2022ལོར་དཀར་མཛེས་ཁུལ་གྱིས་དམངས་ཤག་ལེགས་གྲས་100ལས་བརྒལ་བར་བརྩོན་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-25


      ཚེས་23ཉིན་སི་ཁྲོན་དཀར་མཛེས་ཁུལ་དམངས་ཤག་ལེགས་གྲས་དང་སྤུས་བཟང་གསོལ་མགྲོན་ཁང་གི་ཚོང་འགུག་འོས་སྦྱོར་གྲོས་ཚོགས་རིག་གནས་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འབོ་ཞབས་གནའ་གྲོང་དུ་སྤེལ་བ་རེད།
     ཚོགས་འདུའི་ཐོག་དཀར་མཛེས་ཁུལ་ཨུད་ཀྱི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞིང་ཝུན་གྱིས“མིག་སྔར་ཚད་ལོན་པའི་དམངས་ཤག་སྟོང་ལ་ཉེ་བ་དང་། སྐར་རིམ་གསོལ་མགྲོན་ཁང་4། བརྗོད་བྱ་གཙོ་བོའི་རིག་གནས་གསོལ་མགྲོན་ཁང་24། རིམ་པ་ལེགས་འབྲིང་གི་དམངས་ཤག26། གཞི་ཁྱོན་ཡན་གྱི་གསོལ་མགྲོན་ཁང་148། སྤུས་རྟགས་མུ་འབྲེལ་གསོལ་མགྲོན་ཁང་15བཅས་བསྐྲུན་ཡོད་པ་དང་། དཀར་མཛེས་ཁུལ་གྱི་དམངས་ཤག་དང་གསོལ་མགྲོན་ཁང་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་དབྱར་མཚོ་རྒྱས་པ་ནང་བཞིན་ཡོད།” དཀར་མཛེས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གཞི་གཅིག་ཏུ་འདྲེས་ལ། རི་མཐོན་པོ་དང་གྲོག་རོང་། གངས་རི་དང་མཚེའུ། འཁྱགས་ཀླུང་དང་ཆུ་ཚན་བཅས་ཀྱི་ལྗོངས་བ་ངོ་མཚར་ཆེ། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་འཛམ་གླིང་རིམ་པའི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་མཛེས་ལྗོངས་ལམ་ཆེན་མཛེས་ཤོས་4དང་སྤུས་བཟང་ལམ་ཐིག་6ཞིབ་ཚགས་ངང་བཏོད་དེ། རིམ་རྩིས་བྱས་ན་དུང་དཀར་ལུང་པ་དང་འདབ་པའི་ཉི་སྟེང་སོགས་Aརིམ་པའི་མཛེས་ལྗོངས་ཁུལ་81བསྐྲུན་པ་དང་། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དམངས་ཤག་ལེགས་གྲས་དང་སྤུས་བཟང་གསོལ་མགྲོན་ཁང་ནང་འདྲེན་དང་འཛུགས་སྐྲུན་བྱ་རྒྱུ་དེ་དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་ཅེས་བརྗོད།
     འོས་སྦྱོར་ཚོགས་འདུའི་ཡལ་དངོས་སུ། དཀར་མཛེས་ཁུལ་རོང་བྲག་རྫོང་དང་ཁྲེང་ཏུའུ་ཀོང་ཧྭ་ལི་ཏ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཀུང་སིས“དམངས་ཤག་ལེགས་གྲས་གཅིག་སྡུད་ངང་འཕེལ་རྒྱས་གཏོང་བའི་འདོད་བློའི་མཉམ་ལས་གྲོས་མཐུན”ལ་མིང་རྟགས་བཀོད་པ་རེད། དཀར་མཛེས་ཁུལ་གྱིས་རོང་བྲག་སྔོན་སྐྱོད་དཔེ་སྟོན་བྱས་ནས་དམངས་ཤག་ལེགས་གྲས་ཀྱི་ཁྱུ་ཚོགས་བཙུགས་ཏེ་ཁྱད་ལྡན་དམངས་ཤག་གི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་བཏོད་པའི་དུང་བརྡ་བཏང་བ་རེད།
     གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག ཁུལ་དེ་ཡོངས་སུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ལ། 2015ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1076.18ལ་སྣེ་ལེན་ཞུས་པ་ནས་2019ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3316.69ལ་སྣེ་ལེན་ཞུས་པའི་བར་ལོ་རེར་ཆ་སྙོམས་འཕར་ཚད་27.26%ཟིན་ཡོད། ཡུལ་སྐོར་ལས་རིགས་དེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000ལས་བརྒལ་ཡོད་པ་རེད། དགུན་ཁ་ཤར་ཚུན་དཀར་མཛེས་ཁུལ་གྱིས་སྔོན་ལ་བྱུང་མྱོང་མེད་པའི་གཟིགས་སྐྱོང་སྲིད་ཇུས་ཡག་ཤོས་བཏོན་ནས་ཡུལ་སྐོར་ཁྲོམ་རས་རྒྱ་ཁྱབ་ངང་དོ་ཁུར་དང་དེའི་ནང་ཞུགས་པར་ཡིད་བཀུག་ཡོད། སྲིད་ཇུས་དེ་བཏོན་རྗེས་དཀར་མཛེས་ཁུལ་གྱི་ལྟ་ཞིབ་ཚད་ལེན་གྱི་བསྡོམས་རྩིས་ཁྱབ་ཁོངས་ནང་བཅུག་པའི་Aརིམ་པའི་མཛེས་ལྗོངས་ཁུལ་13གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་ན་ནིང་གི་དུས་མཚུངས་ལས་152%འཕར་ཡོད་པ་རེད། གོམ་སྟབས་རྗེས་མར་དཀར་མཛེས་ཁུལ་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས“སྤུས་རྟགས་འདོན་པ་དང་། ཁྱད་ཆོས་གཏོད་པ། ཞབས་ཞུ་འཛིན་པ། ལེ་ལག་ཚང་འཛུགས། ཉམས་ལེན་མཐོང་ཆེན་བྱེད་པ་”སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། སྤུས་རྟགས་ཀྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། གནས་འཛོལ་འགྲན་རྩོད་ལ་ཁྲིད་སྟོན་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བཅས་བྱས་ནས་2022ལོར་སླེབས་སྐབས་དམངས་ཤག་ལེགས་གྲས་100ལས་བརྒལ་བར་བརྩོན་རྒྱུ་རེད། (http://tibet.people.com.cn/15833618.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1