ནང་དོན་གནད་བསྡུས། སློབ་ཆུང་སློབ་མ་ནི་ལུས་སེམས་འཚར་ལོངས་ཀྱི་སྐབས་དང་།མི་གཤིས་གསོ་སྐྱོང་གི་བློ་འབྱེད་དུས་རིམ་དུ་གནས་པས།སློབ་གྲྭས་རིག་པ་སྐྱོང་བའི་ཞོར་དུ་སློབ་མའི་སྤྱོད་པ་སྐྱོང་བ་ལའང་ཐུགས་ཁུར་བཞེས་དགོས་ཏེ།སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བ་དང་།ཕྱོགས་བསྡུས་ཆ་ཚང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།རང་རེའི་རྒྱལ་ཁབ་ནི་སློབ་གསོའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་ཕྱིར།སློབ་གསོ་ལ་བསྟེན་ཏེ་ཀྲུང་ཧཱ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱ་དགོས་ལ།སློབ་ཆུང་སློབ་མ་ནི་རང་རེའི་མེས་རྒྱལ་གྱི་མ་འོངས་པ་དང་རེ་བཞག་འཆའ་ས་ཡིན་པས།ཁོང་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བར་འགངས་ཆེ་བའི་དོན་སྙིང་དང་ཕན་འབྲས་ལྡན་ཞིང་།སློབ་མས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གསར་བ་དང་རང་འཁྲིས་སུ་བབས་པའི་འོས་འགན་ལ་རྒྱུས་མངའ་བྱེད་པར་ཕན་པ་ཡིན། དེ་ལྟ་ནའང་།རང་རྒྱལ་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མིག་སྔའི་གནས་ཚུལ་ལ་མ་དག་པའི་གནད་དོན་འགའ་ཞིག་མཆིས་ཕྱིར། དེ་ཐག་གཅོད་ཀྱི་ཐབས་ལམ་གང་ཞེ་ན། སློབ་ཁྲིད་ཀྱི་རྣམ་པ་བཅོས་བསྒྱུར་དང་།
བསམ་བློ་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ་ཆེད་མཁས་དགེ་རྒན་གདན་འདྲེན་པ། ཕྱོགས་བསྡུས་ཚད་འཇོག་གི་སྒྲིག་གཞིའི་མ་ལག་ལེགས་བཅོས་བཅས་ཀྱིས་སློབ་མའི་ཡ་རབས་ཀྱི་ཀུན་སྤྱོད་དང་རིན་ཐང་གི་ལྟ་བ་གོམས་གཤིས་སུ་འཇགས་དགོས།
[བརྡ་ཆད་གཙོ་བོ། ] བསམ་བློ་ཆབ་སྲིད། དུས་རབས་གསར་བ། སློབ་གསོ།
[རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།] ཀྲོའོ་ཙོན། མོ། 1984ལོར་ཧི་ནན་ཞིང་ཆེན་ནན་ཡང་ནས་སྐྱེས། རྒྱ་རིགས། རབ་འབྱམས་པ། ནན་ཡང་རྩིས་ལས་སློབ་ཆེན་ཀྱི་འཆད་ཁྲིད་དགེ་རྒན།ཞིབ་འཇུག་གི་ཁ་ཕྱོགས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་འགྲོས་ཤིན་ཏུ་མྱུར་བ་དང་བསྟུན།འཛམ་གླིང་རང་བཞིན་གྱི་གོམ་ཁ་གཅིག་གྱུར་དང་།རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཐག་ཇེ་དམ། སྤྱི་ཚོགས་ཀྱི་ཁོར་ཡུག་ལ་བློས་དཔོག་པར་དཀའ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། སློབ་གསོའི་མངའ་ཁོངས་ལའང་གསར་བརྗེ་དང་རིམ་བཞིན་སྣེ་མང་ཅན་དུ་འཕེལ་རྒྱས་བྱུང་ཞིང་།སློབ་ཁྲིད་ཀྱི་སྒྲིག་གཞི་དང་ཁྲིད་ཐབས་སོགས་ལ་བཅོས་སྒྱུར་གསར་འབྱེད་བྱས་པ་དང་།སྤྱིའི་ཆ་ནས་བལྟས་ན་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད་མོད། སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ངོས་ན་ད་དུང་ཡང་ཐག་གཅོད་བྱ་དགོས་པའི་གནད་དོན་འགའ་ཞིག་མཆིས་པ་རེད།
དང་པོ། དུས་རབས་གསར་བའི་སློབ་ཆུང་གི་ད་ལྟའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་གནས་བབས།
གཅིག སློབ་ཁྲིད་ཀྱི་སྒྲིག་གཞི་སྲོལ་རྒྱུན་དང་སྣ་རྐྱང་ཡིན་པ།
ད་ལྟའི་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་དེ་འདྲའི་དོ་སྣང་ཆེན་པོ་བྱེད་ཀྱིན་མེད་ཅིང་། སྤུས་ཚད་སློབ་གསོ་གོང་སྤེལ་དང་། ཁྲིད་གཞི་གསར་བཅོས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་སྒྲིག་གཞི་ལེགས་བཅོས་ལ་མགོ་འདྲེན་དང་། སློབ་ཐུན་སློབ་ཁྲིད་ཀྱི་ཁྲོད་དུ་ཆ་འཕྲིན་ལག་རྩལ་རྒྱ་ཁྱབ་དུ་བེད་སྤྱོད་གཏོང་བཞིན་མཆིས་ནའང་། སློབ་ཆུང་སློབ་གྲྭ་ཁ་ཤས་ཤིག་གི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་གཞི་གསར་བཅོས་དེ་ཁྲིད་གཞི་གཞན་དག་དང་བསྡུར་ན་རྗེས་ལུས་ཡིན་པ་དང་།སློབ་ཁྲིད་ཀྱི་སྒྲིག་གཞི་ཅུང་སྲོལ་རྒྱུན་དང་སྣ་རྐྱང་ཡིན་ཏེ།དགེ་རྒན་གྱིས་ཤེས་བྱ་ཁྲིད་རྐྱང་དང་། སློབ་མས་སློབ་སྦྱོང་བྱེད་རྐྱང་གིས། སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཚད་ངེས་ཅན་གྱིས་ཇེ་ཞན་དུ་སོང་ཡོད་ལ། འབྲས་བུ་ཡང་ཇེ་ཆུང་དུ་འགྲོ་བཞིན་འདུག དེར་མ་ཟད། སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་གྱིས་སློབ་མའི་ཀུན་སྤྱོད་དང་སྤུས་ཚད། སེམས་ཁམས་ཀྱི་གནས་ཚུལ། ཁྲིམས་ལུགས་ཀྱི་འདུ་ཤེས། རྒྱལ་གཅེས་ཀྱི་བརྩེ་སེམས་སོགས་ཁྲིད་གཞིའི་ནང་དོན་ཁོ་ན་གཞིར་བཟུང་ནས་ཁྲིད་པས། སློབ་ཐུན་སློབ་ཁྲིད་ཀྱི་ནང་དོན་ཁྲིད་གཞི་ལས་མི་འདའ་ཞིང་། ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སློབ་ཁྲིད་ཀྱི་ཐོན་ཁུངས་བསྡུ་ལེན་སྒོས་སློབ་མའི་སློབ་སྦྱོང་གི་གོ་རྟོགས་གསར་འབྱེད་མ་བགྱིས་པ་དང་། སློབ་ཁྲིད་ཀྱི་སྒྲིག་གཞི་རྙིང་སྲོལ་རྗེས་ལུས་ཡིན་ཞིང་། སློབ་ཁང་སློབ་ཁྲིད་ལ་ཆ་འཕྲིན་ལག་རྩལ་མ་བཀོལ་བའི་རྐྱེན་གྱིས་སློབ་ཁྲིད་ཀྱི་ནང་དོན་ཡང་རྗེས་ལུས་ཀྱི་རྣམ་པ་ཡིན་ཏེ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་བསྲིང་དཀའ་ལ། སློབ་ཁྲིད་ཀྱི་འབྲས་བུའང་ཅུང་ཉམ་ཞན་པའི་གནས་ཚུལ་བྱུང་བ་རེད།
གཉིས། དགེ་རྒན་གྱི་སྟོབས་ཤུགས་ཞན་པ།
དུས་རབས་གསར་བའི་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་སློབ་ཁྲིད་ལ་ཆེད་ལས་དགེ་རྒན་གྱི་སྟོབས་ཤུགས་ཞན་ཞིང་། སྤྱིར་བཏང་དུ་བསམ་བློ་ཆབ་སྲིད་དེ་ཆེད་ལས་ཆབ་སྲིད་ཡིན་པའི་དགེ་རྒན་གྱིས་ཁྲིད་ན་འགྲིག་མོད། ད་ལྟའི་སློབ་ཆུང་ཁ་ཤས་ཤིག་དང་། ལྷག་པར་དུ་རྒྱང་མཐའ་རུ་གནས་པའི་སློབ་གྲྭར་དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་དང་། སློབ་གྲྭ་དང་དགེ་རྒན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་སྣང་མེད་དུ་བཞག་པའི་རྐྱེན་གྱིས་སློབ་ཁྲིད་འདི་ཆེད་ལས་མ་ཡིན་པའི་དགེ་རྒན་གྱིས་ཁྲིད་ཅིང་། ཁྲིད་ཐུན་གྱི་གྲངས་ཀྱང་ཅུང་ཉུང་བ་རེད། དེའི་སྟེང་དགེ་རྒན་གྱི་ཆབ་སྲིད་བསམ་བློའི་ཆེད་ལས་ཀྱི་ཤེས་བྱའི་ཆུ་ཚད་དམའ་བས། སློབ་ཁྲིད་ཀྱི་ཁྲོད་དུའང་ཁྲིད་གཞིའི་ནང་དོན་རྐྱང་རྐྱང་འཆད་པ་ལས། གཏིང་ཟབ་པའི་དབྱེ་ཞིབ་དང་མཐའ་དཔྱོད་མི་གནང་ལ། དེས་སློབ་མར་བསམ་བློ་ཆབ་སྲིད་ཀྱི་ཕུགས་དོན་རྟོགས་དཀའ་བ་དང་། ཁྲིད་གཞིའི་ཤེས་བྱ་རྒྱུད་ལ་མ་འབྱོར་བའི་སྣང་ཚུལ་བྱུང་། དེ་གཞན། དེང་སྐབས་ཀྱི་སློབ་ཆུང་སློབ་མ་མང་ཤས་ཤིག་གིས་བསམ་བློ་ཆབ་སྲིད་ལ་དོ་གལ་ཆེན་པོ་མི་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྐབས་དོན་ལ་སྣང་འཇོག་མེད་པ། ཐ་ན་བསམ་བློ་ཆབ་སྲིད་དེ་བསླབ་རུང་ལ་མ་བསླབ་ཀྱང་ཆོག་པའི་བསླབ་བྱ་ཕལ་བར་ངོས་བཟུང་བ་དང་། སློབ་གྲྭ་དང་དགེ་རྒན། སློབ་མ་ཡོངས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་མཐོང་ཆེན་མེད་པའི་རྐྱེན་གྱིས། སློབ་ཁྲིད་ཀྱི་འབྲས་བུ་ཡང་མངོན་བསལ་མིན་པའི་ཐད་ཀར་གྱི་འཇུག་འབྲས་དེ་ལྟ་བུ་བྱུང་བ་ཡིན་ལ། དེའི་རྐྱེན་གྱིས་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་བསྒྱུར་བཅོས་གཏོང་དགོས་པར་འདོད།
གཉིས་པ། དུས་རབས་གསར་བའི་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བཅོས་ཐབས།
གཅིག སློབ་ཁྲིད་ཀྱི་སྒྲིག་གཞི་ལེགས་བཅོས།
དུས་རབས་གསར་བ་དང་བསྟུན་ནས་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་གནས་བབས་བཅོས་སྐྱོང་གཏོང་སླད། ཐོག་མར་སློབ་ཁྲིད་ཀྱི་སྒྲིག་གཞི་ལེགས་བཅོས་གཏོང་དགོས་ལ། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་གྱིས་ནམ་ཡང་༼སློབ་མ་གཙོ་བོ་དང་། དགེ་རྒན་སྣེ་ཁྲིད་༽ཀྱི་སློབ་ཁྲིད་མན་ངག་རྒྱུན་འཁྱོངས་ལྷོད་མེད་གནང་དགོས་ཤིང་། སློབ་ཐུན་སློབ་ཁྲིད་ཀྱི་ཁྲོད་དུ་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་གསར་བ་བེད་སྤྱོད་དང་། མྱན་མང་གཟུགས་ཀྱི་སྒྲ་དང་གཟུགས། བརྙན་རིས་བཅས་ཀྱི་ལམ་ནས་སློབ་མའི་རྒྱུད་འགུག་དགོས་པ་དང་།འཚར་སྣང་དང་དགའ་སྤྲོས་བརྟས་པའི་སློབ་ཐུན་གྱི་ཁོར་ཡུག་བསྐྲུན་པ།དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་ཁྲིད་ཐབས་སྣ་མང་པོ་སྤྱད་དེ་སློབ་མའི་སློབ་སྦྱོང་གི་འདུན་པ་སྐྱེད་དགོས་ཤིང་། ཁ་འཚར་རྩེ་འཚར་གྱིས་སློབ་ཐུན་ལ་བྲོ་བ་གསར་བ་སྣོན་དགོས། དེའི་རྐྱེན། དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྔོན་དུ་ཆབ་སྲིད་བསམ་བློ་སློབ་གསོའི་ནུས་པ་དང་རིན་ཐང་ལ་རྒྱུས་ལོན་གཏིང་ཟབ་བྱ་དགོས་ཤིང་། རང་དཔེ་གཞན་སྟོན་གྱིས་བསམ་བློ་ཆབ་སྲིད་ཀྱི་ལུགས་སྲོལ་བཟང་བོ་ཞིག་བཟོ་དགོས་པར་མ་ཟད། སློབ་མ་རྣམས་ཀྱང་ལུགས་སྲོལ་འདིའི་ཤུགས་རྐྱེན་གྱིས་རིམ་བཞིན་བཟང་ཕྱོགས་སུ་ཁྲིད་དགོས། ད་དུང་མྱན་མང་གཟུགས་ཀྱི་སྒྲིག་ཆས་ཀྱིས་སློབ་ཁྲིད་བྱེད་པ་དང་། ཁྲིད་གཞིའི་ནང་དོན་དང་དངོས་ཡོད་འཚོ་བ་དཀྱུས་གཅིག་ཏུ་སྦྲེལ་བ་ནི། དཔེར་ན་སློབ་ཐུན་གྱི་ཁྲོད་དུ་སྐབས་བབས་ཀྱིས་སློབ་མའི་སྤྲོ་སྣང་འཕེལ་བའི་དུས་ཐོག་གསར་འགྱུར་ཤོད་པ་དང་། སློབ་མའི་རྒྱལ་གཅེས་ཀྱི་འདུན་པ་བསྐྱེད་བསྲིང་བྱ་དགོས་ལ། རང་འཁྲིས་སུ་བྱུང་བའི་མི་བཟང་དོན་བཟང་གི་བྱ་བའང་བཤད་དེ། སློབ་མས་རྣམ་དག་གི་བརྩེ་སེམས་ཤེས་ཐུབ་པ་དང་། སྤྱོད་བཟང་སྤུས་ལེགས་ཀྱི་གསོ་སྐྱོང་ལ་སྐུལ་འདེད་གཏོང་དགོས།
གཉིས། ཆེད་ལསདགེ་རྒན་གདན་འདྲེན་པ།
སློབ་གྲྭ་ཁ་ཤས་ཤིག་གི་ཆེད་ལས་དགེ་རྒན་མི་འདང་བའི་སྣང་ཚུལ་ལ་དམིགས་ཏེ། ཐོག་མར་རྒྱལ་ཁབ་དང་སྲིད་གཞུང་གིས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་མཐོང་ཆེན་དང་། དེའི་ཕྱོགས་ཀྱི་སློབ་གསོའི་འགྲོ་གྲོན་ཇེ་མང་དུ་གཏང་སྟེ། སློབ་གྲྭ་སོ་སོ་དང་ལྷག་པར་དུ་རྒྱང་མཐའི་སློབ་གྲྭར་སློབ་གསོའི་སྒྲིག་ཆས་མཁོ་སྤྲོད་བྱ་དགོས་ལ། དེ་དང་ལྷན་ཆབ་སྲིད་ཆེད་ལས་ཀྱི་དགེ་རྒན་མང་དུ་བསྡུས་ཏེ། སློབ་ཆུང་གི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོར་ཕན་ངེས་ཀྱི་རྒྱབ་སྦྱོར་ཆེན་པོ་བྱ་དགོས། དེའི་སྟེང་སློབ་གྲྭ་སོ་སོས་ཀྱང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་མཐོང་ཆེན་མཛད་དགོས་ཏེ། ཆེད་ལས་དགེ་རྒན་མང་པོ་བསྡུ་བའི་ཐོག་ཆེད་ལས་ཀྱི་གསོ་སྦྱོང་སྤེལ་བ་དང་། གསོ་སྦྱོང་ལ་བསྟེན་ནས་དགེ་རྒན་གྱི་ཆེད་ལས་ཡོན་ཚད་མུ་མཐུད་གོང་སྤེལ། མ་ཟད་སློབ་གྲྭའི་ཕྱི་ནང་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཁྱབ་གདལ་དང་། སློབ་ཐུན་ཇེ་མང་དུ་གཏང་སྟེ། དུས་གཏན་འཁེལ་གྱིས་དགེ་རྒན་གྱི་གླེང་མོལ་རྩ་འཛུགས་དང་། བསམ་བློ་ཆབ་སྲིད་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་ལ། དགེ་རྒན་དང་སློབ་མས་བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་ལ་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་ཀྱི་བློ་མིག་གིས་དུས་རབས་གསར་བའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཤེས་དགོས་ཤིང་། ཆབ་སྲིད་བསམ་བློ་དང་དུས་རབས་གསར་བའི་རྒྱལ་ཁབ་འཛུགས་བསྐྲུན་གྱི་འགན་ཁུར་དང་སྦྲགས། སློབ་མའི་གོ་རྟོགས་དེ་ལོ་རྒྱུས་ཀྱི་འགན་འཁྲི་ལས་བརྒལ་ཏེ་རང་དོན་ཞིག་དང་འོས་འགན་ཞིག་ཏུ་ངེས་ཐུབ་པར་བྱ་དགོས་ལ། གཞི་རྩའི་སྟེང་ནས་སློབ་མའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དོ་ཁུར་དང་ཤེས་རྟོགས་ཀྱི་ཚད་མཐོ་རུ་གཏོང་དགོས།
གསུམ་པ། གདེང་འཇོག་སྣ་མང་དུ་ཅན་དུ་གཏོང་བ།
སློབ་ཁྲིད་ཀྱི་གདེང་འཇོག་ནི་སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་མེད་དུ་མི་རུང་བའི་གོ་རིམ་འགངས་ཆེན་ཞིག་དང་། སྔོན་ཆད། སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཀྱི་གདེང་འཇོག་དེ་སྣ་རྐྱང་དང་སྙིང་བ་ཡིན་ལ། བྱིངས་ཆེ་བར་སློབ་མའི་བསླབ་འབྲས་ཉག་གཅིག་ལ་བསྟེན་ནས་གཞུང་ལུགས་ཤེས་བྱའི་ཆུ་ཚད་གཞལ་བས་སློབ་མའི་ལག་ལེན་ནུས་པའི་གདེང་འཇོག་ལ་དོ་སྣང་ཡེ་མི་བྱེད་པ་རེད།
སློབ་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་འབྲས་བུ་མཐོ་རུ་འདེགས་ཆེད། གདེང་འཇོག་གི་མ་ལག་ཇེ་ལེགས་དང་། སློབ་ཁྲིད་གདེང་འཇོག་སྣ་མང་ཅན་དུ་གཏོང་དགོས་ལ། སློབ་མའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་སྐད་ཆ་དང་ཡིག་ཐོག་གཉི་ཀ་ནས་སློབ་མར་བལྟ་རྟོག་དང་གདེང་འཇོག་བྱ་རུང་བ་ཡིན།
སློབ་མའི་ལག་ལེན་ནུས་པར་དམིགས་ནས་གདེང་འཇོག་བྱ་ན། ཉིན་རྒྱུན་གྱི་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་བལྟ་རྟོག་དང་གདེང་འཇོག་བྱེད་དགོས་ལ། དགེ་རྒན་གྱིས་ཀྱང་སློབ་ཁྲིད་ཀྱི་སྐབས་སུ་གདེང་འཇོག་གི་ཟིན་ཐོ་འབྲི་དགོས་པར་མ་ཟད། བསམ་བློ་ཆབ་སྲིད་ཀྱི་གླེང་གཞི་དང་འབྲེལ་ནས་སྤྲོ་སྣང་ལྡན་པའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་བརྒྱུད་འཁྲབ་སྟོན་སོགས་ཀྱིས་ཚད་བླངས་ཏེ། སློབ་མར་སྤྲོ་སྣང་སློང་དགོས་པ་ཡིན། སྣ་མང་ཅན་གྱི་སློབ་ཁྲིད་ཀྱི་གདེང་འཇོག་ནི་དགེ་རྒན་གྱིས་སློབ་མའི་དོན་དངོས་ཀྱི་སློབ་སྦྱོང་དང་སློབ་གཉེར་གྱི་དགོས་མཁོར་དམིགས་ཏེ། སློབ་ཁྲིད་བྱ་ཐབས་ལ་ལེགས་བཅོས་གང་ལེགས་དང་།བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་འབྲས་བུ་མཐོར་འདེགས་གཏོང་བའི་ཐབས་དམ་པ་ལགས་སོ།།
སྡོམ་ཚིག
གོང་གསལ་ལྟར།དུས་རབས་གསར་བའི་སློབ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོ་ལ་སློབ་ཁྲིད་སྒྲིག་གཞི་སྣ་རྐྱང་དང་དགེ་རྒན་གྱིས་མི་འདང་བའི་གནད་དོན་སྔར་བཞིན་མཆིས་པས། སློབ་གསོ་གསར་བརྗེའི་འགྲོ་ལུགས་དང་བསྟུན་ནས་སློབ་ཁྲིད་ཀྱི་སྒྲིག་གཞི་ལེགས་བཅོས་དང་།བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཆེད་ལས་དགེ་རྒན་གསོ་སྐྱོང་གང་ལེགས། སློབ་ཁྲིད་ཀྱི་གདེང་འཇོག་ལའང་དོ་སྣང་དང་།གདེང་འཇོག་ཇེ་ལེགས་སུ་གཏང་སྟེ་སྣ་ཇེ་མང་དང་། ཕན་ནུས་ལྡན་པའི་ངང་ནས་དགེ་རྒན་གྱིས་ཁྲིད་ཐབས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། གཞི་རྩའི་སྟེང་སློབ་ཁྲིད་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་དགོས་སོ།།