ཟླ་12ཚེས་16ནས་ཚེས་18ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ་དང་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ།
■ ཕྱི་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་ཀྱི་དམིགས་བསལ་ཆེ་ལ་གལ་འགངས་ཆེ་བའི་ལོ་ཞིག་རེད། ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྒྱུར་བཅོས་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ཡག་པོ་བྱེད་པ།“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་སྲིད་ཇུས་ཚན་རིག་དང་མཐུན་པ་དང་གནད་སྨིན་ངང་ལག་ལེན་བསྟར་བ། ལུགས་མཐུན་གྱི་བར་ཁོངས་སུ་དཔལ་འབྱོར་འཁོར་རྒྱུག་ཧུར་ཐག་ཐུབ་པ་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ། ཚན་རྩལ་གྱི་འཐབ་ཇུས་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་16ནས་ཚེས་18ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། 2020ལོའི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་གནང་བ། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ། 2021ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་རིང་ཕྱི་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཞིབ་ཅིང་ཕྲ་བ་གནང་བ་མ་ཟད། ད་དུང་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་འོག ང་ཚོས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་ཀྱིས་དུས་བབ་ལ་བརྡར་གཅོད་གནད་སྨིན་དང་ཇུས་འགོད་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་དང་དཀའ་སྤྱད་ངང་འབད་འབུངས་ལྷོད་མེད་བྱས་ནས་མི་དམངས་ཀྱི་བློ་ལ་བབས་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་ཁུར་ཐོབ་པ། ལོ་རྒྱུས་དེབ་ཐེར་ནང་བཀོད་ཆོག་པ་བཅས་ཀྱི་རྒྱུགས་ཤོག་ཅིག་ཕུལ་ཡོད། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་དཔལ་འབྱོར་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་གཅིག་པུར་གྱུར་པ་དང་ཆབས་ཅིག འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་ལ་ཡར་རྒྱས་ཆེན་པོ་བྱུང་བ། སྒྱུར་བཅོས་སྒོ་དབྱེར་ཚད་བརྒལ་ཆེན་པོ་བྱུང་བ། དམངས་འཚོར་འགན་ལེན་ནུས་ལྡན་བཅས་བྱུང་ཡོད། ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད།
ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། ལོ་5རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་ཉེར་ཡོད། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་གསར་པ་ཞིག་ཏུ་སླར་ཡང་སླེབས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚགས་བསྐྲུན་པར་རྒྱལ་ཁ་ཐོབ་གྲབས་ཡོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཆེན་པོ་ཞིག་སྤོས་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལག་ལེན་ཁྲོད། ང་ཚོས་འགྲན་སློང་དྲག་པོའི་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་པ་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་ནི་དཀའ་ཉེན་འཕྲད་པའི་དུས་སུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་རྩ་བའི་རྟེན་ས་ཡིན་ཞིང་། གལ་ཆེའི་ལོ་རྒྱུས་ཀྱི་འགག་རྩའི་དུས་དང་གལ་ཆེའི་ཚོད་བགམ་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་ཤུགས་དང་། ཐབས་ཇུས་གཏན་འབེབས་བྱེད་ཤུགས། བྱ་སྤྱོད་སྤེལ་ཤུགས་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་དང་། མི་དམངས་གོང་དུ་བཀུར་བ་ནི་གདམ་ག་ཡང་དག་བྱེད་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ལ་བཞག་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་ཐོག་བཞག་ན། ཐབས་ཇུས་གཏན་འབེབས་ཡང་དག་དང་བགྲོད་ལམ་ཡག་ཤོས་གཏན་འཁེལ་ཐུབ་པ་མ་ཟད། ད་དུང་མི་དམངས་ལ་བརྟེན་ནས་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཀྱང་ཡིན་པ། ལམ་ལུགས་ཀྱི་ལེགས་ཆ་ནི་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་པའི་རྩ་བའི་འགན་ལེན་ཡིན་ཞིང་། “གདེང་ཚོད་བཞི”མཐའ་འཁྱོངས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་བྱ་བ་ཆེན་པོ་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་བྱས་ན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་བྱུང་ནས་དུས་ངལ་མཉམ་སེལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཧ་ཅང་ཆེན་པོ་འདོན་སྤེལ་ཐུབ་ངེས་ཡིན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་གཏན་འབེབས་བྱ་རྒྱུ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁ་གཏད་གཅོག་རྒྱུ་ནི་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་རྩ་བའི་བྱེད་ཐབས་ཤིག་ཡིན་ཞིང་། ཡང་དག་པའི་སྒོ་ནས་འགྱུར་ལྡོག་ངོས་འཛིན་ཐུབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་གྱི་སྒོ་ནས་འགྱུར་ལྡོག་ཡོང་ཐབས་བྱེད་པ་བཅས་བྱས་ན། ཉེན་ཁ་ཆེན་པོར་འགོག་རྒོལ་བྱེད་པའི་ཁྲོད་གོ་སྐབས་ཆེན་པོ་གཏོད་ཐུབ་ངེས་ཡིན་པ། ཚན་རྩལ་རང་ཚུགས་རང་འབད་ནི་སྤྱི་ཡོངས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་རྩ་བའི་འདེགས་སྐྱོར་ཡིན་ཞིང་། ཚན་རིག་དང་མཐུན་པའི་བསམ་བློ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་ཆོས་ཉིད་ཁོང་དུ་ཆུད་པ། རང་རྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ན། སྔར་ལས་བདེ་འཇགས་དང་སྔར་བས་བློས་འགེལ་ཆོག་པའི་རྨང་གཞིའི་ཐོག་རྒྱལ་ཁབ་འཕེལ་རྒྱས་གཏོང་ཐུབ་ངེས་ཡིན་པ་བཅས་རེད།
ཚོགས་འདུའི་ཐོག གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། རིམས་ནད་ཀྱི་འགྱུར་ལྡོག་དང་ཕྱི་རོལ་ཁོར་ཡུག་ཁྲོད་དུ་གཏན་འཁེལ་མེད་པའི་རང་བཞིན་མང་པོ་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མེད་པ་ངེས་པར་དུ་གསལ་པོ་མཐོང་བར་བྱེད་དགོས། ཕྱི་ལོར་འཛམ་གླིང་གི་དཔལ་འབྱོར་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོང་རྒྱུ་དང་། སླར་གསོ་བརྟན་པོ་མེད་པ་དང་དོ་སྙོམས་མེད་པ། རིམས་ནད་ཀྱི་རྡབ་རྡེག་ཁྲོད་ཉེན་ཁ་སྣ་ཚོགས་ཡོང་རྒྱུ་ཡིན་པས་སྣང་མེད་དུ་འཇོག་མི་རུང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཉེན་ཁ་སྔོན་མཐོང་དང་སྔོན་དཔག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དོགས་ཟོན་ནན་པོ་བྱེད་དགོས། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་སྒྱུར་བཅོས་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བའི་ནང་ཧུར་ཐག་ཞུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱི་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་ཀྱི་དམིགས་བསལ་ཆེ་ལ་གལ་འགངས་ཆེ་བའི་ལོ་ཞིག་རེད། ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྒྱུར་བཅོས་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ཡག་པོ་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་སྲིད་ཇུས་ཚན་རིག་དང་མཐུན་པ་དང་གནད་སྨིན་ངང་ལག་ལེན་བསྟར་བ། ལུགས་མཐུན་གྱི་བར་ཁོངས་སུ་དཔལ་འབྱོར་འཁོར་རྒྱུག་ཧུར་ཐག་ཐུབ་པ་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ། ཚན་རྩལ་གྱི་འཐབ་ཇུས་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཕྱི་ལོར་སྤྱི་ཁོག་སྲིད་ཇུས་རྒྱུན་མཐུད་བརྟན་པོ་ཡོང་བར་བྱེད་དགོས་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལ་འཐུས་ཚང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ། དཔལ་འབྱོར་སླར་གསོར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་བཀོལ་སྤྱོད་ཐད་སྔར་བས་གནད་སྨིན་ནུས་ལྡན་ཡོང་བར་བྱེད་པ་དང་། ཁ་ཕྱོགས་འཕྲལ་སྒྱུར་མི་བྱེད་པར་སྲིད་ཇུས་ཀྱི་གོ་སྐབས་དང་། ཚད་གཞི། ཕན་འབྲས་བཅས་ལ་སྟངས་འཛིན་ཡག་པོ་ཐུབ་པར་བྱེད་དགོས། རྩ་ཆེའི་དུས་ཚོད་དང་གོ་སྐབས་བེད་སྤྱོད་ལེགས་པོ་བྱེད་པ་དང་སྒྱུར་བཅོས་གསར་གཏོད་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཐད་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། སྔར་བས་རྒྱུན་མཐུད་ཐུབ་དགོས། འོས་འཚམ་གྱི་གཏོང་སྤྲོད་བྱེད་ཚད་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་ནོར་ཤུགས་ཀྱིས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག ཡོང་འབབ་བགོ་བཤའ་སྙོམས་སྒྲིག་བཅས་ཐད་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སེལ་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ལ། ཏང་སྲིད་ལས་ཁུངས་ཀྱིས་ཐོན་ཁུངས་གྲོན་ཆུང་བྱས་ནས་འཚོ་བ་སྐྱེལ་དགོས། བརྟན་ལ་འཐུས་ཚང་གི་དངུལ་ལོར་སྲིད་ཇུས་སྟབས་བསྟུན་གནད་སྨིན་དང་ལུགས་མཐུན་འོས་འཚམ་ཡོང་བར་བྱེད་པ་དང་། དངུལ་ལོར་མཁོ་སྤྲོད་བྱེད་ཚད་དང་སྤྱི་ཚོགས་ཀྱི་མ་དངུལ་གྲངས་གསོག་གི་གཞི་ཁྱོན་འཕར་ཚད་དེ་མིང་ཐོག་གི་དཔལ་འབྱོར་འཕར་ཚད་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་འདེགས་ཤིང་གི་ཚད་གཞི་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་སླར་གསོ་དང་ཉེན་ཁ་འགོག་ཟོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཐབས་ལམ་མང་པོ་ནས་དངུལ་ཁང་གི་མ་རྩའི་དངུལ་ཁ་གསབ་བྱེད་པ། བུན་འཛིན་ཁྲོམ་རའི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་། ཕྲན་ཚེགས་ཁེ་ལས། ལྗང་མདོག་འཕེལ་རྒྱས་བཅས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེད་ཀ་དང་དངུལ་ལོར་འཛའ་ཐང་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་གཏོང་བཅས་བྱས་ནས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་དུ་རྩ་བའི་ཆ་ནས་གཏན་འཇགས་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཕྱི་ལོར་གོམ་པ་དང་པོ་ཡག་པོར་སྤོས་ནས་རྣམ་པ་གསར་པ་ཐོན་པར་བྱེད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེ་མོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་དགོས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྐང་འདིར་དམ་འཛིན་པ་ཏན་ཏིག་གིས་དགོས་མཁོའི་ཕྱོགས་ཀྱི་དོ་དམ་ལ་སྣང་ཆེན་དང་། འགག་ས་གཤོང་བ་དང་ཞན་ཆ་སེལ་བ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་བྱེད་པ་བཅས་བྱས་ནས། དགོས་མཁོས་མཁོ་སྤྲོད་ཀྱི་སྣེ་འདྲེན་པ་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་དང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེར་གཏོང་ལ་དེ་བས་སྣང་ཆེན་བྱས་ནས། འགག་རྩའི་ལྷུ་ཚིགས་ཁག་གཅིག་ནས་ནུས་ཤུགས་བཏོན་ཏེ་ཕན་འབྲས་ཐོན་པར་བྱེད་དགོས་ཤིང་། སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བ་བཞིན་གྱི་ཕན་འབྲས་ཐོན་པར་བྱེད་དགོས།
ཚོགས་འདུའི་ཐོག ཕྱི་ལོར་དམ་འཛིན་ཡག་པོ་བྱེད་དགོས་པའི་གཙོ་གནད་ལས་འགན་གཏན་འཁེལ་བྱས་པ་སྟེ།
གཅིག་ནས་རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ།
གཉིས་ནས་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་རང་རྟོགས་ཀྱི་ཚོད་འཛིན་ནུས་པར་ཤུགས་སྣོན་རྒྱག་དགོས་པ།
གསུམ་ནས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་མཐའ་འཁྱོངས་བྱེད་དགོས་པ།
བཞི་ནས་སྒྱུར་བཅོས་སྒོ་དབྱེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ།
ལྔ་ནས་ས་བོན་དང་རྨོ་ཞིང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ།
དྲུག་ནས་སྒེར་སྡེམ་ལ་ངོ་རྒོལ་དང་མ་རྩ་གོ་རིམ་མེད་པར་རྒྱ་ཆེར་འགྲོ་བར་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ།
བདུན་ནས་གྲོང་ཁྱེར་ཆེ་མོའི་སྡོད་ཁང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ།
བརྒྱད་ནས་ཐཱན་འབུད་ཚད་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་པར་བྱེད་པ་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་རེད།
ཚོགས་འདུའི་ཐོག་བསྟན་དོན། མི་རབས་འགས་རྒྱུན་འཁྱོངས་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱས་པར་བརྟེན་རང་རྒྱལ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཉེར་ཡོད་ཅིང་། འདི་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན་པས་མུ་མཐུད་ནས་དཀའ་སྤྱད་འབད་འཐབ་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་རོགས་སྐྱོར་སྲིད་ཇུས་སྤྱི་ཡོངས་ནས་བརྟན་པོ་ཡོང་དགོས་ཤིང་། རིགས་དབྱེའི་ངང་ལེགས་སྒྲིག་བཟང་སྒྲིག་བྱས་ཏེ་སྲིད་ཇུས་ཀྱི་བར་བརྒལ་དུས་མཚམས་འདང་ངེས་འཇོག་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་སྤྱི་ཁོག་སྙོམས་སྒྲིག་གི་གོམ་སྟབས་དང་ཤུགས་ཚད་ལུགས་མཐུན་ངང་ཁོང་དུ་ཆུད་པར་བྱས་ནས་སྤྱི་ཁོག་གི་སྲིད་ཇུས་གནད་ལ་འཕིགས་པའི་ངང་ལག་བསྟར་ནུས་ལྡན་བྱེད་དགོས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་མུ་མཐུད་འཕེལ་བར་བྱེད་པ་དང་། ཁྲལ་གྲོན་གཉིས་གཅོག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཀུན་ཕན་གྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན། སྒྱུར་བཅོས་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་སྟེ་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་སྟོན་ཕྱོགས་སུ་བྱས་ཏེ་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་མ་འཇོག་ནུས་ལྡན་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་འཇོག་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཁར། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་སྒྱུར་བཅོས་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཟབ་གཏོང་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། གཞི་རྩའི་དམངས་འཚོ་འགན་སྲུང་གི་ལས་དོན་ཡག་པོར་བསྒྲུབས་པ་དང་གཙོ་གནད་མི་ཚོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་འཚམ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱེད་པར་མཁས་དགོས་ཤིང་། དམ་པ་དོན་གཉེར་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དཔལ་འབྱོར་ལས་དོན་གྱི་ཕྱོགས་ཁག་ནང་ལག་བསྟར་བྱེད་དགོས། ལྟ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་ཚད་དང་མཐུན་པའི་ངང་སྤེལ་ཏེ་དངོས་ཕན་ཐོབ་རྒྱུར་སྣང་ཆེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆེད་ལས་ཅན་གྱི་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྣེ་ཁྲིད་པའི་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བར་བྱེད་དགོས། གསབ་ཁྲིད་ཀྱི་དགོས་གཏུག་བསམ་པ་ཤུགས་ཆེར་བཏང་ནས་རང་རྟོགས་ངང་དུས་རབས་གསར་པའི་འཕེལ་ཕྱོགས་ཀྱི་རྗེས་སྙེགས་ཐུབ་པར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་སྣ་ཚོགས་ལ་འགོག་ཟོན་དང་ནུས་ལྡན་ངང་བསལ་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་འཛོལ་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར“རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་ལས་དོན་ཡག་པོ་བསྒྲུབས་པ་དང་། དམ་བཟུང་ནན་འགོག་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་རིམས་ནད་ཕྱི་ནས་མ་འགོས་པ་དང་བསྐྱར་ལོག་མི་ཐོན་པའི་འགན་ལེན་བྱེད་དགོས། “དུས་ཆེན་གཉིས”རིང་གི་ཁྲོམ་རའི་མཁོ་སྤྲོད་བཀོད་སྒྲིག་ཡག་པོ་བྱེད་པ་དང་གཞི་རྩའི་དམངས་འཚོ་འགན་ལེན་བྱས་ཏེ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཐ་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཕྱར་བ་གྲུ་འདེགས་དང་གསར་འབྱེད་ཡར་བརྩོན་གྱིས་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་བསུ་བ་ཞུ་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།