དངུལ་ཆུ་འགྲམ་དུ་གྲོ་ཞིང་གྲོང་ཚོས་འཚོ་བ་གསར་པ་ཞིག་གི་འགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-22


     ནམ་ཟླ་དགུན་དུས་སླེབས་ཡོད་པས་རྒྱང་རིང་གི་རི་འགོར་ཁ་བས་གཡོགས་ཟིན། དེ་སྔ་གྲོང་ཚོ་ནས་ཐོན་དུས་ས་བབ་མཐོ་ཚད་སྨི་5000ཡོད་པའི་གངས་རི་བརྒལ་དགོས་པ་དང་། ད་ཆ་ཡུལ་གཞན་དུ་གནས་སྤོས་བ་བརྒྱུད་དངུལ་ཆུ་འགྲམ་གྱི་འགྲིམ་འགྲུལ་གཞུང་ལམ་གཙོ་བོའི་འགྲམ་དུ་ཆགས་པས་སྟབས་བདེ་མོ་བྱུང་ལ་བདེ་འཇགས་ཀྱང་ཡིན་པ་དྲན་དུས་ལོ་65ཡིན་པའི་ཚེ་དབང་སྒྲོལ་མས་ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བསམ་བཞིན་ཡོད། “སྔོན་མ་འདི་འདྲ་དྲན་ཡང་དྲན་མི་ཕོད”ཅེས་ཟླ་10ཚེས་16ཉིན་ཚེ་དབང་སྒྲོལ་མས་གསར་འགོད་པར་བཤད།
     ཚེ་དབང་སྒྲོལ་མའི་ཁྱིམ་ནི་གསར་དུ་བརྒྱབ་པའི་བོད་ཁང་སྟར་པ་གཅིག་གི་ཁྲོད་དུ་ཡོད། ཁང་པ་སྟར་པ་དེའི་ནང་དུ་དུད་ཁྱིམ་13ཡོད། ཁོ་ཚོ་ཚང་མ་2019ལོའི་རྒྱལ་སྟོན་རིང་གནས་འདིར་སྤོས་ཡོང་བ་རེད། འཚོ་བ་དང་ཐོན་སྐྱེད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། གནས་འདི་ནི་ཡུལ་གཞན་དུ་གནས་སྤོས་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
     ཡུལ་གཞན་དུ་གནས་སྤོས་བ་བརྒྱུད་ལམ་འགྲམ་གྱི“གཞིས་བྲང”ནང་སྤོས་པ།
     དེ་སྔའི་འབྲི་ཆུ་ཤང་གྲོ་ཞིང་གྲོང་ཚོ་ནི་དཔེ་མཚོན་ཅན་གྱི་རི་མཐོ་གྲོག་རོང་ཁུལ་གྱི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན།
     བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཐེངས་མང་བྱས་པའི་རྨང་གཞི་ཐོག དཔལ་ཡུལ་རྫོང་གིས་གྲོང་ཚོ་དེ་ཡུལ་གཞན་དུ་གནས་སྤོས་ནས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱ་རྒྱུ་ཐག་གཅོད་བྱས་པ་རེད། 2018ལོར། དཔལ་ཡུལ་རྫོང་གིས་གྲོ་ཞིང་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་ནས་བཀོད་སྒྲིག་བྱེད་པའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཏེ། སྤྱི་པའི་མ་དངུལ་ཁྲི་925གྲབས་གསོག་བྱས་ནས་སྡོད་ཁང་དང་འཐུང་ཆུ། གློག རླུང་འཕྲིན་བརྙན་འཕྲིན། ས་ཆ་བཅོས་སྒྲིག་བཅས་ལ་ཕྱོགས་ཡོངས་ཀྱི་འཛུགས་སྐྲུན་བྱས་པ་དང་། ལེ་ལག་ཚང་བའི་བཀོད་སྒྲིག་དང་སྤྱི་པའི་ཞབས་ཞུ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་གནས་སྤོས་པའི་མང་ཚོགས་ཀྱི་ཉེ་སར་སྨན་བཅོས་དང་། སློབ་ལོར་རན་པའི་བུ་ཕྲུག་ཉེ་སར་སློབ་གྲྭར་འགྲོ་ཐུབ་པ་བཅས་ལ་འགན་ལེན་བྱས་ཡོད་པ་དང་། ནུས་ལྡན་ངང་མང་ཚོགས་ཀྱི་ཕྱིར་བསྐྱོད་དཀའ་བ་དང་སློབ་གྲྭར་འགྲོ་དཀའ་བ། ནད་ལྟ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།
     2018ལོའི་ཟླ7པའི་ཟླ་དཀྱིལ་དུ། གྲོ་ཞིང་གྲོང་ཚོའི་གནས་ཡུལ་གསར་པ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། 2019ལོའི་ཟླ་10པར་ལེགས་འགྲུབ་བྱུང་བ་རེད།
     ཉི་འོད་འོག་ཏུ་རྣམ་པ་གསར་པའི་བོད་ཁང་13ནི་བོད་ལུགས་གཞིས་བྲང་དང་འདྲ། ཚེ་དབང་སྒྲོལ་མ་ཚང་གི་སྒོ་བྱང་ཨང་རྟགས་ནི“གྲོ་ཞིང་གྲོང་ཚོའི་ཚོ་ཆུང་དང་པོའི་ཨང་2པ”ཡིན། ཁྱིམ་དུ་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་དགོས་པ་ཐམས་ཅད་འཛོམས་ཡོད་ལ། ཐབ་ཚང་དང་། གསང་སྤྱོད་ཁང་། ཉལ་ཁང་གཙང་སྦྲ་ཡག་པོ་བྱས་ཡོད། ཁོ་མོའི་བུ་གཉིས་ཀ་ཕྱིར་གླ་པར་བསྐྱོད་ཡོད་པས་ཚེ་དབང་སྒྲོལ་མ་གཅིག་པུས་ཁྱིམ་ལས་གཉེར་གྱི་ཡོད་ཀྱང་ཡོད་ཚད་གོ་རིམ་དང་ལྡན་ཡོད།
     ཐོན་ལས་འཕེལ་རྒྱས། སྨན་རྩྭ་དང་ཡུལ་མིའི་མགྲོན་ཁང་གིས་མི་ལ་ཡིད་སྨོན་སྐྱེས་སུ་འཇུག
     སྔོན་ཆད་གནམ་གཤིས་རྐྱེན་པས་གངས་འཁྱགས་ཀྱིས་ལམ་བཀག་ནས་མང་ཚོགས་འགྲོ་འོང་ཧ་ཅང་དཀའ་བའི་གནས་ཚུལ་ཐོན་པ་དང་། འགྲིམ་འགྲུལ་གཙོར་བྱས་པའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་ནི་གྲོ་ཞིང་གྲོང་ཚོའི་དབུལ་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན།
     གྲོ་ཞིང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཕུན་ཚོགས་ཀྱི་མིག་ལམ་ན། ད་ལྟའི་གྲོ་ཞིང་གྲོང་ཚོའི་ས་ཞིང་དང་ནགས་ཁུལ། རྩྭ་ས་ཚང་མ་གྲོག་རོང་དང་རི་སྐེད་དུ་གནས་ཡོད་པས་རྨོ་འདེབས་སྟབས་བདེ་པོ་ཆགས་ཡོད། “ང་ཚོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་འདུག”
     སྲིད་ཇུས་ལ་གཞིགས་ན། ཡུལ་གཞན་དུ་གནས་སྤོས་བྱས་པར་དེ་སྔའི་ས་ཆའི་དབང་ཁོངས་སོར་འཇོག་བྱེད་ཆོག་པ་རེད། དཔལ་ཡུལ་རྫོང་གིས་གནས་སྤོས་རྗེས་དེ་སྔའི་གྲོང་ཚོའི་ས་ཆ་དང་རྩྭ་ས། ནགས་ཁུལ་བཅས་ཀྱི་དབང་ཁོངས་མི་འགྱུར་བ་དེ་དོན་འཁྱོལ་ཧུར་ཐག་བྱས་ཤིང་། གནས་སྤོས་པའི་མང་ཚོགས་རྣམས་དེ་སྔའི་གྲོང་ཚོར་ལོག་ནས་ས་ཞིང་རྨོ་འདེབས་དང་། ནགས་ཁྲོད་ཀྱི་ཐོན་ཁུངས་འཚོལ་སྡུད། ནོར་ལུག་འཚོ་སྐྱོང་བཅས་ཆོག་པ་རེད།
     2019ལོར་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་210གཅིག་བསྡུས་བྱས་ནས་མཉམ་སྡེབ་འབྲོག་ར་བཙུགས་ནས། འདེབས་འཛུགས་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་སྟེ། དེ་སྔའི་གྲོང་ཚོར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ལྕུམ་རྩྭ་མུའུ་30འདེབས་འཛུགས་བྱས་པ་དང་། གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་ས་ཞིང་མུའུ་15གསར་སྤེལ་བྱས་ནས་དཔལ་འབྱོར་ནགས་ཤིང་དང་ཤིང་འབྲས་ཐོན་ལས་འཕེལ་རྒྱས་བཏང་སྟེ། གོམ་གང་མདུན་སྤོས་ཀྱིས་མང་ཚོགས་དང་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་བ་རེད།
     དེ་མིན་དཔལ་ཡུལ་རྫོང་གིས་ཡུལ་བབ་དང་བསྟུན་ནས་གནས་སྤོས་པའི་མང་ཚོགས་ཕྱིར་གླ་པར་བསྐྱོད་པར་སྒྲིག་འཛུགས་བྱས་པ་དང་སྤྱི་ཕན་ཅན་གྱི་ལས་གནས་གསར་སྤེལ་བྱས་པ་རེད། མིག་སྔར་གྲོ་ཞིང་གྲོང་ཚོས་ལམ་སྲུང་དང་ནགས་སྲུང་། ཆུ་སྐོར་བཅས་ཀྱི་སྤྱི་ཕན་ཅན་གྱི་ལས་གནས་13དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། དུས་མཚུངས་གྲོང་ཚོའི་དཔལ་འབྱོར་རྩ་འཛུགས་ཀྱིས་གྲོང་མིའི་ཁང་པ་ལྷག་མ་གཅིག་བསྡུས་བྱས་ནས་ཡུལ་མིའི་མགྲོན་ཁང་གི་སྣེ་ལེན་སྤེལ་བ་དང་འབྲེལ། ཡུལ་སྐོར་སྣེ་ལེན་དང་རླངས་འཁོར་ཁ་ལོ་སྒྱུར་བ་སོགས་ཀྱི་ལག་རྩལ་གསོ་སྦྱོང་སྤེལ་ནས་ལས་ཞུགས་ཀྱི་ཆ་རྐྱེན་ཧུར་ཐག་གིས་བཏོད་པ་རེད། ན་ནིང་གྲོ་ཞིང་གྲོང་ཚོའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8500ཟིན་ལ། གནས་མ་སྤོས་གོང་དང་བསྡུར་ན་ལྡབ་གཅིག་གིས་མང་དུ་སོང་ཡོད། (http://tibet.people.com.cn/15833261.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1