང་མོ་རེ་རེར་ཁྱིམ་དུ་ལོག་རྗེས་བསྐྱར་སྦྱོང་བྱེད་པ་རེད། ཉིན་འགའ་འགོར་རྗེས་གཞི་རྩའི་ནུས་རྩལ་ཤེས་སོང་བ་རེད།


     སྲོལ་རྒྱུན་དྲག་རྩལ་སློབ་གྲྭར་བསྐྱོད་པ་དེས་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། སྲོལ་རྒྱུན་རིག་གནས་དར་སྤེལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན། མཐའ་མཚམས་འབྲོག་ཁུལ་གྱི་བྱིས་པའི་ངོས་ནས་བརྗོད་ན། སྲོལ་རྒྱུན་དྲག་རྩལ་སྦྱོང་བའི་དོན་སྙིང་དེ་བས་ཟབ་མོ་ཡོད། ས་མཐོའི་རྒོད་ཕྲུག་དྲག་རྩལ་རུ་ཁག་གི་གསར་གཏོད་པ་ཞིག་ཡིན་པའི་ཆ་ནས། ཀྲང་ཅུན་ཧྥང་གིས་གོམ་གང་མདུན་སྤོས་ཀྱིས་རང་ཉིད་ཀྱི་ཆེད་ལས་ཤེས་བྱ་སློབ་མར་ཁྲིད་ནས། བྱིས་པ་དེ་བས་མང་བ་ཞིག་གིས་དྲག་རྩལ་སྦྱངས་ནས་དྲག་རྩལ་དེ་ས་མཐོར་དེ་བས་རྒྱ་ཁྱབ་ངང་བརྒྱུད་སྤེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད། (http://tibet.people.com.cn/15832456.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1