ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཨ་མེ་རི་ཁར་འགོག་སྲུང་མ་ལག་ཆ་ཚང་གཉིས་རྩིས་སྤྲོད་བྱས།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་རྒྱལ་སྲུང་པུའུ་རྒྱལ་སྲུང་ཞིབ་འཇུག་འཕེལ་རྒྱས་ཅུའུ་ཡིས་གཟའ་འཁོར་འདིའི་མཇུག་གི་བར་ཨ་མེ་རི་ཁའི་དམག་དཔུང་ལ་འགོག་སྲུང་མ་ལག་ཆ་ཚང་ཞིག་རྩིས་སྤྲོད་བྱས་པ་དང་། འགོག་སྲུང་མ་ལག་ཆ་ཚང་གཞན་ཞིག་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བར་རྩིས་སྤྲོད་བྱས།
དབྱི་སི་རལ་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀན་ཚི་ཡིས་གསལ་སྒྲོག་ནང་བསྟན་དོན། འགོག་སྲུང་མ་ལག་རྩིས་སྤྲོད་བྱས་པ་ལས་དབྱི་སི་རལ་རྒྱལ་སྲུང་པུའུ་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་བར་མཛའ་བརྩེ་ཟབ་མོ་མངོན་ཡོད་ཟེར། །