༄༅།།སྡོམ་པ་སྲུང་ཞོར་ཤོར་ཞོར།

རྩོམ་པ་པོ། འོར་མ་འཛི་སྐ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-29


ཁང་མིག་འདི་མ་གཏོགས་གཞན་པའི་ཉལ་ས་ཚང་མ་མགྲོན་པོས་གང་འདུག" སྒོ་འབྱེད་ཞོར་ཁང་བདག་གིས་བུ་མོ་དེར་ཁང་མིག་བསྟན། ཁང་མིག་དེར་ཉལ་ཁྲི་གཉིས་འདུག་ལ། ཉལ་ཁྲི་གཉིས་ཀྱི་བར་དུ་ཅོག་ཙེ་དམར་པོ་ཞིག་བཞག་འདུག་པའི་སྟེང་དུ་གདན་ཅོག་ཁ་པར་དང་། ཞོལ་དུ་གཅིག་སྤྱོད་འདྲུད་ལྷམ་གཉིས་བཞག་འདུག་པར་མ་ཟད་གཙང་སྦྲ་ཡང་མི་ཆོག་རྒྱུ་མི་འདུག

 སྐུད་མེད་དྲྭ་དང་ཁྲུས་ཁང་ཡོད་དམ།

 ཡོད་ནི་རེད།

ཉལ་ཁྲི་གཅིག་གི་སྟེང་ལག་ཁུག་སེར་པོ་དང་གཟན་ཤམ་སོགས་བཞག་འདུག་པ་ལ་བལྟས་ནས་དངོས་གནས་གྲྭ་པ་ཞིག་ཡོད་པ་བདེན་པར་འདུག་ཅིང་། ད་ལྟ་ཁྲུས་ཁང་དུ་ཁྲུས་བྱེད་བཞིན་པའི་མི་དེ་ནི་ཁོ་ཡིན་སེམས་ཐག་རེད།

 འདུག་རྒྱུ་ཡིན་ནམ།  ཁང་བདག་གིས་ཁོ་མོས་ཅི་ཟེར་ལ་སྒུག

 ཡིན། ཐག་ཆོད་ལ་མ་ཆོད་པའི་ངང་ལན་བཏབ།

བུ་མོ་དེའི་སེམས་པ་མང་ཕྱོགས་གྲྭ་པ་དེའི་སྐོར་གྱི་དོགས་པས་ཁེངས་ཤིང་། ད་ལྟ་གནས་ཚུལ་ཅི་འདྲ་ཞིག་འབྱུང་མིན་ལ་འདང་མང་དུ་རྒྱག་བཞིན་གྲྭ་པ་དེ་ཕྱིར་ཨེ་འབུད་ལ་སྒུག་ཐག་རིང་བའམ་ཡང་ན་མ་འབུད་ན་དགའ་བ་ཅི་ཡིན་མི་ཤེས་པའི་དངངས་འཚབ་ཅིག་གིས་གང་ཡོང་།

སྒོ་ཕྱེས་ཏེ་ཕྱིར་བུད་བྱུང་། ངོ་མ་གྲྭ་པ་དག་མ་ཞིག་རེད། ཁོ་མོས་སེམས་བདེ་ལ་བབས་ཤིང་གུས་ཉམས་ཀྱང་རང་ཤུགས་ཀྱིས་ཐོན་པར་གྱུར། འོན་ཀྱང་གྲྭ་པ་དེས་ཡིད་མི་ཆེས་པ་དང་དོགས་མི་བདེ་བའི་མིག་མདངས་ཤིག་གིས་ཁོ་མོར་ལྟ་ཙམ་བྱེད་བཞིན་སྤྱོད་པ་ཡང་ཞིབ་པར་གྱུར།

མཚན་མོ་ཞིག་ལ་སྐྱེས་ཕོ་མོ་གཉིས་ཁང་མིག་གཅིག་ཏུ་ལྷན་ན་ཁེལ་བ་ནི་རྣོ་ཁབ་ལེན་གཉིས་ལྷན་དུ་ཁེལ་བ་དང་མཚུངས་པས། མ་མཐའ་ཡང་གཉིས་ཀས་ཕན་ཚུན་གྱི་ལུས་སྟེང་ལ་ཉམས་འཇོག་ཁོ་ཐག་ཡིན་པས། བཀག་ཀྱང་མི་ཁོག་པ་ནི་གཉིས་ཀའི་སེམས་ལ་ངན་སེམས་སམ་ཡང་ན་དྲན་མི་འོས་པ་ཞིག་དྲན་པ་དེའོ།།

གྲྭ་པ་ཡག་པོ་ཡིད་འགྲོ་ཞིག་ཡོད་གི" སྙམ་མཁན་ནི་བུ་མོ་དེ་རེད།

 གོན་པ་གྲལ་དག་མོ་གྱོན་ཞིང་སྐྱེས་གཟུགས་མཛེས་པོ་ཞིག་ཡོད་གི" སྙམ་མཁན་ནི་གྲྭ་པ་རེད།

བུ་མོ་མང་ཆེ་བས་གྲྭ་པ་དག་ལ་ཕྱིའི་རྣམ་པས་གུས་ཉམས་བསྟན་མོད། ནང་སེམས་པ་ནི་ཁོ་མོ་རང་ཉིད་མ་གཏོགས་གཞན་སུས་ཀྱང་མི་ཤེས་པས་གྲྭ་པ་འདིས་ཀྱང་ག་ལ་ཤེས། གྲྭ་པ་ཚོ་ཡང་བཙུན་ཚུགས་ཅི་འདྲ་བསྟན་ཀྱང་ནང་སེམས་ཀྱི་བཀོད་པ་ནི་རང་ཉིད་མ་གཏོགས་གཞན་སུས་ཀྱང་ཚོད་འཇོག་དཀའ་བ་ཞིག་རེད།

གཉིས་ཀ་འཇམ་ཅག་གེར་རང་རང་སོ་སོའི་ཉལ་སར་འདུག་ཅིང་། ཚུགས་ཀར་བལྟས་ན། ཁྱོད་མ་ཉལ་ན་ང་ཡང་མི་ཉལ་ཟེར་བའི་འགྲན་སེམས་ཀྱི་ཉམས་ཤིག་ཐོན་ནས་འདུག་ལ། གཉིས་ཀའི་ནང་སེམས་ཀྱི་འཇིག་རྟེན་ནི་ཧ་ཅང་བརྗོད་མི་ཤེས་པའི་མཚར་པོ་ཞིག་རེད། འོན་ཀྱང་། དགེ་འདུན་ཉི་མས་རང་ཉིད་གྲྭ་པ་ཞིག་ཡིན་པ་བརྗེད་མེད་པས་སྡོམ་པ་ཡོད་པའང་ག་ལ་བརྗེད། ཁོ་མོས་ཁྲུས་བྱེད་རྒྱུ་བརྗེད་པའམ་ཡང་ན་མི་བྱེད་བསམ་པ་གང་ཡིན་མ་ངེས་མོད། ལུས་སྟེང་ནས་གོན་པ་སྟབས་བདེ་ཞིག་བཤུས་ནས་ཉལ་གྲབས་བྱས་ཤིང་དགེ་འདུན་ཉི་མར་ཡང་ཅི་བྱེད་འདི་བྱེད་མེད་པས་ཉལ་གྲབས་བྱས། འོན་ཀྱང་ཁོས་ཚུལ་འཆོས་སམ་ཡང་ན་རྒྱུན་ལྡན་གྱི་སྤྱོད་པ་གང་ཡིན་མ་ཤེས་མོད། ཉལ་ཕྱག་བཙལ་བ་དེས། རང་ཉིད་གྲྭ་པ་དག་མ་ཞིག་ཡིན་པར་དཀར་འདོན་བྱེད་པ་དང་ཀུན་ནས་མཚུངས། ཨ་ཙི། གློག་གཏན་རྗེས་མུན་ནག་ཏུ་སྒོ་ལྔའི་རྣམ་ཤེས་རྣམས་རབ་རིབ་ཏུ་གྱུར་ཅིང་སྙིང་ཆུང་གི་འཕར་སྒྲ་དང་ཁོ་མོར་སག་སག་འགུལ་བའི་སྒྲ་དེ་དག་ནི་ཅི་འདྲའི་གཉིད་མི་འོང་བྱེད་ཀྱི་ཆོ་འཕྲུལ་ཞིག གང་ལྟར་དགེ་འདུན་ཉི་མར་གཉིད་མོ་འོངས་ཤིང་སེམས་ལ་འདྲ་མི་འདྲ་མང་པོ་དྲན་ལ། ཐ་ན་ཁོ་མོ་དང་ལྷན་དུ་ཉལ་བའི་སྣང་བརྙན་རེ་ཡང་གློ་རྡེག་ལ་སེམས་སུ་ཐོན་ཞིང་། ད་ལྟ་དམ་བཅའ་མང་པོ་ཞིག་གི་ནུས་པའམ་ལྗིད་ཚད་ཇེ་ཡང་དུ་ཕྱིན་ཅིང་། ཁོ་མོའི་ཆོ་འཕྲུལ་ལམ་ཡང་ན་བུ་མོ་དེའི་ཕྱོགས་ཀྱི་བཟི་ཁ་ཇེ་བཙན་དང་གནོན་ཤུགས་ཇེ་ཆེར་གྱུར། འོན་ཀྱང་རང་གིས་རང་ལ་སྙིང་ཕུར་བརྡབ་ཅིང་གཉིད་འོང་ཅི་ཐུབ་བྱས།


ཚོད་དཔག་བྱས་ན་ཁོ་མོ་ཡང་གཉིད་འོང་གི་མེད་པ་འདྲ། བུད་མེད་ནི་དངོས་ནས་ལྷིང་འཇགས་དཀྲོགས་པའི་གཤེད་མ་ཞིག་རེད། ཡང་ན་བུད་མེད་ཅིག་ཟུར་དུ་ཉལ་བ་ནི་ཅི་འདྲའི་འདང་རྒྱག་ཏུ་ལྷུང་བྱེད་ཅིག་རེད། དེ་ལྟར་དྲན་བཞིན་དྲན་བཞིན་གཉིད་དུ་ཡུར་སོང་། གཉིད་དུ་ཡུར་བ་ནི་བདེ་བ་ཞིག་མ་ཡིན་ནམ། འོན་ཀྱང་རྨི་ལམ་ཅི་ཞིག་གཏོང་གི་ཡོད་མེད་ནི་ཧ་ཅང་ཚོད་འཇོག་དཀའ་བ་ཞིག་རེད་ལ། ཁོ་མོས་ཀྱང་རྨི་ལམ་ཅི་ཞིག་གིས་དྲུད་ཡོད་པའང་བརྗོད་ཁག་པོ་རེད།

ཡར་སད་བྱུང་། དགེ་འདུན་བློ་བཟང་། ཁོ་གཅིན་པས་ལྦོས་ཏེ་གསང་སྤྱོད་ཁང་དུ་འགྲོ་དགོས་སོང་བ་ཡིན་འདུག་པས་ག་ལེར་བུ་མོ་དེ་སད་ཀྱིས་དོགས་ནས་འཇབ་ཞོར་ཁོ་མོའི་ཕྱོགས་སུ་དབང་མེད་དུ་གློག་ཅིག་བཀར་བ་ན། ཁོག་སྟོད་གཅེར་བུར་ཕུད་ཅིང་གནག་སྣུམ་སྐྲ་ལོའི་ཁུད་ནས་ཞལ་རིས་མངོན་ཞིང་། མྱོས་བུམ་ཡང་མཁྲང་ཞིང་ཟླུམ་ལ་ཁམ་བུ་ཚོས་མ་ལྟ་བུའི་བུ་མོ་དེར། " བལ་བོའི་སེའུ་མ་ཟོས་ཀྱང་ཁ་དོག་ཉིད་ལས་བྲོ་བ་ཤེས "ཞེས་པའི་ཆོས་ཉིད་དེ་ལྡན་འདུག དེ་རིང་གི་ངོ་ཚ་སྨིན་པའི་བུ་མོ་དེ་ད་ལྟ་རང་གི་སྔུན་ནས་ཆགས་ཉམས་བཅས་གཅེར་བུར་ཉལ་འདུག་ཡོད་པ་དེས་དགེ་འདུན་ཉི་མ་ཆབ་ཁང་ནང་དུས་ཚོད་ཡུན་རིང་ལ་འདང་རྒྱག་ཏུ་གཡུགས་ཤིང་། སྡོམ་པ་དྲན་རུང་སྡོམ་པས་བསྡམ་མི་ཐུབ་པའི་རླུང་ཞིག་ལངས་ཏེ་མིག་སྔར་མ་གཏོགས་ཕུགས་ཀྱི་བྱ་བཞག་མང་པོ་བརྗེད་ངེས་ཀྱིས་ཁྱེར་ཏེ་རབ་རིབ་མག་མོག སྐྱ་འོལ་འོལ་དུ་གྱུར། ཁོས་ཆབ་ཁང་ནས་འདང་ཇི་ལྟར་བརྒྱབ་ཀྱང་། འཇིག་རྟེན་ནི་དོ་དགོང་ལས་གཞན་དུ་མེད་པའི་ཚོར་སྣང་ཞིག་གིས་སྙིང་སྟོབས་རྒྱས་ཤིང་སྐྲག་སྣང་ཡང་གློ་རྡེག་ལ་དེངས། དགེ་འདུན་ཉི་མ་ཁོ་མོའི་ཉལ་སར་ལྡང་སོང་། ཁོ་མོ་བྲང་འོག་ཏུ་མནན་ནས་འཕགས་དབང་མེད་པར་འོ་རིང་འོ་ཐུང་བྱས།

ཁོ་མོས་ཨག་སྐད་འདོན་ཞིང་འཕག་འཚག་བྱས། ལག་པས་ཡར་དེད་ཅིང་ཕུད་རྒྱག་ཇི་ལྟར་བྱས་ཀྱང་། བྱེའུ་ཆུང་ཁྲ་ཡིས་བཅུམ་པ་བཞིན་ནུས་ཤུགས་ཇེ་ཞན་དུ་གྱུར།

 ཕར་སོང་། ཁྱོད་གྲྭ་པ་དག་མ་ཞིག་རེད། ང་ལ་རུང་ནི་མ་རེད།

 མིན། ཡིན་ན་དཀོན་མཆོག་གསུམ། དགེ་འདུན་ཉི་མས།


 ངོ་མ་མིན་ནམ།

 མིན། ངས་སྡོམ་པ་བླངས་མེད། ང་ཚོའི་ཕ་ཡུལ་ན་དེ་འདྲ་མང་ནི་རེད།"

བུ་མོ་དེས་ཁོའི་སྐད་ཆ་ཡིད་ཆེས་པའམ་ཅི་ཡིན་མི་ཤེས་པར་ལྷོད་ལ་བབས་པས་ཁོ་མོའི་ལུས་པོ་ཡོད་ཚད་དགེ་འདུན་ཉི་མར་གཏད་སོང་བས། དགེ་འདུན་ཉི་མས་ཀྱང་གོ་རིམ་ལྡན་པའི་ངང་ཁོ་མོ་ལོངས་སུ་སྤྱོད་མགོ་བརྩམས། ད་ནི་བུ་མོ་དེས་ཀྱང་གཏོང་བར་མི་བྱེད་ལ། ལུས་སེམས་ཁ་ཁར་གྱེས་པའམ་ཡང་ན་སེམས་པ་དུམ་བུ་གཉིས་སུ་གས་ཏེ། གཅིག་གིས་ "ཡིན་ཡིན་ "དང་ཡང་གཅིག་གིས་ "མིན་མིན་ "ཟེར་བའི་དྲུད་རེས་འཐེན་རེས་བྱས་པའི་སྣང་བ་ཞིག་ཐོན་ཞིང་བདེ་བས་ཟིན་གྱིན་ཟིན་གྱིན་བློ་སྣ་ཇེ་ཐུང་དུ་སོང་བའམ་རིང་བ་གང་ཡིན་ཆ་མི་འཚལ་བར་ད་མཚམས་འཇོག་ཟེར་ན་མི་ཐུབ་ལ། མ་འཇོག་ན་ཚར་སོང་བའི་སྣང་བ་ཞིག་གི་མཚམས་ནས་ལོ་ངོ་བཅུ་ཁར་བསྲུངས་པའི་སྡོམ་པ་དང་ལོ་འདི་མིན་ལ་བསགས་པའི་ཁུ་བ་བཞིན་ཁོ་མོར་ཕུལ། གཉིས་ཀ་ངལ་ཞིང་ཆད་དེ་གཅིག་གིས་གཅིག་གློད་ལ་མ་ལྷོད་པའི་ཚུལ་གྱིས་སྐར་མ་འགའ་སོང་བ་ན་བུ་མོས་སྐད་ཆ་བཤད་བྱུང་།

 ཁྱོའི་མིང་ལ་ཅི་ཟེར།

 དགེ་འདུན་ཉི་མ།

 ཁྱོའི་མིང་ལ།

 ང་ད་ལྟ་འབར་ཁམས་དགེ་ཐོན་སློབ་གྲྭར་ཡོད། སློབ་མ་ཞིག་ཡིན། མིང་ལ་སྒྲོལ་མ་ཟེར།

 ངས་ཀྱང་དེ་རིང་ཁྱོད་སློབ་མ་ཞིག་རེད་བསམས་སོང་།

 ངས་ཁྱོད་གྲྭ་བ་དག་མ་ཞིག་རེད་བསམས་མོད། ཧེ་ཧེ།

དགེ་འདུན་ཉི་མ་ནི་དངོས་གནས་གྲྭ་པ་དག་མ་ཞིག་ཡིན་ལ། དེ་ལས་ཀྱང་གཞན་ལ་རྫུན་བཤད་ནས་མགོ་སྐོར་གཏོང་རྒྱུ་ནི་ཁོ་ལ་རྩ་བ་ནས་ལོབས་མེད་པས་ཁོས་དྲང་མོར་བཤད་སོང་།

 དྲང་མོར་བཤད་ན། ང་དགེ་ཚུལ་ཞིག་ཡིན། འབྲོག་ཕྱོགས་ཀྱི་དགོན་པ་ཞིག་ནས་ཡིན། དགོངས་དག་ཞུ། ད་ཅི་ངས་ཁྱོད་ལ་རྫུན་བཤད་སོང་། ཧེ་ཧེ།"

 ངོ་མ་ཨེ་ཡིན། དེ་རིང་ཁྱོད་ཀྱིས་མིན་ཟེར་བ་མིན་ནམ། ངས་སྡིག་པ་བསགས་བཞག ཁྱོད་དངོས་གནས་མི་མ་རེད།"

ཁོ་མོ་ངུས་སོང་། ད་ནི་སྡུག་སྨྲེ་རྐྱང་བ་ལས་མི་འདོན་ལ། ཕལ་ཆེར་ཁོ་མོ་འཁྱགས་ཤུར་ཤུར་དུ་གྱུར་ཚར་རུང་། བུ་མོ་དེ་ད་རུང་རང་ཉིད་ཀྱི་ཟུར་ན་ཡོད་པས་དྲན་རྒྱུ་མང་པོ་མི་འདུག་ལ། གང་ལྟར་ལུས་པོ་ཡང་ཞིང་ལྷོད་པར་གྱུར་འདུག

གཉིད་ལས་སད་པ་ན་དུས་ཚོད་དགུ་ཡས་མས་ཤིག་ཏུ་ཐོན་ཞིང་། བྱེའུ་དག་ནི་སྒེའུ་འགྲམ་ན་བབས་ཤིང་རླངས་འཁོར་དག་གི་སྒྲ་དང་། " ཁྲེང་ཏུའུ་ཁྲེང་ཏུའུ "ཟེར་མཁན། "འཛམ་ཐང་འཛམ་ཐང" ཟེར་མཁན། " རྔ་བ་རྔ་བ "ཟེར་མཁན་གྱི་བོད་མིའི་ཁ་ལོ་བདག་གིས་ཁ་རླངས་ཕལ་ཕལ་གྱིས་སྐད་འབོད་གནང་བཞིན་འདུག འབྲས་ཁུ་དང་གོ་ར་གསུར་མ་འཚོང་མཁན་དག་གིས་ལམ་འགྲམ་གང་འདུག

ཁོ་མོ་སོང་ཚར་བས་རང་ཉིད་གཅིག་པུ་ལྷག་འདུག་ལ། མདང་དགོང་གི་བདེ་དགའ་དེ་དག་དྲན་པའི་ཡུལ་ཙམ་མ་གཏོགས་ཇི་ལྟར་བཙལ་ཀྱང་རྙེད་རྒྱུ་མ་བྱུང་། དགེ་འདུན་ཉི་མས་ཡིད་མ་ཆེས་ཤིང་སྐྲག་སྣང་གིས་རྨི་ལམ་ཡིན་པར་སྨོན་ལམ་བཏབ། རྨི་ལམ་དུའང་བུ་མོ་ཞིག་དང་ཉལ་མྱོང་བ་རྨིས་པ་གང་མང་ཡིན་པས་ཁོ་དེ་འདྲ་རེ་ཨེ་ཡིན་སྙམ་བཞིན་སེམས་པ་སྟོང་ལྷང་ལྷང་དུ་གྱུར། ཟ་མ་ཟ་འདོད་མི་སྐྱེས་ལ། གཟན་ཤམ་གྱོན་པ་ན་སེམས་པ་ཤིན་ཏུ་གཉོམ་པར་གྱུར།

 ཨ་ཁ་ཁ། མདང་དགོང་གཅིག་པོར་བསྲན་བཞག་ན།

དགེ་འདུན་ཉི་མ་གྲོང་ཁྱེར་འདི་ལ་སུན་སྣང་འཁོར་སོང་། རང་ཉིད་ཀྱི་སེམས་ལ་ད་རུང་སྡོམ་པ་རེ་ལྷག་ཨེ་ཡོད་སྙམ་ཞིང་ཐེངས་གཅིག་ལ་ཉལ་བས་སྡོམ་པ་ཤོར་འགྲོ་རྒྱུ་ཨེ་ཡིན་སྙམ། མྱུར་དུ་རང་ཡུལ་ལ་འགྲོའོ་སྙམ་བཞིན་རླངས་འཁོར་འབབ་ཚིགས་སུ་སོང་ནའང་། ཁོ་སླར་ཡང་ཞེ་མ་བདེ་བར་སྔར་གྱི་མགྲོན་ཁང་རྩར་ཕྱིར་ལྟ་རུ་སོང་། ཅི་ཞིག་ལྷག་སོང་བའམ་གང་ཞིག་བོར་སོང་བའི་སྟོང་སྣང་གིས་མགྲོན་ཁང་དེའི་སྒོ་རྩར་ཐེངས་གསུམ་ལ་སོང་མོད། དགེ་འདུན་ཉི་མའི་སྟེང་དུ་འགད་རྫས་ལྷུང་བ་ལྟ་བུའི་སྡུག་བསྔལ་མྱོང་གི་ཡོད་ནའང་། ཚང་མ་སྔར་བཞིན་འཇམ་ཅག་ཅག་ཡིན་པ་ལས་བོར་སྟོར་བྱུང་བའི་རྣམ་པ་ཙམ་ཡང་མི་འདུག མི་རྣམས་ནི་གཡས་དང་གཡོན་ནས་བཞུར་ཞིང་། ཟས་ཁང་དག་ལས་ཟས་རླངས་ཐུལ་ལེར་མིག་དང་སྣ་ལ་བརྒྱབ་ཅིང་གོང་རིམ་ལས་བྱེད་པ་དག་ཟམ་སྟེང་ནས་བྲེལ་ཟིང་གིས་འགྲོ་བཞིན་འདུག

རྐང་གསུམ་དྲུད་ནས་འགྲོ་མཁན་དང་ཁམ་བུ་འཚོང་མཁན། ལྭ་བ་དཀར་པོ་གྱོན་པའི་སྨན་པ་དང་ལམ་འགྲམ་གྱི་གད་སྙིགས་གཙང་བའི་གད་པ་བ་རྣམས་ནི། མདང་དགོང་ཧ་ཅང་གཉིད་ཡོང་བ་ལྟ་བུའི་རྒྱུན་ལྡན་ངང་འགྲོ་ཞིང་། རང་ཉིད་ནི་ཁེར་རྐྱང་དང་འཁྱགས་སྣང་། བླ་སྟོར་བའི་ངང་ལམ་ལ་ཞུགས། དགེ་འདུན་ཉི་མས་ཕ་ཡུལ་དྲན་སོང་།

དེ་ལྟར་ཆ་མེད་རྒྱུས་མེད་ཀྱི་བུ་མོ་ཞིག་དང་མཉམ་དུ་ནུབ་གཅིག་གི་བདེ་དགའ་མྱོང་རྗེས། རང་རང་ས་ནས་གར་སོང་མེད་པར་གྱུར། ད་ནི་གཉིས་ཀ་གང་ན་ཡོད་མི་ཤེས་ལ་གཅིག་གིས་གཅིག་དྲན་མྱོང་བའམ་ཡིད་ལ་འཁོར་ཡོད་མེད་ཀྱང་སུས་ཤེས། མིན། དགེ་འདུན་ཉི་མས་ཁོ་མོ་དྲན་མི་ཕོད། བུ་མོ་དེས་ཀྱང་གྲྭ་བ་དེ་དྲན་ག་ལ་ཕོད། བུ་མོ་དེ་དགེ་ཐོན་སློབ་གྲྭ་ཞིག་ནས་དང་དང་གྲྭ་པ་དེ་འབྲོག་ཕྱོགས་སུ་བཏབ་པའི་དགོན་པ་ཞིག་ནས་རེད། ཁོ་གཉིས་འདི་ལྟར་འཕྲད་ཅིང་འདི་ལྟར་གྱེས་སོང་། གཉིས་ཀའི་སེམས་ལ་རྨ་ཁ་རེ་བཏོད་ནས་རང་རང་ས་རུ་བུད་སོང་། དགེ་འདུན་ཉི་མ་རེས་འཁོར་དམར་པོ་ཞིག་གི་ནང་དུ་རྔ་བ་རྫོང་ལ་བུད་སོང་། བུ་མོ་དེ་ནི་རྨི་ལམ་ནང་གི་སྒེག་མོ་བཞིན་ནུབ་གཅིག་ལ་རྨི་ལམ་དུ་འོངས་རྗེས། དུས་གཏན་དུ་གར་སོང་ཆ་མེད་དུ་གྱུར། ཐ་ན་ཁོ་མོའི་མིང་ལ་སྒྲོལ་མ་ཟེར་མིན་ཡང་རྗེས་སུ་ཐེ་ཚོམ་སྐྱེས། མགྲོན་ཁང་དེ་དེ་ལྟར་མགྲོན་པོ་གཞན་གྱིས་གང་སོང་། འོན་ཀྱང་མགྲོན་ཁང་འདིའི་ནང་དུ་ལྗིད་ཏིག་ཏིག་གི་གཏམ་རྒྱུད་ཅིག་བྱུང་མྱོང་བ་ཁོ་གཉིས་མ་གཏོགས་སུས་ཀྱང་མི་ཤེས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1