བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་འཆར་འགོད་ཀྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-15



       ཟླ11པའི་ཚེས27ཉིན། ལོ་མཇུག་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་“བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་འཆར་འགོད་ཀྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས”འཚོགས་ཤིང་། འབྲེལ་ཡོད་ཚན་ཞིབ་ལས་ཁུངས་ཀྱི་བོད་རིག་པའི་ཆེད་མཁས་པ་དང་བོད་འབྲེལ་གཙོ་གནད་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་མི་སྣ་སོགས་མི60ལྷག་ཙམ་གདན་ཞུ་བྱས་ཡོད་ལ། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། ནང་དོན་གཙོ་བོ། འབད་འཐབ་དམིགས་ཚད་བཅས་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ།“ལོ་ལྔ་ཚན་བཅུ་བཞི་པ”ཡི་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་འཆར་འགོད་བྱས་པ་རེད།

       ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་གསུངས་ལ། ཁོང་གིས་བརྗོད་དོན། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ཀྱི་འཆར་གཞི་ཇུས་འགོད་བྱེད་དགོས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་དུས་བབ་གསལ་རྟོགས་དང་། སྤྱིའི་འཕེལ་ཕྱོགས་དམ་འཛིན་བྱེད་པ།  འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འོས་འགན་ཁ་གསལ་པོ་བཟོ་བ་བཅས་བྱེད་དགོས་ཞེས་གསུངས་པ་སྟེ། ཐོག་མར་རྒྱབ་ལྗོངས་ཆེན་པོར་ངོས་འཛིན་གསལ་པོ་ཡོད་དགོས། འཛམ་གླིང་གི་དུས་རབས་ཀྱི་ཁྱད་ཆོས་དང་། རང་རྒྱལ་གྱི་དུས་རབས་ཀྱི་ཁྱད་ཆོས། བོད་ལྗོངས་ས་གནས་ཀྱི་དུས་རབས་ཀྱི་ཁྱད་ཆོས་བཅས་ལ་ངོས་འཛིན་གསལ་པོ་ཡོད་དགོས། འདི་ནི་བོད་ལྗོངས་ལས་དོན་འཆར་འགོད་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་ལ། བོད་རིག་པའི་ཞིབ་འཇུག་ལས་དོན་འཆར་འགོད་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡང་ཡིན། གཉིས་ནས་སྤྱིའི་འཁོར་ཕྱོགས་ལ་ངོས་འཛིན་གསལ་པོ་ཡོད་དགོས། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། སྤྱི་ཡོངས་ཀྱི་ལྟ་བ། གནས་བབ་མི་སྣའི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་ཀྱི་སྤྱིའི་འཁོར་ཕྱོགས་གསལ་པོ་ཤེས་ཚེ། བོད་རིག་པའི་ཞིབ་འཇུག་གི་དུས་རབས་ཀྱི་གོ་གནས་འཚོལ་ཐུབ་པ་དང་།  ཉེན་ཁ་འཕྲད་རུང་ཟང་ཟིང་དུ་མི་འགྲོ་བ་དང་། ཉེན་ཁའི་ཁྲོད་གོ་སྐབས་འཚོལ་བ། གསར་གཏོད་ཡར་བརྩོན། རྣམ་པ་གསར་པ་གཏོད་པ་བཅས་བྱེད་ཐུབ། གསུམ་ནས་སྤྱིའི་འཕེལ་ཕྱོགས་དམ་འཛིན་བྱ་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། རིན་ཐང་གི་ལྟ་ཕྱོགས། ལག་ལེན་གྱི་ཁྲིད་ཕྱོགས་བཅས་ཁོང་དུ་ཡག་པོར་ཆུད་དགོས་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་འཆང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལུས་སེམས་ཡོངས་རྫོགས་ཏང་གི་བོད་ལྗོངས་ཀྱི་ལས་དོན་ནང་ཞུགས་དགོས། བཞི་ནས་གནད་དོན་ཆེན་པོ་ལ་ཞིབ་འཇུག་བྱ་དགོས། གནད་དོན་དངོས་དང་། གནད་དོན་གསར་པ། གནད་དོན་དཀའ་མོ་བཅས་ལ་ཞིབ་འཇུག་བྱེད་པ་དང་། དཀའ་ངལ་ཁྱད་དུ་གསོད་པའི་སྤོབས་པ་དང་འཇོན་ཐང་ལྡན་དགོས། ལྔ་ནས་བློ་གྲོས་ཆེན་པོ་ལེགས་སྐྱེས་སུ་འབུལ་དགོས། ཚན་ཞིབ་གྲུབ་འབྲས་ལ་རྒྱང་རིང་གི་དམིགས་འབེན་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ལྡན་དགོས་ཤིང་། ཚན་ཞིབ་གྲུབ་འབྲས“ཆ་མི་མཐུན་པ”དང་།“རྗེས་མི་ཟིན་པ”དང་། “མི་འཚམ་པ”དང་། “དངོས་ཡོད་ཕན་འབྲས་ལ་སྒྱུར་དཀའ་བ”བཅས་ཀྱི་གནད་དོན་འབྱུང་བར་སྔོན་འགོག་དང་སེལ་ཐབས་བྱེད་དགོས་ཞེས་བརྗོད་པ་རེད། ཁྲེན་ཙུང་རུང་གིས་ད་དུང་ནན་བཤད་བྱས་དོན། “སྤྱི་ཡོངས་གཉིས”ཀྱི་མདུན་དུ་འགག་རྩ་ནི་ང་ཚོར་འགྱུར་ལྡོག་ལ་ངོས་ཟིན་པའི་བློ་གྲོས་དང་། འགྱུར་ལྡོག་དང་བསྟུན་པའི་ཐབས་ལམ། འགྱུར་ལྡོག་འཚོལ་བའི་སྙིང་སྟོབས་བཅས་ཡོད་མེད་ལ་ཐུག་ཡོད། འཐབ་ཇུས་ཀྱི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ལས་དོན་ཇུས་འགོད་དང་། བབ་བསྟུན། མིག་སྔའི་ཇུས་འགོད། འབྱུང་འགྱུར་གྱི་ཇུས་འགོད་བཅས་གཅིག་གྱུར་བྱས་ཏེ། གནས་ཚུལ་འཕེལ་རྒྱས་དང་འགྱུར་ལྡོག་འབྱུང་བར་ཁ་གཏད་འཇལ་བ་དང་། དུས་ཡུན་འབྲིང་རིང་གི་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་དགོས་ཞེས་བསྟན། 
       ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་ཚོས་གྲོས་བསྡུར་འཁྲུག་ཆ་དོད་པོ་བྱས་ནས་ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཁྱོན་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་བོད་རིག་པར་ཞིབ་འཇུག་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་གནས་བབ་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། ཏན་ཏིག་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་རུ་ཁག་དང་སྣེ་ཁྲིད་པ་ཡག་པོ་ཞིག་བྱས་ཏེ། སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་། བོད་འབྲེལ་རྩེར་སོན་རིག་མཛོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཐུན་སྦྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་སྔར་ལས་མང་པོ་བསྐྲུན་པ། ས་ཁུལ་ལས་བརྒལ་བ་དང་། ཁྱབ་ཁོངས་ལས་བརྒལ་བ། རིག་གཞུང་ཚན་ཁག་ལས་བརྒལ་བ་བཅས་ཀྱི་བོད་འབྲེལ་གནད་དོན་གལ་ཆེན་གྱི་མཉམ་འབྲེལ་ཞིབ་འཇུག་གི་འགག་སྒོ་ལས་སྒྲོལ་བར་སྐུལ་འདེད་བཏང་ནས། བོད་སྐྱོང་བོད་དར་ཐད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།
       ཚང་མས་བརྗོད་དོན། བོད་ལྗོངས་ཀྱི་ལས་དོན་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པས། བོད་རིག་པའི་ཞིབ་འཇུག་གི“ལོ་ལྔ་ཚན་བཅུ་བཞི་པ”ཡི་འཆར་གཞི་ཇུས་འགོད་ཡག་པོ་བཟོ་རྒྱུ་ནི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དོན་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཀྱང་རེད། ད་ཐེངས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་བོད་རིག་པའི་ཚན་ཞིབ་ཁ་ཕྱོགས་ལ་དམིགས་ནས་འཕེལ་རྒྱས་ཀྱི་འཆར་འགོད་བྱས་པ་དང་། ཕྱོགས་མི་འདྲ་བ་ནས་དུས་རབས་གསར་པའི་བོད་རིག་པ་ཞིབ་འཇུག་འཕེལ་རྒྱས་ཀྱི་རྣམ་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས། གཙོ་གནད་ཀྱི་ལས་འགན་སོགས་ཀྱི་གནད་དོན་ལ་དཔྱད་བསྡུར་བཅས་བྱས་པ་ནི་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་འགོད་པར་དཔྱད་གཞིའི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། དེའང་འདི་ནི་རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱུན་འཛིན་དང་འཕེལ་རྒྱས། ཇུས་འགོད་དང་སྐུལ་སློང་བཅས་ཟུང་འབྲེལ་དམ་ཟབ་བྱེད་པའི་རིག་གཞུང་ཚོགས་འདུ་གཟབ་རྒྱས་ཤིག་རེད་ཅེས་བསྟན།
       བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཧྭ་ཡན་ལུང་གིས་ཚོགས་འདུར་ཕྱོགས་སྡོམ་གནང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མི་སྣ་མངགས་ནས་ཚོགས་འདུར་མཛུབ་སྟོན་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཁོངས་མི་དང་ཚན་ཁག་སོ་སོའི་འགན་འཛིན། དེ་བཞིན་འབྲེལ་ཡོད་ཆེད་མཁས་པ་དང་མཁས་པ་རྣམས་ཚོགས་འདུར་ཞུགས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1