—— “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་སྐོར་གྱི་སྒྲིལ་གླེང་།
ལེ་ཚན་འགོ་ཚུགས་ཀྱི་གཏམ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་དབུལ་སྐྱོར་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་སྟེགས་སྐྲུན་པ་དང་གནད་སྨིན་ཇུས་བསྟར་བྱས་ནས་ཞིང་འབྲོག་པའི་འདོད་བློ་བཞིན་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་ལག་བསྟར་བྱས་པ་དང་རྩལ་ནུས་ངེས་ཅན་ཞིག་ཁོང་དུ་ཆུད་པའི་དུས་རབས་གསར་པའི་ངལ་རྩོལ་པ་ཁག་དང་ཁག་བྱས་ནས་གསོ་སྐྱོང་བྱས་ཏེ། ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བ་དང་ཡུན་རིང་ཕྱུག་པོ་ཆགས་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག“ང་ཚོ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད·རྩལ་ནུས་གསོ་སྦྱོང་གིས་ཕྱུག་འགྱུར་ལམ་བུ་རྒྱ་བསྐྱེད་བཏང”ཞེས་པའི་གནས་ཚུལ་འགོད་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད“ཐབས་ལམ་སྟོན་པ”དང་། ནོར་ཤུགས་མི་འདང་ན“མ་དངུལ་སྤྲོད་པ” ལས་ཞུགས་ལ་ཤུགས་སྣོན་རྒྱག་པའི་ཐད“འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར”ཁྲིད་སྟོན་བྱས་པ་བཅས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་ལྗོངས་ཀྱིས་ཞིང་འབྲོག་པའི་འབབ་འཕར་མང་དུ་གཏོང་རྒྱུ་དེ་ལྟེ་བའི་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་སྨིན་ངང་རྩལ་ནུས་གསོ་སྦྱོང་དང་། ལས་གྲྭའི་རྣམ་གྲངས་ལ་ལས་མི་བསྡུ་བ། རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། 2016ལོ་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི་500ལྷག་ཙམ་ཟིན་ནས་ཞིང་འབྲོག་པར་མུ་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ལས་ཞུགས་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་མང་ཚོགས་དབང་རྒྱལ་གྱིས་ལོ་མང་རིང་གི་ལས་ཀའི་ཉམས་མྱོང་ལ་བརྟེན་ནས་དངུལ་སྨར་བསགས་པ་དང་འབྲེལ་2019ལོར་ཆུམ་ཤང་སྨོན་སྒོ་ཕུ་གྲོང་ཚོའི་ཞུན་དབང་ངལ་ནུས་མཉམ་ལས་ཁང་བཙུགས་པ་དང་མང་ཚོགས་40ལྷག་ཙམ་སྣེ་ཁྲིད་པས་ངལ་ནུས་ཡོང་འབབ་སྒོར་ཁྲི་100ཙམ་ཟིན་པ་མ་ཟད། ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5བྱུང་ཡོད།
2018ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆུང་ཆུང་གི་སྣེ་ཁྲིད་འོག་ལྷུན་གྲུབ་རྫོང་ལྷོ་མ་ཚང་ཞིང་འཕྲུལ་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་དེ་གྲོང་ཚོ་ཨུ་ལྷན་གྱིས་གཙོ་གཉེར་དང་གྲོང་མིས་ལྟ་སྐུལ་བྱེད་པའི་བྱ་ཐབས་སྤྱད་ནས་གཉེར་སྐྱོང་བྱས་པ་མ་ཟད། གྲོང་ཚོ་དེ་གའི་གྲོང་མི་27གླས་ཏེ་ཁ་ལོ་བ་དང་ཉམས་གསོ་བ་སོགས་བྱེད་དུ་བཅུག་ཁར། རྒྱུན་ཆད་མེད་པར་མ་དངུལ་བསྡུ་སྒྲིལ་དང་འཕྲུལ་ཆས་ཀྱིརིགས་མང་དུ་བཏང་ཞིང་། ད་ཆ་མཉམ་ལས་ཁང་ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་940ལྷག་ཙམ་དང་། འཕྲུལ་ཆས་སྣ་ཚོགས་104ཙམ་ཡོད་ལ། འདི་ལོ་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་བྱུང་ཡོད།
ཞིང་འབྲོག་མང་ཚོགས་ཀྱི་སྣ་མང་ཅན་གྱི་ལས་ཞུགས་ཀྱི་དགོས་མཁོ་སྐོང་བའི་ཐད་རྣམ་གྲངས་ཀྱིས་སྣེ་ཁྲིད་རྒྱུ་ནི་ཐབས་ལམ་ཡག་ཤོས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་ལྗོངས་ཀྱིས་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཨར་ལས་ཚན་པ་དང་ངལ་ནུས་ཕྱིར་གཏོང་རྩ་འཛུགས་སོགས་བརྒྱུད་ནས་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། 2020ལོ་ནས་བཟུང་རྣམ་གྲངས་ཀྱིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་གཞན་བསྒྱུར་བྱས་པའི་མི་གྲངས་ཀྱིས་ལས་མིའི་སྤྱི་འབོར་གྱི་60%བཟུང་བ་དང་། མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་ཕ་ཡུལ་གྱི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱུང་བ་མ་ཟད། དངུལ་སྨར་གྱི་ཡོང་འབབ་ཀྱང་འཕར་ཡོད།
རང་ལྗོངས་ཀྱིས་ད་དུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞི་652བསྐྲུན་པ་དང་། ཞིང་འབྲོག་པ་ཁྲི་6.9ཡིས་ལས་ཞུགས་རྟེན་གཞིར་བརྟེན་ནས་ས་ཆ་དེ་རང་དང་། ཐག་ཉེ་ས། སྟབས་བདེ་ས་བཅས་ལ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་རྟེན་གཞིར་བརྟེན་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་10.3འཕར་ཡོད།
ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ།
གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་འདུག དེར་མ་བྱན་དང་། བརྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ། ལྕགས་རྩིབས་བཟོ་པ། ཞིང་འཕྲུལ་ཉམས་བཟོ་སོགས་ལས་རིགས་20ཙམ་གྱི་གསོ་སྦྱོང་འཛིན་གྲྭ་ཚང་མར་གསོ་སྦྱོང་མི་སྣས་ཁེངས་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་སློབ་དོན་གཞུང་ལས་ཁང་གི་ཀྲུའུ་རེན་སྐལ་བཟང་ནོར་བུས“ང་ཚོའི་དམིགས་ཡུལ་ནི་གསོ་སྦྱོང་ལ་བརྟེན་ནས་ཞིང་འབྲོག་པའི་འཇོན་ཐང་ཆེ་རུ་བཏང་སྟེ་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 2016ལོའི་ཟླ་5པར་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་བྱས་ཚུན། ད་བར་རིམ་རྩིས་བྱས་ན། མི་ཐེངས་ཁྲི་1.5གསོ་སྦྱོང་བྱས་པ་དང་གསོ་སྦྱོང་གི་ཚད་གཞི་ལོན་ཚད་98%ཟིན་ཡོད་ལ། གསོ་སྦྱོང་བྱས་རྗེས་ལས་ཞུགས་གཞན་སྒྱུར་ཐུབ་པའི་མི་གྲངས་ཀྱིས་སྤྱིའི་མི་འབོར་གྱི་80%ཡན་ཟིན་ཡོད”ཅེས་བརྗོད་བྱུང་།
“ལག་རྩལ་སྣ་གཅིག”ཤེས་པ་བྱ་རྒྱུ་ནི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན་པ་མ་ཟད། རང་ཉིད་ཀྱི་འདྲ་མཉམ་གྱི་ཐོབ་ཐང་དང་འགྲན་རྩོད་ལ་བརྟེན་ནས་ལས་ཀའི་གོ་སྐབས་ཐོབ་རྒྱུར་གདེང་ཚོད་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་2019ལོ་བར་རང་ལྗོངས་ཀྱིས་ཞིང་འབྲོག་པ་དབུལ་པོའི་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.79བཏང་ནས“མངགས་ཐོའི་ཁ་ཕྱོགས་བྱེད་ཐབས”དང་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་འབོར་དབུལ་པོ་ཁྲི་15.31ལ་རྩལ་ནུས་གསོ་སྦྱོང་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་སུ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་དུས་ཐེངས་1954གཉེར་ནས་མི་ཐེངས་ཁྲི་10.5ལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་ལ་མ་དངུལ་སྒོར་ཁྲི་21087.2བཏང་བ་རེད།
ལས་ཞུགས་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ།
“ལས་ཞུགས་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་ལས་ཀ་ཡག་པོ་ཞིག་རག་བྱུང་། གླ་ཆ་ནས་འཚོ་བའི་གྲོན་དངུལ་འཐེན་པ་ཕུད། ད་དུང་ཁྱིམ་ཚང་གི་འགྲོ་སོང་གཏོང་ཐུབ་པས་འཚོ་བ་ཇེ་ཡག་ཏུ་ཕྱིན་སོང”ཞེས་ད་ཆ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་བཞིན་པའི་ནོར་བུ་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད་བྱུང་།
ནོར་བུ་དོན་གྲུབ་སྔོན་ཆད་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གཞི་ནང་གྲོང་ཚོའི་གྲོང་མི་ཡིན། 2012ལོ་དང་2013ལོར་ཨ་མ་ནད་ཀྱིས་མནར་ནས་ཁྱིམ་ཚང་གི་དངུལ་ཚང་མ་སྨན་རིན་ལ་བཏང་ཟིན་ནས་བུ་ལོན་ཟུག་ཡོད། ཁོང་ལ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་སེམས་ཤུགས་ཡོད་ཀྱང་། ལག་རྩལ་མི་ཤེས་པས་ལས་ཞུགས་བྱེད་ཐབས་བྲལ། ཉིང་ཁྲི་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ལས་ཞུགས་གཞན་སྒྱུར་དབུལ་སྒྲོལ་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས། ཁོང་གི་གནས་ཚུལ་ལ་གཞིགས་ནས། ཁོང་ལྷ་སར་བདེ་སྲུང་དང་མེ་ཟོན་གྱི་རིགས་པའི་གཞུང་ལུགས་ཤེས་བྱའི་གསོ་སྦྱོང་ལ་བཏང་བ་མ་ཟད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་ཀ་འོས་སྦྱོར་བྱས་པ་རེད།
རང་ལྗོངས་སུ་ནོར་བུ་དོན་གྲུབ་དང་འདྲ་བར་བློ་འདྲི་དང་། གསོ་སྦྱོང་། ལས་ཞུགས་བཅས“གཞི་གཅིག་ཅན”གྱི་ཞབས་ཞུའི་ཕན་པ་ཐོབ་མཁན་ཞིང་འབྲོག་མང་ཚོགས་གྲངས་ལས་འདས་ཞིག་ཡོད།
ལས་ཞུགས་ཀྱི་གནད་དོན་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱ་ཆེད། རང་ལྗོངས་ཀྱིས་ད་དུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ལས་ཞུགས་ལས་གཏོད་ཐོ་འགོད་ལམ་ལུགས་ལག་བསྟར་བྱས་ནས་ཞིང་འབྲོག་ལས་མི་ལས་ཤོར་ཐོ་འགོད་ཀྱི་ཁྱབ་ཁོངས་ནང་བཅུག་སྟེ་རིན་མེད་ངང་ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། ལས་འཚོལ་ཐོ་འགོད་སོགས་སྤྱི་པའི་ལས་ཞུགས་ཞབས་འདེགས་ཞུ་གི་ཡོད། ཞིང་འབྲོག་པ་ལས་ཞུགས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་དང་། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོའི་འབྲེལ་མཐུད་འདུ་ཚོགས། “དཔྱིད་རླུང་བྱ་སྤྱོད”“ལས་གནས་གཤམ་སྤྲོད་ཀྱི་ཆེད་དོན་ལས་མི་བསྡུ་བ”སོགས་ཀྱི་བྱེད་སྒོ་གཉེར་ནས་ལས་ཞུགས་ལས་གནས་དང་ལས་ཞུགས་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་རྣམས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་སྤུས་ལེགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
འདི་ནི་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དུ་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོའི་གྲོང་མི་བསོད་རྒྱལ་གྱིས་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་བཞིན་པ།
འདི་ནི་དཔའ་ཤོད་རྫོང་ཡངས་པ་ཤང་གི་གྲོང་མི་སྐལ་བཟང་དབང་གྲགས་ཀྱིས་དཔའ་ཤོད་རྫོང་གཤས་པ་གྲོང་ཚོའི་སོ་ཕག་བཟོ་གྲྭར་ལས་ཀ་བྱེད་བཞིན་པ།
འདི་ནི་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་གྲོང་མི་བསོད་ནམས་བདེ་སྐྱིད་ཀྱིས་ཁྲི་རྡོ་གྲོང་རྡལ་གྱི་སྒོ་རྩིས་ཚོང་ཁང་དུ་གླ་པ་བྱེད་བཞིན་པ།