ཀྲུང་དབྱང་གིས་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-31



       ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་ཐོག་ཞིང་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་གལ་ཆེན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཞིང་ལས་སྤུས་ཚད་མཐོ་པོ་དང་ཕན་འབྲས་མཐོ་པོ་ཡོང་བ། གྲོང་གསེབ་གནས་སྡོད་དང་ལས་གཉེར་ལ་འཚམས་པ། ཞིང་པ་འབྱོར་ཕྱུག་ལྡན་པ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་བ།
       འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12པའི་ཚེས་28ཉིན་ནས་29ཉིན་བར། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཀྱང་གནང་བ་དང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པར་ཕྱོགས་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་རྒྱུ་བཅས་ནི་ཏང་ཡོངས་ནས་མཐོང་ཆེན་པོ་བྱ་དགོས་པའི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན། ཏང་ཡོངས་ནས་ངེས་པར་དུ་གོང་འཕེལ་གྱི་དུས་མཚམས་གསར་པར་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས་པ་དང་། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་གལ་ཆེན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྤུས་ཚད་མཐོ་པོ་དང་ཕན་འབྲས་མཐོ་པོ་ཡོང་བ། གྲོང་གསེབ་གནས་སྡོད་དང་ལས་གཉེར་ལ་འཚམས་པ། ཞིང་པ་འབྱོར་ཕྱུག་ལྡན་པ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་གནང་ཡོད་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
       ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རང་རེའི་ཏང་དབུ་བརྙེས་རྗེས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་དེ་ཞིང་པའི་གནད་དོན་ཡིན་པ་དང་། རྒྱ་ཆེའི་ཞིང་པ་རྣམས་བདེ་སྐྱིད་ལྡན་པ་ཡོང་རྒྱུ་དེ་ལས་འགན་གལ་ཆེན་ཡིན་པར་ངོས་འཛིན་གང་ལེགས་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རེའི་ཏང་གིས་ཞིང་པའི་སྣེ་ཁྲིད་དེ་སྒྱུར་བཅོས་བྱེད་འགོ་བཙུགས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་ཟམ་མི་ཆད་པར་བཅིངས་འགྲོལ་དང་གོང་འཕེལ་བཏང་བ། གྲོང་གསེབ་ཀྱི་ཁྱོན་ཡོངས་ཡར་ཐོན་ལ་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་གལ་ཆེན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དབུལ་སྒྲོལ་འགག་གཏོར་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གཞིར་བརྩིས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་སྔར་ན་མེད་པ་དང་ཤུགས་ཚད་ཤིན་ཏུ་ཆེ་བ། ཕན་པ་ཐོབ་པའི་མི་གྲངས་ཆེས་མང་བ་བཅས་ཀྱི་དབུལ་སྒྲོལ་འགག་གཏོར་དམག་འཐབ་སྒྲིག་འཛུགས་དང་དེར་སྐུལ་འདེད་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་བཙུགས་པ། ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པར་སླེབས་པ་དང་། ཞིང་པའི་ཡོང་འབབ་སྤྱི་ལོ་2010ལོ་དང་བསྡུར་ན་ལྡབ་གཅིག་ལྷག་འཕར་བ། གྲོང་གསེབ་ཀྱི་དམངས་འཚོ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་ལ་གྱུར་ཡོད། དབུལ་ཕོངས་ས་ཁུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་དཀའ་ངལ་འཕྲད་པའི་ལྟོས་མེད་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་བལྟས་ཚེ་མི་རིགས་བསྐྱར་དར་ཡོང་བར་གྲོང་གསེབ་ངེས་པར་དུ་དར་རྒྱས་ཡོང་བ་བྱ་དགོས། འཛམ་གླིང་གི་ལོ་བརྒྱར་མཐོང་དཀོན་པའི་འཕོ་འགྱུར་ཆེན་པོའི་གནས་བབ་ལས་ཞིང་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་བ་དང་། ཞིང་གསུམ་གྱི་རྨང་གཞི་བརྟན་སྲུང་ཡག་པོ་བྱ་རྒྱུ་ནི་འགྱུར་བར་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་རྨང་རྡོ་ལྟ་བུར་འཛིན་དགོས། གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་པ་བྱེད་པར་འཐབ་ཇུས་ཀྱི་རྨང་གཞི་དེ་ནང་མཁོ་རྒྱ་སྐྱེད་ཐད་འཇོག་དགོས་པ་དང་། གྲོང་གསེབ་ལ་བར་ཁམས་ཆེན་པོ་ལྡན་པ་དང་། ལས་ཀ་བྱ་གཞི་ཆེན་པོ་ཡོད་ཅེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་གིས། ལོ་རྒྱུས་དང་དོན་དངོས་ལས་ཞིང་ལས་ནི་རྒྱལ་ཁབ་ཀྱི་རྩ་བ་དང་། རྩ་བ་བརྟན་ན་རྒྱལ་ཁབ་བདེ་ལ་འགོད་ཐུབ་པ་ང་ཚོར་བསྟན་ཡོད། ང་ཚོས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོའི་ཐོག་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ལ་བལྟ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཞིང་གསུམ་གྱི་གནད་དོན་ལ་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས་བཅས་ལ་ཤེས་རྟོགས་སྔར་ལས་ལྷག་པ་བྱེད་ཐུབ། ང་ཚོས་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས་པར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་ལས་འགན་དཀའ་ཚེགས་ཆེ་ཤོས་ནི་སྔར་བཞིན་གྲོང་གསེབ་ཏུ་ཡིན་པ་དང་། ཆེས་རྒྱ་ཆེ་ལ་གཏིང་ཟབ་པའི་རྨང་གཞི་ཡང་སྔར་བཞིན་གྲོང་གསེབ་ཏུ་ཡོད་ཅེས་བསྟན་ཡོད་པ་རེད།  
       ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་རྗེས། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། དེ་ནི་ཞིང་གསུམ་ལས་དོན་གྱི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། ལས་དོན་ལ་སྟོང་ཆ་མི་འཇོག་པ་དང་སྲིད་ཇུས་ལ་སྟོང་ཆ་མི་འཇོག་པ་བྱེད་དགོས། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། དབུལ་པོར་གྱུར་སླ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་ནས། ཡོང་འབབ་ཀྱི་ཆུ་ཚད་འགྱུར་ལྡོག་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་སྲ་བརྟན་དུ་གཏོང་རྒྱུའི་སྐོར་ལ་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། མུ་མཐུད་ནས་གནད་སྨིན་སྲིད་ཇུས་ལག་བསྟར་བྱ་དགོས། དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་རོགས་སྐྱོར་མུ་མཐུད་བྱས་ནས་ལག་རྩལ་དང་། སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་གསབ་པ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ དང་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་དོ་དམ་ཡག་པོ་བཅས་བྱས་ནས། གནས་སྤོས་མང་ཚོགས་སྡོད་རྒྱུ་བརྟན་པོ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གིས། དབུལ་སྒྲོལ་འགག་གཏོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་རྗེས། དབུལ་སྒྲོལ་ཐུབ་པའི་རྫོང་ལ་དབུལ་སྒྲོལ་ཐུབ་པའི་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་མཚམས་བཟོ་རྒྱུའི་གཏན་འབེབས་མཛད་ཡོད། བར་བརྒལ་དུས་མཚམས་དེའི་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རིམ་པ་བཞིན་རིགས་དབྱེ་ལེགས་སྒྱུར་ལེགས་སྒྲིག་བྱེད་པ། ལེགས་སྒྲིག་གི་གོམ་སྟབས་དང་། ཤུགས་ཚད། དུས་བཀག་བཅས་སྟངས་འཛིན་ལུགས་མཐུན་བྱས་ཏེ། ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་གཏོར་ལ་རྒྱབ་སྐྱོར་བྱེད་པ་ནས་གྲོང་གསེབ་དར་རྒྱས་དང་བརྟན་པོའི་ངང་བར་བརྒལ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།  
       ཞི་ཅིན་ཕིང་གིས། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོ་བཟུང་ནས། འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་ལོ་རེ་བཞིན་དམ་འཛིན་བྱེད་དགོས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་འབབ་རིམ་བཞིན་འཕར་བར་ཤུགས་སྣོན་རྒྱག་པ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་ཏེ། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་ཚད་མཐོ་ཞིང་བརྟན་པོ་ཡོང་བ་བྱ་དགོས། ས་ནག་ལ་སྲུང་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། ས་ནག་བེད་སྤྱོད་ཡག་པོ་དང་ས་རྒྱུ་མི་ཤོར་བ་བྱ་དགོས།  ཞིང་ལས་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཞིང་པའི་འབྲུ་རིགས་འདེབས་འཛུགས་ཀྱི་ཧུར་སེམས་སྐུལ་སློང་བྱེད་པ་དང་། འབྲུ་རིགས་འདེབས་འཛུགས་བྱེད་མཁན་ཞིང་པའི་ཁ་གསབ་བརྟན་པོ་དང་དེར་ཤུགས་སྣོན་རྒྱག་པ། གསོག་ཉར་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ། མ་མཐའི་ཉོ་སྒྲུབ་རིན་གོང་གི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མ་གནས་ཆ་ཚང་དང་ཡོང་འབབ་འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཁུར་ནས། ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱས་ཏེ། བཟའ་འབྲུའི་ཞིང་ཆེན་འགོ་འཛིན་ནས་འགན་འཁུར་དགོས་པ་དང་། ཧྲུའུ་ཅིས་ཀྱང་འགན་འཁུར་དགོས། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ས་བོན་ལེགས་གཏོང་དང་། སྤུས་ཚད་མཐོར་གཏོང་། སྤུས་རྟགས་གཏོད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས། ཕག་གསོའི་ཐོན་སྐྱེད་སླར་གསོ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ནས། ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཕྱི་རུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། བཟའ་བཏུང་འཕྲོ་བརླག་གཏོང་རིགས་རྒྱུན་འཁྱོངས་ལྷོད་མེད་ཐོག་ནས་བཀག་འགོག་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད། 
       ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་འཐབ་ཇུས་སྒོ་ཀུན་ནས་ལག་བསྟར་བྱེད་པའི་གཏིང་ཚད་དང་ཟབ་ཚད། དཀའ་ཚད་བཅས་དབུལ་སྒྲོལ་འགག་གཏོར་ལས་ཡང་བ་གཏན་ནས་མེད་པས་ངེས་པར་དུ་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་གྱིས་ནུས་ལྡན་གྱི་བྱ་ཐབས་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་དགོས། གཅིག་ནས། གྲོང་གསེབ་ཐོན་ལས་མགྱོགས་མྱུར་གོང་འཕེལ་གཏོང་དགོས་པ་དང་། ཐོན་ལས་གོང་འཕེལ་གྱི་ཆོད་ཉིད་དང་མཐུན་པ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། གྲོང་གསེབ་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་བཀོད་པ་ལེགས་སྒྲིག་བྱེད་པ། ཁེ་ཕན་མཉམ་འབྲེལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་པས་ཐོན་ལས་རིན་འཕར་གྱི་ཕན་པ་ལོངས་སྤྱོད་ཐུབ་པ་བྱེད་དགོས། གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།  གྲོང་གསེབ་ཀྱི་བསམ་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པ། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་ངན་པ་སྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡ་རབས་ཚུལ་ལྡན་གྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས། གྲོང་གསེབ་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། གཟེར་སྡེབ་སྙིང་སྟོབས་ཐོག་ནས་ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ཏེ། ས་རྒྱུའི་སྦགས་བཙོག་དང་ས་འོག་ཆུ་བོ་ཚད་ལས་བརྒལ་ནས་སྔོག་འདོན་བྱེད་པ། ས་ཆུ་ཤོར་བ་སོགས་བཅོས་སྒྲིག་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཞི་ནས། གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཐོན་ཁུངས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་སྐྲུན་ལ་བརྩི་འཇོག་བྱེད་པ་བཅས་བྱས་ནས་བསྒྱུར་བཅོས་ལ་རྒྱུན་ཆད་མེད་པར་འགག་གཏོར་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས། གྲོང་གསེབ་འཛུགས་སྐྲུན་ལས་འགུལ་ལག་བསྟར་བྱེད་དགོས་པ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་མུ་མཐུད་གྲོང་གསེབ་ཏུ་འཇོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དོ་སྙོམ་ཡོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀུན་ཕན་རང་བཞིན་དང་མཐིལ་རྟོགས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས། གྲོང་གསེབ་ཀྱི་གྲོང་མིའི་ཁོར་ཡུག་བཅོས་སྒྲིག་གི་མཐོར་གཏོང་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་དང་། གཙོ་གནད་ཐོག་གསང་སྤྱོད་བསྒྱུར་བཅོས་དང་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་དགོས། གྲོང་ཚོའི་བཀོད་པ་དང་རིགས་དབྱེ་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ་དང་། སྲོལ་རྒྱུན་གྱི་གྲོང་ཚོ་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱས་ནས་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དྲུག་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བར་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་བཙུགས་ཏེ་ཞིང་ལས་སྤོ་འགྱུར་མི་སྣ་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། རྫོང་གྲོང་ཉིད་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བའི་འཇུག་སྒོར་བརྩིས་ཏེ་རྫོང་རིམ་པར་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་བྱེད་པའི་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་དགོས་པ་དང་རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་དགོས། བདུན་ནས། གྲོང་གསེབ་ཀྱི་བཅོས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་གསེབ་བཅོས་སྒྲིག་མ་ལག་འཛུགས་མགྱོགས་སུ་གཏོང་བ། དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་གསེབ་བཅོས་སྒྲིག་བྱེད་པའི་བྱ་ཐབས་གསར་གཏོད་བྱེད་པ། གྲོང་གསེབ་བཅོས་སྒྲིག་མཁས་པོ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་གིས། ཏང་གིས་ཞིང་གསུམ་ལས་དོན་ལ་སྒོ་ཀུན་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ཞིང་ལས་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་བའི་བྱེད་ཕྱོགས་དོན་འཁྱོལ་དང་།  ནུས་ཤུགས་དེ་བས་ཆེ་བའི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཨུད་ཧྲུའུ་ཅིས་སེམས་ནུས་གཙོ་བོ་ཞིང་གསུམ་ལས་དོན་ཐད་འཇོག་དགོས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ་ཡག་པོ་ཞིག་བྱེད་དགོས། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་མཉམ་སྡེབ་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་ལྷག་པར་དུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། གཞི་རིམ་ལ་དམ་འཛིན་དང་། གཞི་རིམ་སྟོབས་ཆེར་གཏོང་བ། གཞི་རྩ་བརྟན་དུ་གཏོང་བ་བཅས་ཀྱི་ལས་ཀའི་ཁྲིད་ཕྱོགས་འབུར་དུ་ཐོན་པ་དང་། རིགས་ཁག་གི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་ལྷུང་བྱ་རྒྱུར་སྐུལ་འདེད་བཏང་ཏེ་གཞི་རིམ་ལས་བྱེད་པས་ལས་དོན་བསྒྲུབ་རྒྱུར་མཐུན་རྐྱེན་བཟང་པོ་སྐྲུན་དགོས། ཆབ་སྲིད་ལ་མཁས་པ་དང་འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་དཔུང་ཁག་གཅིག་འཛུགས་སྐྱོང་དང་། ཕུལ་བྱུང་ལས་བྱེད་པ་ཁག་ཅིག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་མངགས་གཏོང་བྱས་ནས་གྲོང་གསེབ་དར་རྒྱས་ཉིད་ལས་བྱེད་པ་གསོ་སྐྱོང་བྱེད་པའི་རྒྱ་ཆེའི་གར་སྟེགས་ཤིག་ཏུ་འགྱུར་བ་བྱེད་དགོས། རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུར་ཡིད་འགུག་བྱེད་དགོས་པ་དང་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
       ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་ཞིང་ལས་གྲོང་གསེབ་གོང་འཕེལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནས་བབ་ཧྲིལ་པོར་གཞིགས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་སྐུལ་འདེད་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་སུ་གཏོང་བའི་གལ་ཆེའི་དོན་སྙིང་དང་། མཛུབ་ཁྲིད་དགོངས་པ། སྤྱིའི་བླང་བྱ་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གྱི་དུས་མཚམས་གསར་པར་ཞིང་གསུམ་ལས་དོན་ལེགས་པོ་སྒྲུབ་པའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་དོན་དངོས་གནད་དོན་ལ་ལན་བསྐྱོན་ཡོད། དེས་སྔར་བས་བསམ་བློ་གཅིག་འགྱུར་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དང་། དུས་རབས་གསར་པའི་ཞིང་གསུམ་ལས་དོན་ལེགས་པོ་སྒྲུབ་རྒྱུར་གལ་ཆེའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུར་གཞིགས་པ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་བ། སང་ལོ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་མཚམས་ཀྱི་ཞིང་གསུམ་ལས་དོན་ལེགས་པོ་སྒྲུབ་པ་བཅས་ཀྱིས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ལེགས་པོ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གོང་འཕེལ་གྱི་དུས་མཚམས་གསར་པའི་ཞིང་གསུམ་ལས་དོན་ལེགས་པོ་སྒྲུབ་པའི་བྱ་སྤྱོད་རྩ་གནད་དང་རྩ་བའི་གཞི་འཛིན་ས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་དམ་འཛིན་བྱེད་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པ། འབྲུ་རིགས་དང་གལ་ཆེའི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་ལ་དམ་འཛིན་ལེགས་པོ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་མྱུར་པོ་གཏོང་བ། དེང་རབས་ཞིང་ལས་གོང་འཕེལ་གྱི་རྨང་གཞིའི་འདེགས་སྐྱོར་བརྟན་དུ་གཏོང་བ། སོན་འདེབས་བསྒྱུར་བཅོས་ཀྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། ཕྱོགས་ཡོངས་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྤེལ་བ། རྫོང་ཁོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། རྩ་འཛུགས་འགོ་ཁྲིད་སྟོབས་ཆེར་གཏོང་བ་བཅས་ཀྱིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ལེགས་པོ་འཛུགས་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།
       གྲོས་ཚོགས་ཐོག ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གྲོས་བསྡུར་མ་ཟིན་ལ་གྲོས་ཞིབ་གནང་ཡོད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་འགའ་ཤས་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད།
       ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་དོ་དམ་གནང་མཁན་གྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྱི་གྲོས་ཚོགས་རྣམ་པའི་ཐོག་ནས་སྐོང་འཚོགས་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1