ཨ་མདོ་བརྙན་འཕྲིན་གྱི་2021ལོའི་བོད་ལྕགས་གླང་ལོའི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་ཕབ་ལེན་ལེགས་འགྲུབ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-22


          ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཟླ་12ཚེས་19ཉིན་གྱི་དགོང་མོར། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཨ་མདོ་བརྙན་འཕྲིན་གྱིས་གཙོ་གཉེར་བྱེད་པའི་2021ལོའི་བོད་ལྕགས་གླང་ལོའི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་རེད།

     དགོང་ཚོགས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བསམ་བློ་གཅིག་པོས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དམ་པོ་འཛིན་པ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་ཐིག་འབུར་ཐོན་ཡོང་བ་བྱེད་པ་དང་། ལས་བྱེད་མང་ཚོགས་ཀྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ཆེན་པོར་བསྟོད་གླུ་འབུལ་བའི་ཐོག་ནས། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཅངས་པའི་དྲིན་ཚོར་མཚོན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་དང་། ཁོང་ཡངས་འཆམ་མཐུན། དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པ་བཅས་ཀྱི་དུས་རབས་ཀྱི་སྣང་བརྙན་མངོན་པ་བྱེད་པ། དཔའ་མཛངས་རྟུལ་ཕོད་དང་མདུན་དུ་བསྐྱོད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ་བཅས་བྱེད་ཀྱི་ཡོད།


     གླུ་དབྱངས་མཉམ་ལེན། སྒྲ་སྙན་དཀྲོལ་ལེན། ཞབས་བྲོ། ལྷ་མོ། བཞད་གཏམ། གར་ཆུང་……དུས་ཡུན་ཟླ་བ་བཞིའི་རིང་གྲ་སྒྲིག་བྱས་པའི་དགོང་ཚོགས་འདིའི་འཁྲབ་ཚན་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པོ་ཡོད། འགོ་ཚུགས་གླུ་གར《ལྕགས་གླང་གིས་དཔྱིད་བསུ་བ》ཞེས་པ་དང་ཞབས་བྲོ་མཉམ་གཞས་ཆེ་གྲས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ། ན་ཆུང་གི་ཞབས་བྲོ《མཐོ་སྒང་གི་ཉི་མ་དྲོད་མོ》ཞེས་པ་སོགས་འཁྲབ་ཚན་གྱིས་མཐོ་སྒང་བུ་ཕྲུག་གིས་དཔྱིད་གསར་མཛེས་ལྗོངས་ལ་བཅངས་པའི་རེ་སྒུག་ལེགས་པོ་དང་སྨོན་འདུན་ལེགས་པོ་དང་། ཏང་དང་རྒྱལ་ཁབ་ལ་བཅངས་པའི་འགྲན་ཟླ་བྲལ་བའི་དགའ་ཞེན་མཚོན་ཡོད།


     ལྷ་མོ《རྟེན་འབྲེལ་མཛད་སྒོ》ཞེས་པ་དེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་མཚོན་ཐབས་དང་སྐད་གསང་མཐོན་པོའི་མི་རིགས་གཞས་གདངས་ལ་བརྟེན་ནས་ལོ་རྒྱུས་མཚོན་པའི་སྙན་ངག་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལེའུ་གལ་ཆེ《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》ཡི་ལེའུ་གལ་ཆེ་འཁྲབ་སྟོན་ལེགས་འགྲུབ་བྱས་པ་དང་། 《ཀོང་པོའི་མདའ་གླུ》ཞེས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུ་གར་སྟེགས་ཐོག་ཏུ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་བི་ཤུ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་བཅུག་ཡོད། ཞབས་བྲོ《སྣམ་བུའི་བརྩེ་བ》ཞེས་པ་དེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྣམ་བུར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་པའི་དགའ་འོས་པའི་རྣམ་པ་མཚོན་པ་བྱས་ཡོད།


     དགོང་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས“ད་ལོ། ང་ཚོས་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་གླུ་པ་དང་འཁྲབ་སྟོན་པ་གདན་འདྲེན་ཞུས་ཡོད་དེ། དཔེར་ན་འཇམ་དབྱངས་སྒྲོལ་མ་དང་ཀུན་དགས་མཉམ་ལེན་བྱས་པའི《འཚོ་བར་བསྟོད་པ་འབུལ་བ》ཞེས་པ་དེས་སྒྲ་སྙན་དཀྲོལ་ལེན་དང་མཉམ་ལེན་གཞི་གཅིག་ཏུ་འདུས་པ་བྱས་ནས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ཡང་དག་བྱས་ཡོད། ཤེར་བསྟན་དང་ཚེ་དབང་ལྷ་མོས་མཉམ་ལེན་བྱས་པའི་གླུ་དབྱངས《བོད་ཀྱི་ལོ་གསར》ཞེས་པ་དང་། བསོད་ནམས་ཆོས་སྒྲོན་དང་ཆོས་སྐྱོང་སྐྱབས་སོགས་ཀྱི་གླུ་དབྱངས་མཉམ་ལེན《ཅི་བསམ་དོན་འགྲུབ》 བསམ་འགྲུབ་ཚེ་རིང་དང་ཀླུ་མོ་མཚོ་སོགས་ཀྱིས་འཁྲབ་ལེན་བྱས་པའི་གླུ་དབྱངས《གྲོགས་པོ》བཅས་རེད”ཅེས་ངོ་སྤྲོད་བྱས་པ་རེད།

     གླུ་གར་འཁྲབ་སྟོན་ཕུད་གར་ཆུང་དང་བཞད་གཏམ་ཡང་ལོ་གསར་རིག་རྩལ་དགོང་ཚོགས་ཀྱི་མེད་དུ་མི་རུང་བའི་འཁྲབ་ཚན་ཞིག་རེད། 《གྲོང་མི་དགེ་ལེགས་ཀྱི་གཏམ་རྒྱུད》དང《ལོ་གསར་གྱི་རྟེན་འབྲེལ》གྱི་རྩོམ་སྒྲིག་བྱེད་སྟངས་གསར་ལ། འཁྲབ་སྟོན་གསོན་ཉམས་ལྡན་པས། དགོང་ཚོགས་ཧྲིལ་པོར་ལྟད་མོ་མི་ཉུང་བ་ཞིག་བསྣན་ཡོད། མཐར་དུས་ཡུན་ཆུ་ཚོད་གཉིས་ཀྱི་དགོང་ཚོགས་དེ་དགའ་སྤྲོ་དང་ངར་ཤུགས་ལྡན་པའི་གླུ་གར《མེ་ཏིག་གི་རྒྱ་མཚོ》ཞེས་པའི་ཁྲོད་ལེགས་འགྲུབ་བྱུང་བའི་ངང་མཇུག་བསྒྲིལ་བ་རེད།


     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཨ་མདོ་བརྙན་འཕྲིན་གྱིས་ལོ་ལྟར་གཉེར་བཞིན་ཡོད་པའི་བོད་ཀྱི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་ནི་ས་གནས་དེ་གའི་མང་ཚོགས་ཀྱི་མེད་དུ་མི་རུང་བའི“དགུ་ཐུག”ལྟ་བུར་འགྱུར་ཡོད། ད་ལོའི་དགོང་ཚོགས་ཡོངས་རྫོགས་ལ་འཁྲབ་ཚན་20ལྷག་ཙམ་ཡོད་ལ། 2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིང་ཨ་མདོ་བརྙན་འཕྲིན་ནས་སྟོན་རྒྱུ་རེད། ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་སྒྲ་འདར་གྱིས་ཀྱང་དུས་གཅིག་ཏུ་མཉམ་སྟོན་བྱ་རྒྱུ་རེད།(http://tibet.people.com.cn/15833256.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1