རྒྱལ་ཁབ་ཀྱིས་ལོ་10ནང་བོད་ལྗོངས་ཀྱི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སྐུལ་འདེད་གཏོང་བར་སྒོར་དུང་ཕྱུར་1600བཏང་བ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04



   བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གཞི་གྲངས་ལས་མངོན་གསལ། རྒྱལ་ཁབ་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་ལས་2019ལོར་བོད་ལྗོངས་སུ་བཏང་བའི་འགྲོ་སོང་ནི་སྒོར་དུང་ཕྱུར་283.76ཟིན་ཞིང་། དེ་ནི་2010ལོ་ལས་ལྡབ་གཉིས་མང་དུ་ཕྱིན་ཡོད་པ་རེད། ལོ་10ཡི་ནང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1656.89བཏང་ཡོད། ལོ་རེར་ཆ་སྙོམས་བྱས་ན་17.96%འཕར་ཡོད།

   དངུལ་འཇོག་གྲངས་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བར་བརྟེན་བོད་ལྗོངས་ཀྱི་རིམ་པ་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་དེ། དེའི་ནང་སློབ་གསོ་ཆ་འཕྲིན་ཅན་དུ་འཕེལ་རྒྱས་བྱུང་ཚུལ་དེ་བས་མངོན་གསལ་དོད་དུ་ཕྱིན་ཞིང་། མིག་སྔར་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ཚུད་པའི་ཆ་འཕྲིན་ཅན་གྱི་གཞི་རྩའི་སྒྲོམ་གཞི་རགས་ཙམ་ཆགས་ཡོད་པ་རེད། 2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བརྒྱུད་ལམ་སྣེ་མང་སློབ་ཁང་9484ཡོད་པ་དང་ཁྱབ་ཚད་73%ཟིན་པ་དང་། རྩིས་འཁོར་སློབ་ཁང་789ཡོད་པ་དང་ཁྱབ་ཚད་84%ཟིན་པ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་རྩིས་འཁོར་ཡོད་ཚད་100%ཟིན་པ་དང་སློབ་མ་བརྒྱ་རེར་ཆ་འཕྲིན་ཅན་གྱི་མཐའ་སྣེའི་གྲངས་འབོར་8.22ཡོད་པས་རྒྱལ་ཡོངས་ཀྱི་འབྲིང་རིམ་ཆུ་ཚད་དུ་སླེབས་ཡོད་པ་རེད།


   གཞི་གྲངས་ལས་མངོན་གསལ། བོད་ལྗོངས་ཀྱི་རིམ་པ་ཁག་གི་སློབ་གྲྭ་རིགས་ཁག་2995ཡོད་ཅིང་། སློབ་གྲྭ་འགྲོ་བའི་སློབ་མ་ཁྲི་84ལྷག་ཙམ་ཡོད། སློབ་ཞུགས་གོང་གི་སློབ་གསོའི་སློབ་ཞུགས་རགས་ཚད་དང་། སློབ་ཆུང་གི་སློབ་མའི་སློབ་ཞུགས་དངོས་ཚད། དམའ་རིམ་སློབ་འབྲིང་གི་དུས་རིམ་དང་མཐོ་རིམ་སློབ་འབྲིང་གི་དུས་རིམ། མཐོ་རིམ་སློབ་གསོ་བཅས་ཀྱི་སློབ་ཞུགས་རགས་ཚད་སོ་སོར་84.42%དང་། 99.71%  102.88%  86.62%  47.65%ཟིན་པ་དེ་ཁག་དབྱེ་ན་2012ལོ་ལས་39.22%དང་། 0.31%  4.28%  16.42%  20.25%མཐོ་རུ་ཕྱིན་པ་དང་། ངལ་རྩོལ་ན་ལོན་མི་འབོར་གཙོ་བོའི་སློབ་གསོ་མྱོང་བའི་ལོ་ཚད་9.8%ཟིན་ཡོད་པ་རེད།


   གྲངས་ཚད་མཐོ་རུ་ཕྱིན་པ་དེས་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ལོ་རེ་བཞིན་ལེགས་སུ་ཕྱིན་པ་མཚོན་པ་མ་ཟད། བོད་ལྗོངས་ཀྱི་སློབ་གསོའི་སྲིད་ཇུས་དམིགས་བསལ་ཅན་དང་ཡང་འབྲེལ་བ་དམ་པོ་ཡོད་པ་སྟེ། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་ཁྱབ་པ་བྱས་པས་ཞིང་འབྲོག་པའི་སློབ་གསོའི་ཁུར་པོ་ཡང་དུ་བཏང་ཡོད།


   གཞན་ཡང་། བོད་ལྗོངས་ཀྱིས་ད་དུང་སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞུང་གཉེར་དམངས་གཉེར་སློབ་གྲྭ་ཁྱོན་ཡོངས་ལ་ཁྱབ་པ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སྲིད་ཇུས་མ་ལག་བཙུགས་ནས། སྔ་རྗེས་སུ་སློབ་མའི་རོགས་སྐྱོར་སྲིད་ཇུས་ཁག་40བཏོན་ནས་ལག་བསྟར་བྱས་པས། “སློབ་མ་གཅིག་ཀྱང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མཚམས་མི་ཆད་པ”ཡི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།(http://tibet.people.com.cn/15834201.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1