མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འགོག་སྲུང་གི་རྒྱལ་སྤྱིའི་ཉིན་མོ་ཐོག་དང་པོར་རྗེས་དྲན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-29


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འགོག་སྲུང་གི་རྒྱལ་སྤྱིའི་ཉིན་མོ་ཐོག་དང་པོར་རྗེས་དྲན་བྱས། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནན་ཏན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཁྲོད་བསླབ་བྱ་བསྡུ་ལེན་དང་རིམས་ནད་འགོག་སྲུང་བྱ་བའི་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས། མ་འོངས་པར་འབྱུང་སྲིད་པའི་ཐོལ་བྱུང་གི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་བྱེད་དགོས་པར་བསྟན། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་གཏམ་བཤད་སྤེལ་ཏེ་ནན་གྱིས་བསྟན་དོན། སྟོབས་དང་ལྡན་པའི་འཕྲོད་བསྟེན་མ་ལག་འཛུགས་པ་དང་སྤྱི་ཚོགས་སྲུང་སྐྱོབ་དང་རྒྱལ་ཁབ་སོ་སོའི་བར་གྱི་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་པར་དགོས་གལ་ཧ་ཅང་ཆེ། ཁོས་བསྟན་དོན། རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་གཞན་པའི་བར་དུ་མཐུན་སྒྲིལ་དང་མཐུན་སྦྱོར་བྱེད་པར་གལ་འགངས་ཆེ་བ་ཡིན། 
        མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བའི་ཀྲུའུ་ཞི་པའོ་ཙི་ཁི་ཨར་གྱིས་བརྙན་རིས་གཏམ་བཤད་ལས་བསྟན་དོན། གལ་ཏེ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ན། ཚེ་སྲོག་སྐྱོབ་ཐུབ་པ་དང་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་ཐུབ། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚན་རིག་ལ་ཡིད་ཆེས་དང་དོགས་ཟོན་རྐྱེན་སྲོལ་བཙུགས་ཏེ། རིམས་ནད་ལས་བྱུང་བའི་གནོད་འཚེ་སྔོན་འགོག་བྱེད་དགོས་ཟེར། 
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བརྙན་རིས་གཏམ་བཤད་སྤེལ་སྐབས་སྤྱི་ཡོངས་ཀྱི་བདེ་ཐང་ལ་མཐོང་ཆེན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། སྤྱི་ཡོངས་ཀྱི་བདེ་ཐང་ནི་མིའི་རིགས་ཀྱི་བདེ་ཐང་དང་སྲོག་ཆགས་ཀྱི་བདེ་ཐང་། སྐྱེ་དངོས་ཀྱི་བདེ་ཐང་། ཁོར་ཡུག་གི་རྒྱུ་རྐྱེན་བཅས་གཞི་གཅིག་ཏུ་བྱས་པའི་མཚན་ཉིད་ཅིག་ཡིན་པ་དང་། མིའི་རིགས་ཀྱི་གསར་དུ་བྱུང་བའི་འགོ་ནད་བརྒྱ་ཆའི་དོན་ལྔ་ནི་སྲོག་ཆགས་དང་མིའི་བར་ཕན་ཚུན་ནད་དུག་འགོས་པ་ལས་བྱུང་བ་ཡིན་ལ། སྤྱི་ཡོངས་ཀྱི་བདེ་ཐང་ལ་མཐོང་ཆེན་བྱེད་པ་ལྷག་ཏུ་གལ་ཆེན་རེད་ཟེར། 
        ཐན་ཏི་སེ་ཡིས་རྒྱལ་ཁབ་སོ་སོས་དངུལ་གཏོང་ཇེ་མང་དུ་བཏང་སྟེ། སྔོན་འགོག་དང་བྲེལ་མྱུར་གནས་ཚུལ་ལ་ཤེས་རྟོགས་བྱས་ནས་དེའི་མཇུག་འབྲས་ཇེ་ཡང་དུ་གཏོང་དགོས། ཁོས་སྟོབས་དང་ལྡན་པའི་གཞི་རིམ་འཕྲོད་བསྟེན་མ་ལག་འཛུགས་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས། 
        མཉམའ་བྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བས་ཟླ་འདིའི་ཟླ་མགོར་ཁྱབ་སྒྲོག་བྱས་དོན། ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་དེ་རིམས་ནད་འགོག་སྲུང་གི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1