ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བཀོད་སྒྲིག་བྱེད་པའི་དཔོན་རིགས་ཀྱིས་ཚེས16ཉིན་དབྱིན་ཇི་རྒྱལ་ཁབ་དུ་མི137897ལ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་ཅེས་ཁྱབ་བསྒྲགས་བྱས།
དབྱིན་ཇི་སྲིད་གཞུང་གིས་ཟླ་འདིའི་ཚེས2ཉིན་འཇར་མན་སྐྱེ་དངོས་ལག་རྩལ་གསར་བའི་ཀུང་སི་དང་ཨ་རིའི་ཧུའེ་རུའེ་སྨན་རྫས་ཀུང་སི་གཉིས་ལ་མཉམ་འབྲེལ་བྱས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི་རིམས་འགོག་སྨན་ཁབ་གསར་པ་དེ་བེད་སྤྱོད་གཏོང་རྒྱུར་ཆོག་མཆན་སྤྲད་ཡོད་ཅེས་ཁྱབ་བསྒྲགས་བྱས། འདི་ནི་དབྱིན་ཇི་ནས་ཆོག་མཆན་ཐོབ་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོག་མ་རེད། ཚེས8ཉིན་ནས་བཟུང་དབྱིན་ཇི་རྒྱལ་ཁབ་ཀྱི་ས་ཆ་མང་པོར་རིམས་འགོག་སྨན་ཁབ་འདི་སྤྱོད་འགོ་ཚུགས་པ་རེད།
དབྱིན་ཇི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བཀོད་སྒྲིག་བྱེད་པའི་དཔོན་རིགས་ན་ཆི་མུའུ·ཀྲ་ཧ་ཝུའེ་ཡིས་ཚེས16ཉིན་ཐི་ཐེ་བརྒྱུད་ནས་ཁྱབ་བསྒྲགས་བྱས་དོན། མིག་སྔར་དབྱིན་ཀེ་ལན་དུ་མི108000དང་། ཝེར་ཧྲི་ལ་མི7897། ཨིར་ལན་བྱང་མར་མི4000། སུའུ་ཀེ་ལན་ལ་མི18000བཅས་ལ་རིམས་འགོག་སྨན་ཁབ་འདི་བརྒྱབ་ཟིན་ལ། རྗེས་མར་གྲངས་ཀ་འདི་མུ་མཐུད་དུ་འཕར་ངེས་རེད་ཟེར།
དབྱིན་ཇིའི་སྲིད་གཞུང་གི་འཆར་འགོད་ལྟར་ན། སྔོན་ལ་ནད་གཡོག་སྡེ་ཁག་གི་མི་སྣ་དང་ལོ80ཡན་གྱི་རྒན་རྒོན། དེ་མིན་འཐབ་ས་དང་པོའི་སྨན་བཅོས་མི་སྣ་དང་སྤྱི་ཚོགས་ལས་དོན་པ་བཅས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པ་རེད། །