༄༅།།རི་དྭགས་གླ་བ།

རྩོ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 12-31


   གླ་བ་ནི་གཙོར་མདོ་དབུས་མཐོ་སྒང་ན་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་སྟེ། གླ་བའི་སྤུའི་ཁ་དོག་ནི་ཁམ་ནག་གམ་ཁམ་སེར་ཡིན་ལ་དེའི་སྟེང་ན་སེར་ཞད་འདྲེས་པའི་ཐིག་ལེ4ནས་ཐིག་ལེ6ཉིས་གཤར་བྱས་ནས་བསྟར་འདུག ཕོ་གླར་ཕྱིར་མངོན་པའི་མཆེ་བ་སྐྱེས་ཡོད་པ་དང་གསུས་ཁུགས་ན་གླ་རྩི་ཡོད།   གླ་བ་དར་མ་ཞིག་གི་ལུས་ཀྱི་རིང་ཚད་ལ་ལི་སྨི90དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ15 གཟུགས་ཀྱི་མཐོ་ཚད་ལ་ལི་སྨི50ནས་ལི་སྨི60བཅས་ཡོད། གླ་མཆུ་ཕྲ་ཞིང་གླ་མགོ་འཇོང་ནར་ཡིན། ཕོ་གླར་ཕྱིར་མངོན་པའི་མཆེ་བ་སྐྱེས་ཡོད་པ་དང་། གླ་རྔ་སྦོམ་ཞིང་ཐུང་ལ་རྔ་རྩེ་ན་གླ་སྤུ་ཐར་ཐོར་སྐྱེས་ཤིང་། གསུས་ཁུགས་ན་གླ་རྩི་ཡོད་ལ། གླ་རྩིའི་རྩི་ཁུང་ལས་དྲི་ཞིམ་འཐུལ་ཏེ་མོ་གླ་འགུགས་པ་ཡིན། ཕོ་གླ་མོ་གླ་གང་ཡིན་ཡང་མགོ་ན་རྭ་མེད། གླ་སྤུའི་ཁ་དོག་ནི་ཁམ་ནག་གམ་ཁམ་སེར་ཡིན། རྒྱབ་ན་ཁམ་དམར་ཡིན་པའི་གླ་སྤུ་ཚོམ་བུ་ཞིག་ཡོད་ལ། དེའི་སྟེང་ན་སེར་ཞད་འདྲེས་པའི་ཐིག་ལེ4ནས་ཐིག་ལེ6ཉིས་གཤར་བྱས་ནས་བསྟར་འདུག  སྐེ་ངོས་ཀྱི་སྐྱ་ཐིག་ནི་དེ་འདྲའི་གསལ་བོ་ཞིག་མིན།  བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་བོད་ཁུལ་ན་གནས་འདུག གཞན་ཉིང་ཞ་ས་ཆ་དང་ཧུའུ་ནན་ས་ཆ་ན་ཡང་ཉུང་ཤས་ཙམ་ཡོད།   གླ་བ་གནས་ས་ནི་མཚོ་ངོས་མཐོ་ཚད་ནས་སྨི3300ནས་སྨི5200ཡི་བར་ཡིན་ལ། དུས་རྒྱུན་དུ་ནགས་མཐོའི་ཡན་ཆད་ཀྱི་སུ་རུ་དང་གླང་མ། སྤེན་མ་བཅས་ཀྱི་གསེང་ན་བསྡད་ཡོད། འཁྲིག་པ་སྤྱོད་པའི་དུས་སྐབས་མ་གཏོགས་ཕོ་གླ་དང་མོ་གླ་ནི་རང་རང་གི་ས་ན་ཁེར་རྐྱང་དུ་སྡོད་པ་ཡིན།  གླ་བ་ནི་ནངས་དགོང་ལ་རྩྭ་ཟ་རུ་འགྲོ་བ་དང་ཉིན་དཀར་དྲོ་ས་ཞིག་ཏུ་སྦས་སྐུང་བྱས་ནས་སྡོད་པ་ཡིན། གླ་བ་ལ་གླ་ཚང་གཙོ་བོ་ཞིག་དང་གནས་སྐབས་ཀྱི་གླ་ཚང་རེ་ཡོད། གླ་ཚང་གཙོ་བོ་ནི་བརྟན་ཆགས་ཡིན་པས། ཚང་མཐའ་ན་རིལ་མ་མོད་པོ་སྤུངས་འདུག གནས་སྐབས་ཀྱི་གླ་ཚང་ནི་སྟབས་བདེ་ཞིག་ཡིན་ལ་འགྱུར་ལྡོག་ཀྱང་ཧ་ཅང་ཆེ། གླ་བ་ཡི་ཁ་ཟས་གཙོ་བོ་ནི་ནགས་རྩྭ་དང་ཤིང་ཕྲན་གྱི་སྣེ་ལོ་ཡིན་ལ། སྔོ་དྲེག་གི་རྩི་ཤིང་ཡང་ཟ་བ་ཡིན། ཕོ་གླ་ལ་གཏན་ཁེལ་ཡིན་པའི་ཤིང་སྡོང་སྟེང་དུ་འཕོང་ཚོས་འཕྲུག་ས་ཟད་འདུག་པས་ན།  མི་རྣམས་ཀྱིས་དེར་འཕྲུག་ཤིང་ཟེར་བ་ཡིན། གླ་བ་ལ་གཏན་ཁེལ་ཡིན་པའི་འཕྲུག་ཤིང་དང་གཏན་ཁེལ་ཡིན་པའི་གླ་ཚང་། གཏན་ཁེལ་ཡིན་པའི་ཆུ་འཐུང་ས། གཏན་ཁེལ་ཡིན་པའི་རྩྭ་ཟ་ས། གཏན་ཁེལ་ཡིན་པའི་རྒྱུ་ལམ་སོགས་ཡོད།    གླ་རྩི་ནི་སྨན་སྣ་དཀོན་པོ་ཞིག་ཡིན་པར་མ་ཟད། བཟོ་ལས་ཐད་ཀྱི་ཞིམ་རྫས་གལ་ཆེན་ཞིག་ཀྱང་ཡིན། གླ་རྩི་སྨན་སྣར་བཀོལ་བ་དང་ཞིམ་རྫས་སུ་བཀོལ་བ་ནི་རང་རྒྱལ་ནས་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད། མིང་རྒྱལ་རབས་ཀྱི་སྔོ་སྨན་རྩ་འགྲེལ་ཞེས་པའི་རྩྭ་སྨན་དཔེ་ཆའི་ནང་གླ་རྩི་ཞིམ་རྫས་ཀྱི་མགོར་བཞུགས་པ་དང་སྨན་སྣ་རྩ་ཆེན་ཞིག་ཡིན་ཞེས་བྲིས་འདུག ཡང་བོད་སྨན་རྒྱུད་བཞིའི་དཔེ་ཆའི་ནང་གླ་རྩིའི་དུག་སྲིན་མཁལ་མཆིན་གཉན་ནད་སེལ་ཞེས་བྲིས་འདུག    གླ་བ་ནི་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། གླ་རྩི་ནི་སྨན་སྣ་དཀོན་པོ་ཞིག་ཡིན་པར་མ་ཟད། བཟོ་ལས་ཐད་ཀྱི་ཞིམ་རྫས་གལ་ཆེན་ཞིག་ཀྱང་ཡིན། བོད་མི་རིགས་ནི་གནའ་སྔ་མོ་ནས་རི་དྭགས་གླ་བ་དང་ཧ་ཅང་འདྲིས་ཡོད་པར་བརྟེན། རི་དྭགས་གླ་བ་ནི་དམངས་ཁྲོད་རྩོམ་རིག་དང་འབྲལ་ཐབས་མེད་པའི་བརྗོད་བྱ་ཞིག་ཏུ་གྱུར་ཡོད། དཔེར་ན་ན་ཆུང་བྱིས་པ་ཚོའི་བྱིས་གླུ་རུའང་གླ་བའི་གཟུགས་གཞིའི་ཁྱད་ཆོས་གླེང་ཚེ། “ཐེ་ཐེ་ཉིན་ལ་ཐེ། ཐེ་ཐེ་སྲིབ་ལ་ཐེ། སྤུ་མགོ་དཀར་བོ་སུག་ལ་ཐེ། སྤུ་ཐུང་ནག་པོ་ནོར་ལ་ཐེ། གླ་མཆེ་དཀར་བོ་དུང་ལ་ཐེ། གླ་སུག་ཕྲ་མོ་དགོ་ལ་ཐེ། གླ་ལྤགས་དཀར་བོ་གོས་ལ་ཐེ། གླ་རྩི་དྲི་ཆེན་སྨན་ལ་ཐེ། གླ་མགོ་འཇོང་ནར་ཁྱི་ལ་ཐེ”ཞེས“ཐེ་ལ་ཐེ་དགུ”བཤད་སྲོལ་ཡོད་པས། ང་ཚོས་རི་དྭགས་གླ་བ་སྲུང་སྐྱོབ་བྱེད་པ་ནི་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་བྱེད་པ་དང་ཁྱད་པར་མེད་དོ།།   དུས་རབས20བའི་ལོ་རབས60ཡི་ནང་དུ་མདོ་དབུས་མཐོ་སྒང་ན་གླ་བ་ཁྲི100ཡས་མས་ཡོད། ད་ལྟ་གླ་བ་ཁྲི20ཡས་མས་ལས་མེད། རྒྱལ་ནང་གི་སྤྱིའི་གླ་བའི་ཁ་གྲངས་ཡང་ལོ་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་གླ་བ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།  གནའ་དེང་གཉིས་ཀར་འཛམ་གླིང་ན་གྲགས་སྐད་ཤིན་ཏུ་ཆེ་བའི་གླ་རྩི་ནི་མདོ་དབུས་མཐོ་སྒང་གི་གླ་བ་ལས་ཐོན་པ་ཞིག་ཡིན། མི་རྣམས་ཀྱིས་གླ་བ་བསད་དེ་གླ་རྩི་དངུལ་ལ་བརྗེ་བའི་གནས་ཚུལ་འདི་སྔོན་འགོག་མ་བྱས་ན། མི་རབས་གཉིས་གསུམ་ཙམ་འགོར་རྗེས་གླ་བ་དང་གླ་རྩི་ནི་མིང་གི་ལྷག་མ་ཙམ་དུ་འགྱུར་སྲིད། དེར་བརྟེན། ང་ཚོས་ཆུང་དུས་ནས་གླ་བ་ལྟ་བུའི་རི་སྐྱེས་སྲོག་ཆགས་དཀོན་པོ་དག་སྲུང་སྐྱོབ་བྱས་ཏེ། མི་དང་སྲོག་ཆགས་རྣམས་འཆམ་མཐུན་མཉམ་གནས་ཡིན་པའི་རང་བྱུང་ཁོར་ཡུག་ཅིག་བསྐྲུན་དགོས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1