རྩོམ་ཡིག་མཐོ་རྒྱུགས་ཆབ་སྲིད་ཀྱི་དབྱེ་ཞིབ་རྒྱུགས་གཞིའི་དྲི་བར་ལན་འདེབས་ཐབས་མཇུག་ཏུ་བལྟ་རོགས།
རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མ་འོངས་པར་གནད་འགག་གི་ནུས་པ་ག་འདྲ་དགོས་པའི་ཐད་དུ་བཏོན་པའི་ལྟ་བ།གཅིག ཡོ་རོབ་མནའ་འབྲེལ་གྱིས་གནད་འགག་གི་ནུས་པ་ཐད་དུ་བཏོན་པའི་བཞེད་པ།
2006ལོར་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་དང་ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་མི་ཚེ་གང་བོར་གནད་འགག་གི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དང་འབྲེལ་བའི་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་། གྲོས་གཞི་དེའི་ནང་དུ་ཁོངས་ཞུགས་རྒྱལ་ཁབ་དག་གིས“མི་ཚང་མས་གནད་འགག་གི་ནུས་པ་སྐྱེད་སྲིང་བྱེད་པའི་ཆོད་དོན་དེ། ཚེ་གང་བོར་སློབ་སྦྱོང་བྱེད་པའི་ཐབས་ཇུས་ཀྱི་ཆ་ཤས་ཤིག་ཡིན་པར་གཏན་འབེབས”བྱེད་དགོས་པའི་བླང་བྱ་བཏོན། སློབ་སྦྱོང་བྱེད་མཁན་ལ་ལག་རྩལ་གསར་པའི་འགྱུར་ལྡོག་དེ་འཕྲོད་ཆེད། 2018ལོའི་ཟླ5པའི་ཚེས22ཉིན་ཡོ་རོབ་མནའ་འབྲེལ་གྱིས་ཡང་བསྐྱར“མི་ཚེ་གང་བོར་གནད་འགག་གི་ནུས་པར་སློབ་སྦྱོང་བྱེད་པའི་གྲོས་གཞི”ཁྱབ་བསྒྲགས་བྱས། 2018ལོར་ཡོ་རོབ་མནའ་འབྲེལ་གྱིས་ཁོངས་ཞུགས་རྒྱལ་ཁབ་ལ་དོན་ཚན་བརྒྱད་ཀྱི་བྱེ་བྲག་གི་གྲོས་གཞི་བཏོན་ཏེ། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་དག་གིས་མི་རྣམས་ལ་གནད་འགག་གི་ནུས་པ་གསར་སྤེལ་བྱེད་པའི་གོ་སྐབས་ཡོད་པར་ཁག་ཐེག་དང་།གནད་འགག་གི་ནུས་པ་གསར་སྤེལ་བྱེད་པ་ནི“རྒྱལ་ཁབ་ཀྱི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་ཐབས་ཇུས་ཀྱི་ཁག་ཅིག་ཡིན”པར་བྱེད་པ་དང་། ཐ་ན“བྱིས་པའི་དུས་ནས་ཚེ་མཇུག་བར་དུ་རང་ཉིད་ཀྱི་གནད་འགག་གི་ནུས་པ་སྐྱེད་སྲིང་བྱེད་རྒྱུར་རྒྱུན་སྐྱོང་དང་ཤུགས་སྣོན་བྱེད་དགོས”པའི་འབོད་སྐུལ་བཏང་། གྲོས་གཞི་ལས་གནད་འགག་གི་ནུས་པའི་གོ་དོན་གཏན་འབེབས་བྱས་ཡོད་ཅིང་། དེའི་ནང་དུ“རྩ་བའི་རྩལ་ནུས།(ཡི་གེ་ཤེས་པ། རྩིས་རྒྱག་པ་དང་གཞི་རྩའི་གྲངས་ཀྱི་རྩལ་ནུས)མི་སྒེར། སྤྱི་ཚོགས་དང་སློབ་སྦྱོང་གི་ནུས་པ”“ཚན་རིགལག་རྩལ། བཟོ་བཀོད་དང་གྲངས་རིག་ཕྱོགས་ཀྱི་ནུས་པ(STEM)”སོགས་འདུས་སོ། །
གཉིས། ཡ་ཐེ་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ལས་ཞུགས་ཀྱི་ནུས་པ་ཡིན་པར་བཞེད།
ཡ་ཐེ་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས(APEC)ནི་ཡ་ཐེ་ས་ཁུལ་གྱི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་ཞིག་ཡིན། དེའི་མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་དམིགས་འབེན་ནི་མི་དམངས་ཡོངས་ཀྱི་ཁེ་ཕན་ལ་སྐུལ་འདེད་བྱས་ཏེ། ཡ་ཐེ་ས་ཁུལ་གྱི་རྒྱུན་མཐུད་དང་ཁོང་ཡངས་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་འབྱུང་རྒྱུ་དེའོ། །《APECསློབ་གསོའི་འཐབ་ཇུས(2016-2030)》ལས་དམིགས་འབེན་ཆེན་པོ་གསུམ་བཏོན་ཡོད། དེའི་ནང་དུ“མི་སྒེར་དང་སྤྱི་ཚོགས། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བསྟུན་ནས་སྤྱི་དམངས་ཀྱི་ནུས་པ་གོང་དུ་སྤེལ་བ”“གསར་སྐྲུན་ཇེ་མགྱོགས་སུ་གཏོང་བ”“ལས་ཞུགས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ”བཅས་འདུས།“ལས་ཞུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བའི”དམིགས་འབེན་མངོན་འགྱུར་ཡོང་ཆེད། APECཡིས“ལས་ཞུགས་དང་བྱེད་སྒོ་གསར་སྤེལ་བྱེད་པ་ནི་ཁྲིད་སྟོན་དུ་བཟུང་ནས་དུས་རབས21པའི་རྩལ་ནུས་སྐྱེད་སྲིང”བྱེད་དགོས་པར་བཏོན།
གསུམ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་མིའི་རིགས་ཀྱི་རྩལ་ནུས་ཡིན་པར་བཞེད།
ཆེས་མྱུར་བའི་སྤོ་འགུལ་སྦྲེལ་དྲ་དང་མིས་བཟོས་རིག་སྟོབས། གཞི་གྲངས་ཆེན་པོ། ད་དུང་སྤྲིན་ལག་རྩལ་བཅས་ལག་རྩལ་ཆེན་པོ་བཞིས2018-2022ལོའི་བར་དུ་གཙོ་ཁྲིད་ཀྱི་གོ་གནས་འཛིན་ངེས་པ་ཡིན། ལག་རྩལ་གསར་པ་སྤྱད་པས་མི་དང་འཕྲུལ་ཆས་གཉིས་བར་གྱི་ལས་བགོས་ལ་འགྱུར་བ་བཏང་བར་མ་ཟད། ད་དུང་ལས་གནས་སུ་ཡོད་པའི་ལས་བཟོ་པར་རྩལ་ནུས་ཀྱི་བླང་བྱ་གསར་པ་བཏོན།འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས། 2022ལོར་སླེབས་ན། ལས་བཟོ་པ་མང་ཆེ་ཤོས་ཀྱིས་གཞི་རྒྱ་ཆེན་པོའི་སྒོ་ནས་རྩལ་ནུས་གསར་སྒྱུར་རམ་ཡང་ན་མཐོར་འདེགས་གཏོང་དགོས། གསོ་སྐྱོང་སྦྱོང་བརྡར་བྱེད་པའི་དུས་ཡུན་ནི་ལོ་ཕྱེད་ཙམ་དང་ཡང་ན་ལོ་གཅིག་གམ་ལོ་གཅིག་གི་ཡན་ཆད་དགོས། 2022ལོར་སླེབས་ན། ལག་རྩལ་འཆར་འགོད་དང་སྒྲིག་སྦྱོར་སོགས་འདུས་པའི་ལག་རྩལ་ནུས་པ་གསར་སྒྱུར་བྱེད་པ་ནི་ཕྱོགས་གཅིག་ཁོ་ན་ཡིན། རྒྱུ་མཚན་ནི“མིའི་རིགས་ཀྱི་རྩལ་ནུས”ཀྱི་ཆུ་ཚད་མཐོར་འདེགས་གཏོང་བའི་དགོས་མཁོ་ལ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཤུགས་སྣོན་པའི་འཕེལ་ཕྱོགས་མངོན་པ་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་གླེང་བའི“མིའི་རིགས་ཀྱི་རྩལ་ནུས”ཞེས་པ་དེའི་ནང་དུ་གསར་སྐྲུན་གྱི་ནུས་པ་དང་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན། རང་འགུལ་གྱི་རང་བཞིན། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག གོ་སྐོན་བློ་འགུག་གི་ནུས་པ་དང་གྲོས་མོལ་སོགས་ཀྱི་ནང་དོན་འདུས་ཤིང་། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས། མི་རྣམས་ཀྱི“མིའི་རིགས་ཀྱི་རྩལ་ནུས”ཀྱིས་ཞིབ་ཕྲ་དང་། འཕྲོད་པའི་རང་བཞིན། བབ་བསྟུན་གྱི་རང་བཞིན། གནད་དོན་རྙོག་དྲ་ཐག་གཅོད་པ་སོགས་ཀྱི་ཕྱོགས་ལ་སྔར་ལས་ལྷག་པར་དོ་ཁུར་བྱེད་དགོས་པར་བླང་བྱ་བཏོན་ཡོད།
བཞི། འཛམ་གླིང་དངུལ་ཁང་གིས་རྩལ་ནུས་རིགས་གསུམ་ཡིན་པར་བཞེད།
འཛམ་གླིང་དངུལ་ཁང་ཚོགས་ཁག་གིས་ཁྱབ་བསྒྲགས་བྱས་པའི2019ལོའི་འཛམ་གླིང་འཕེལ་རྒྱས་སྙན་ཞུ《བྱ་བའི་ངོ་བོའི་བསྒྱུར་བཅོས》ཞེས་པའི་གླེང་གཞིའི་ཁྲོད་དུ།“ལག་རྩལ་གྱིས་བྱ་བར་མཁོ་བའི་ནུས་རྩལ་བསྐྱར་བཟོ་བྱེད་མུས་འདུག”ཅེས་བཏོན་ཡོད། རྒྱུ་མཚན་ནི“འཕྲུལ་ཆས་མིས་བསྐྱར་ཟློས་རང་བཞིན་གྱི་བྱ་བ་ཁྲི་སྟོང་མང་པོ་སྒྲུབ་བཞིན་ཡོད”ཅིང་། དེའི་མཇུག་འབྲས་ནི་རྩལ་ནུས་ཞན་པའི་བྱ་བ་མང་པོ་མེད་པར་བཟོ་ངེས་པ་དེ་ཡིན། སྙན་ཞུའི་ནང་དུ“དེང་སྐབས་ཀྱི་སློབ་ཆུང་སློབ་མ་མང་པོ་ནར་སོན་རྗེས་དེ་རིང་རྩ་བ་ནས་མེད་པའི་བྱ་བ་ཞིག་སྒྲུབ་ངེས་པ”ཤེས་དགོས་པའི་གསལ་འདེབས་བྱས་ཡོད། དེ་བས། འཛམ་གླིང་དངུལ་ཁང་གིས་མི་ཤུགས་མ་རྩས་འགྲན་སློང་བྱེད་སྐབས་ཀྱི་ནུས་པ་གལ་ཆེན་ལ་ནན་བཤད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཁྱད་པར་དུ“མི་ཤུགས་མ་རྩའི་རྨང་རྡོ་སྟེ་བདེ་ཐང་དང་སློབ་གསོ་ལ་གཏོང་དངུལ་འཇོག་པར”གྲོས་གཞི་བཏོན།རྩལ་ནུས་གསར་སྤེལ་ནི་མི་ཤུགས་མ་རྩས་མ་དངུལ་གཏོང་བའི་བྱེ་བྲག་གི་མངོན་ཚུལ་ཞིག་ཡིན། འཛམ་གླིང་དངུལ་ཁང་གིས། བྱ་བའི་དགོས་མཁོའི་དབང་གིས་མི་རྣམས་ལ་བྱེ་བྲག་གི་རྩལ་ནུས་དང་མཉེན་པའི་རྩལ་ནུས་གཉིས་ཡོད་པར་འདོད། འདིར་བྱེ་བྲག་གི་རྩལ་ནུས་ནང་དུ“ལག་རྩལ་ཤེས་བྱ་དང་། གནད་དོན་ཐག་གཅོད་ཀྱི་ནུས་པ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག”བཅས་འདུས་པར་མ་ཟད། མཉེན་པའི་རྩལ་ནུས་ནང་དུ“སེམས་ཤུགས་དང་མཉམ་སྒྲུབ”སོགས་ཚུད་ཡོད། ལྷག་པར་དུ་འཛམ་གླིང་དངུལ་ཁང་གིས་ངལ་རྩོལ་ཁྲོམ་རའི་ནང་དུ་གལ་ཆེན་རང་བཞིན་ཉིན་རེར་ཇེ་མང་དུ་འགྲོ་བའི་རྩལ་ནུས་རིགས་གསུམ་བཏོན་འདུག དེ་དག་རེ་རེ་བཞིན་བགྲངས་ན། རིམ་པ་མཐོ་བའི་ཤེས་རྟོགས་རྩལ་ནུས་དང་སྤྱི་ཚོགས་སྤྱོད་ལམ་གྱི་རྩལ་ནུས། ད་དུང་འཕྲོད་པའི་ནུས་པར་སྔོན་དཔག་བྱེད་ཐུབ་པའི་རྩལ་ནུས་སྡེབ་སྒྲིག་བཅས་ཡིན། དེ་བས། རྙོག་འཛིང་གི་གནད་དོན་ཐག་གཅོད་པའི་ནུས་པ་ནི་ཚད་མཐོན་པོའི་ཤེས་རྟོགས་རྩལ་ནུས་ཀྱི་ཁོངས་སུ་གཏོགས་པ་དང་། ཚོགས་པའི་བྱ་བའི་ནུས་པ་ནི་སྤྱི་ཚོགས་སྤྱོད་ལམ་རྩལ་ནུས་ཀྱི་ཁོངས་སུ་གཏོགས། རིགས་འདེད་ནུས་པ་དང་རང་བདག་རང་ཕན་གྱི་ནུས་པ་ནི་འཕྲོད་པའི་ནུས་པར་སྔོན་དཔག་བྱེད་ཐུབ་པའི་རྩལ་ནུས་སྡེབ་སྒྲིག་གི་ཁོངས་སུ་གཏོགས་པ་ཡིན་ནོ། །།
* རྟ་མགྲིན་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་གྲབས་ཚན་སློབ་གསོ་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
མཐོ་རྒྱུགས་ཆབ་སྲིད་ཀྱི་དབྱེ་ཞིབ་རྒྱུགས་གཞིའི་དྲི་བར་ལན་འདེབས་ཐབས།
[གནད་བཏུས] འདིར་གླེང་བྱ་གཙོ་བོ་ནི་མཐོ་རྒྱུགས་ཆབ་སྲིད་ཀྱི་དབྱེ་ཞིབ་རྒྱུགས་གཞིའི་དྲི་བར་ལན་འདེབས་པའི་གོ་རིམ་དང་ཐབས་ལམ། དྲིས་ལན་ཚད་ལྡན་ཅན་གྱི་བླང་བྱ། དྲི་བར་ལན་འདེབས་སྐབས་རྒྱུན་མཐོང་གི་སྐྱོན་ཆ་སེལ་དགོས་པའི་སྐོར་གྱི་ཤེས་བྱ་མདོ་ཙམ་ཡིན།
[གནད་ཚིག] མཐོ་རྒྱུགས། ཆབ་སྲིད། རྒྱུགས་གཞི། དབྱེ་ཞིབ།
གཅིག དྲི་བར་ལན་འདེབས་པའི་གོ་རིམ།
སྤྱིར་བཏང་དུ་བརྒྱུད་རིམ་གསུམ་གྱི་སྒོ་ནས་ལན་འདེབས་པ། སྔོན་ལ་འདྲི་གཞི་ལ་ཞིབ་བཤེར་དང་། དེ་ནས་བསམ་བློ་གཏོང་བ། དེ་རྗེས་ལན་འདེབས་པ།
(གཅིག)འདྲི་གཞི་ལ་ཞིབ་བཤེར་བྱས་ཏེ་ལན་འདེབས་པ།(གནད་འགག་ནི་འདྲི་གཞི་ལ་ཞིབ་བཤེར་བྱ་རྒྱུ)
དྲི་བ་ཀློག་པའི་སྐབས་སུ་བླང་བྱ་གང་ཡིན་བལྟ་ཡག་དང་གནད་འགག་འཛིན་རྒྱུ་གཙོ་བོ་ཡིན། ༡.རྒྱུགས་གཞིའི་བླང་བྱ་ལ་བལྟ་ཡག་བྱེད་པ། ཁྱབ་ཁོངས་བླང་བྱ་ནན་ཏན་བྱེད་པ། རྒྱུགས་གཞི་ནི་ཆབ་སྲིད་དང་དཔལ་འབྱོར། མཚན་ཉིད་རིག་པ་བཅས་ཀྱི་འབྲེལ་ཡོད་ཤེས་བྱ་གང་ཞིག་སྤྱོད་དགོས་པ་དང་གསལ་བོར་ཤེས་རྒྱུ། ཡང་ན་མཚན་ཉིད་རིག་པའི་ནང་གི་དངོས་གཙོ་སྨྲ་བ་དང་།རྩོད་སྒྲུབ་རིག་པ། ཤེས་རྟོགས་རིག་པའམ་ཡང་ན་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་ཤེས་བྱ་འགའ་ཤས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་ལན་འདེབས་དགོས་པའི་བླང་བྱ་བཏོན་ཡོད་པ་ཁ་གསལ་བྱ་དགོས། སྐར་གྲངས་ཀྱི་བླང་བྱ་ལ་བལྟ་བ། གལ་ཏེ་སྐར་གྲངས་ཅུང་མཐོ་ན་དྲིས་ལན་གྱི་གཙོ་གནད་ཅུང་མང་། གལ་ཏེ་སྐར་གྲངས་ཅུང་དམའ་ན་དྲིས་ལན་གྱི་གཙོ་གནད་ཅུང་ཉུང་། གང་ལྟར་སྐར་གྲངས་ལ་དམིགས་ནས་དྲིས་ལན་གྱི་གཙོ་གནད་མང་ཉུང་ཐག་གཅོད་བྱ་དགོས་པ་ཡིན།
༢.དྲི་བ་ཀློག་སྐབས་གནད་འགག་འཛིན་རྒྱུ་གཙོ་བོ་ཡིན། འདི་ནི་གནད་འགག་རང་བཞིན་གྱི་གོ་རིམ་ཞིག་ཡིན། རྒྱུ་མཚན་ནི་བརྗོད་གཞི་ཡི་འདོད་བློ་དང་།ཁ་ཕྱོགས། རེ་བ་སོགས་ཀྱི་དམིགས་བྱ་དེར་འདུས་ཡོད་པ་ཡིན། ངེས་པར་དུ་བརྡ་ཆད་གཙོ་བོར་བཟུང་ནས་ཁ་བྱང་གི་འདོད་བློ་གསལ་བོར་འབྱེད་དགོས།(གྲུབ་ཆ་གཙོ་བོ་དང་ཁྱབ་ཁོངས་རང་བཞིན་གྱི་རྗོད་ཚིག) ཐ་སྙད་ཚོད་འཛིན་ཡང་དག་བྱས་ཏེ་ཁ་བྱང་གི་ཞིབ་ཕྲ་རྟོགས་པ། (དྲི་བའི་ཚིག་དང་། གནད་དོན་གྱི་ཚིག་ཐུང་།) དཔྱད་གཞིའི་ནང་དོན་ཆ་ཚང་ཞིབ་ཀློག་བྱེད་པ། དཔྱད་གཞིའི་ཡིག་རིགས་ཆ་ཚང་ནན་ཏན་གྱིས་ཀློག་དགོས་པ་དང་། རྩོམ་ཡིག་ཧྲིལ་བོར་ཀློག་སྐབས་གཟབ་ནན་བྱེད་དགོས་པ། རྒྱུ་ཆའི་ནང་དོན་གཙོ་བོར་མཚོན་ཐུབ་པའི་རྗོད་ཚིག་ཆ་ཚང་ཞིག་རྙེད་ཐུབ་པ་བྱ་དགོས། དུམ་མཚམས་ཀྱི་རིམ་པ་དབྱེ་དགོས་པ་མ་ཟད། དུམ་བུ་རེ་རེའི་དོན་སྙིང་མདོར་བསྡུས་བྱ་དགོས། དུམ་བུ་དང་དུམ་བུ་བར་གྱི་ནང་གནས་འབྲེལ་བ་འབྲེལ་ཐུབ་དགོས། བསམ་གཞིག་ནན་ཏན་བྱས་པའི་རྨང་གཞིའི་ཐོག་དྲིས་ལན་གྱི་གཙོ་གནད་ཤེས་དགོས། དྲིས་ལན་གྱི་གཙོ་གནད་ཡོད་ན་ལན་འདེབས་ཀྱི་ཁ་ཕྱོགས་ཀྱང་ཡོད། ཁ་ཕྱོགས་དེ་གཞིར་བཟུང་ནས་དྲིས་ལན་སྒྲིག་འཛུགས་བྱས་ན་གཅིག་ནས་བརྗོད་གཞི་དང་འགལ་བ་སྔོན་འགོག་བྱེད་ཐུབ་པ་དང་། གཉིས་ནས་གནད་འགག་ཆད་ལུས་མི་ཡོང་བ་བྱེད་ཐུབ། གསུམ་ནས་གནད་དོན་གྱི་གོ་རིམ་ངོས་འཛིན་བྱེད་ཐུབ་པ།
(གཉིས) བསམ་བློ་གཏོང་བ། བསམ་གཞིག་ལ་བརྟེན་ནས་དྲིས་ལན་འདེབས་ཤེས་དགོས། རྩ་བའི་རིགས་པ་གང་ཞིག(རྩ་བའི་རིགས་པ་གཅིག་གམ་ཡང་ན་རྩ་བའི་རིགས་པ་མང་པོ)བཀོལ་བ་དང་། རྩ་བའི་རིགས་པ་འདི་ཇི་ལྟར་བཀོལ་སྤྱོད་བྱས་ནས་མཚོན་པར་བྱེད་དགོས། དྲིས་ལན་འདེབས་པའི་འཇུག་སྒོ་གནད་ལ་འཁེལ་བར་འཚོལ་དགོས། རྒྱུ་ཆ་དང་དྲི་བའི་བར་གྱི་འབྲེལ་བ་གང་ཡོད་ཀྱི་བསམ་བློ་གཏོང་ཕྱོགས་དེ་རྒྱུ་ཆའི་ཁྲོད་ཀྱི་གནད་དོན་ངོས་ཟིན་གསལ་པོར་ཡོད་པ་ནས་འཕྲོས་དགོས་པ། དེ་ནས་སེམས་སུ་ཟིན་བྲིས་འགོད་པའི་ཐབས་ལ་བརྟེན་ནས་དྲིས་ལན་འདེབས་རྒྱུའི་གནད་དོན་གོ་རིམ་བསྒྲིག་དགོས་པ།
(གསུམ) ལན་འདེབས་པ། ལན་འདེབས་དགོས་པའི་གནད་དོན་ལ་རིག་ལམ་གསལ་པོ་བཟོས་རྗེས་སྨྱུ་གུ་འགུལ་ནས་ལན་བཏབ་ཆོག ལན་འདེབས་སྐབས་དེ་དག་དུམ་མཚམས་ཁ་ཤས་སུ་བགོ་རྒྱུར་དོ་སྣང་བྱེད་དགོས་པ་དང་། དྲིས་ལན་གྱི་གནད་དོན་གསུམ་ནས་བཞི་མ་གཏོགས་མང་པོ་འབྲི་དགོས་དོན་མེད། དེ་དག་རིམ་པ་དགར་ནས་ལན་འདེབས་པ། རིག་ཚན་གྱི་བརྡ་ཆད(རིག་ཚན་གྱི་ཐ་སྙད)བཀོལ་ནས་འབྲི་དགོས་པ་དང་ནན་ཏན་གྱིས་འབྲི་དགོས(གསལ་པོར་འབྲི་དགོས)པ། ལན་ཡང་དག་ཅིང་ཆ་ཚང་བའི་སྒོ་ནས་མཚོན་ཐུབ་པ་དགོས།
གཉིས། རྒྱུན་མཐོང་གི་དབྱེ་ཞིབ་འདྲི་གཞིའི་ལན་འདེབས་ཐབས་ལམ།
(གཅིག) མཚོན་བྱེད་ཀྱི་རིགས།
མཚོན་བྱེད་རང་བཞིན་གྱི་དྲི་བ་འདོན་སྟངས་ལ
“ཅི་ཞིག་མཚོན་པ”དང་། “ཇི་ལྟར་མཚོན་པ”“དཔྱད་གཞིའི་ཁྲོད་གནས་ལུགས་ཅི་ཞིག་མཚོན་པ”སོགས་ཡོད། སྤྱིར་བཏང་དུ་བཤད་ན། བསླབ་གཞིའི་ནང་གི་རྒྱུ་ཆ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་གནད་རེ་རེ་བཞིན་བཀོད་ཡོད་པ་དང་། དེ་ནས་ཤེས་བྱའི་གནད་འདི་དག་དང་རྒྱུ་ཆའི་ཁྲོད་ཀྱི་ཚིག་གཙོ་བོ་གཉིས་བསྡུར་ནས། དེ་དང་མཐུན་པ་ནི་དྲིས་ལན་གྱི་གཙོ་གནད་ཅིག་ཡིན། དྲིས་ལན་འདེབས་སྐབས་སྔོན་ལ་དཔྱད་གཞིའི་ནང་གི་ཚིག་རྐང་གཙོ་བོ་འདྲེན་པ། དེ་ནས་སློབ་དེབ་ནང་གི་རྩ་བའི་རིགས་པ་དང་། ལྟ་ཚུལ། ཤེས་བྱ་བཅས་གང་ཞིག་དང་མཐུན་པ་གསལ་བཤད་བྱ་དགོས། ཡང་ན་ཐོག་མར་སློབ་དེབ་ནང་གི་རྩ་བའི་རིགས་པ་དང་། ལྟ་ཚུལ། ཤེས་བྱའི་གནད་བཅས་གང་ཞིག་བསྟན་པ་དང་། དེ་ནས་དཔྱད་ཡིག་དང་མཐུན་པའི་བྱེད་ཐབས་སམ་སྒྲུབ་སྟངས་འབྲི་དགོས།
(གཉིས) གཞི་འཛིན་གྱི་རིགས། (རྒྱུ་མཚན་ཅིའི་ཕྱིར)
གཞི་འཛིན་ཅན་གྱི་གནད་དོན་གྱི་འདྲི་ཐབས་ནི་སྤྱིར་བཏང་དུ་ཁྱོད་ལ་བྱ་བ་འདི་འདྲ་ཞིག་སྒྲུབ་པའི་གཞི་འཛིན་ས་ནི་ཅི་ཞིག་ཡིར་པ་དེ་བཤད་དགོས་པ་ཡིན། དྲིས་ལན་ནི་ཕལ་ཆེ་བ་སློབ་དེབ་སྟེང་གི་གཞི་རྩའི་ལྟ་བ་དང་རྩ་བའི་རིགས་པ་ཡིན། དེར་གལ་ཆེན་རང་བཞིན་དང་དོན་སྙིང་གང་ཡིན་པའི་སྒོ་ནས་ལན་འདེབས་མི་རུང་། ཅིའི་ཕྱིར་རྣམ་པའི་དྲི་བ་བཏོན་པར“ཅིའི་ཕྱིར་བཤད་པ་ཡིན། ཅིའི་ཕྱིར་སྒྲུབ་པ་ཡིན།”སྤྱིར་བཏང་གི་གནས་ཚུལ་འོག་ཏུ“འདི་ལྟར་བཤད་པ”དང“འདི་ལྟར་སྒྲུབ་པའི”གཞི་འཛིན་ས
(དགོས་ངེས་ཀྱི་རང་བཞིན)དང་དོན་སྙིང(གལ་ཆེའི་རང་བཞིར)ཡིན་པ་དང་། སྐབས་འགར་གནོད་འཚེའི་རང་བཞིན་མི་བྱེད་པའི་ཐད་ནས་ལན་འདེབས་དགོས།
(གསུམ) དོན་སྙིང་གི་རིགས།
སྟབས་བདེའི་ལན་རྒྱག་སྟངས་འདི་ནི“བྱེད་སྟངས”ཤིག་གམ“དོན་རྐྱེན”ཞིག་གི་དོན་སྙིང་ལ་དམིགས་ནས་དྲི་བ་འདོན་པ་ཡིན་ཞིང་། སྤྱིར་བཏང་དུ“ཤུགས་རྐྱེན་ཧུར་ཐག”དང་།“དཔལ་འབྱོར་དང་ཆབ་སྲིད་ཀྱི་དོན་སྙིང་།”“དོན་སྙིང”བཅས་ཀྱིས་སྣེ་ཁྲིད་བྱེད་པའི་ཚིག་སྤྱོད་ཀྱི་ཡོད། དྲིས་ལན་འདེབས་སྐབས་སྤྱིར་བཏང་དུ“ད་གཟོད”དང་ཡང་ན“ཕན་པ”
སྤྱད་ནས་ལན་འདེབས་ཀྱིན་ཡོད།
(བཞི) གང་འདྲ་བྱེད་དགོས་པ།
“ཇི་ལྟར་བྱེད་པ”ནི་སྤྱིར་བཏང་དུ“ཇི་ལྟ”དང“ཇི་ཞིག”སོགས་ཀྱི་ཐ་སྙད་ཀྱིས་དྲི་བ་འདོན་པ་ཡིན།“ཇི་ལྟར་བྱེད་པའི”དྲི་བ་བཏོན་པ་དེ་སྤྱིར་བཏང་དུ་སུ་ཞིག་གིས་གང་འདྲ་བྱེད་དགོས་མིན་གཏན་ཁེལ་བྱས་པ་ཞིག་རེད། དཔེར་ན། ཏང་དང་། རྒྱལ་ཁབ། སྲིད་གཞུང་།སྤྱི་དམངས། ཁེ་ལམ། མི་སྒེར་སོགས་ལྟ་བུ་མ་ཟད། ད་དུང་ལན་འདེབས་དགོས་པའི་ནང་དོན་ཕྱོགས་ག་གེ་མོ་ཞིག་དམིགས་འཛུགས་བྱས་ཡོད། ཁ་བྱང་དེ་རིགས་ལ་ལན་འདེབས་སྐབས་ངེས་པར་དུ་གཏན་ཁེལ་བྱས་པའི་དཔྱད་གཞི་རྣམས་ལ་ཞིབ་བཤེར་ནན་ཏན་དང་། དཔྱད་གཞིའི་ཡིག་ཆའི་ནང་གནས་པའི་གནད་དོན་འཚོལ་བ། གནད་དོན་ལ་དམིགས་པ། བྱེད་ཐབས་འཚོལ་བ་བཅས་བྱ་དགོས།
(ལྔ) བློ་འབྱེད་ཀྱི་རིགས།
བློ་འབྱེད་ཅན་གྱི་དྲི་བ་འདོན་སྟངས་ལས“ང་ཚོར་བློ་སྒོ་གང་ཞིག་འབྱེད་པ”དང་། དེར་དཔལ་འབྱོར་རིག་པ་དང་། མཚན་ཉིད་རིག་པ། ཆབ་སྲིད་རིག་པའི་བློ་སྒོ་འབྱེད་པ་སོགས་ཚུད་ཡོད། དྲི་བ་འདོན་པའི་ཁ་བྱང་དེ་རིགས་ལ་ལན་འདེབས་སྐབས་སྤྱིར་བཏང་དུ་སྔོན་ལ་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་འདོན་དགོས་པ་དང་། དེ་ནས་ཇི་ལྟར་བྱ་དགོས་པ་བཏོན་ཏེ་དཔྱད་གཞིའི་ནང་གི་གནད་དོན་ལ་དམིགས་ནས་བྱེད་ཐབས་འཚོལ་དགོས། དྲིས་ལན་གྱི་ལྟ་བ་དང་རྒྱུ་ཆ་ཟུང་འབྲེལ་བྱ་དགོས།
(དྲུག) ངོས་འཛིན་གྱི་རིགས།
ངོས་འཛིན་གྱི་རིགས་ནི་སྟབས་བདེའི་དྲི་བར་རང་སྟེང་ནས་རྒྱབ་ལྗོངས་རྒྱུ་ཆ་འདོན་སྤྲོད་བྱས་ཏེ། རྒྱུགས་སྤྲོད་སློབ་མར་རྒྱུ་ཆ་འདིའི་ནང་གི་སྣང་ཚུལ་དང་དོན་རྐྱེན། ལྟ་བ་བཅས་ཀྱི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་དང་ངོས་འཛིན་གླེང་དགོས་པ་དེ་ཡིན། སྤྱིར་བཏང་དུ“ཁྱོད་ཀྱིས.......ངོས་ཟིན་སྐོར་བཤད་རྒྱུ”དང་།“ཇི་ལྟར་ངོས་འཛིན་བྱ་རྒྱུ།.......”“ལྟ་སྟངས་ཇི་ལྟར་འཛིན་རྒྱུ།......”“གདེང་འཇོག་ཇི་ལྟར་བྱ་རྒྱུ།.......”“དབྱེ་ཞིབ་ཇི་ལྟར་བྱ་རྒྱུ”སོགས་ཡོད། བརྗོད་སྟངས་དེ་རིགས་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་གཏན་ཁེལ་ཟིན་པའི་སྣང་ཚུལ་དང་། ལམ་ལུགས། བྱེད་སྟངས་བཅས་ངེས་ཅན་ཞིག་ལ་ངོས་འཛིན་བྱ་རྒྱུ་དེ་རེད། རིགས་ཅིག་ཤོས་ནི་རྩོད་གླེང་རང་བཞིན་ལྡན་པའི་སྣང་ཚུལ་དང་ལྟ་ཚུལ་ཁ་ཤས་ལ་ངོས་འཛིན་བྱེད་སྟངས་ཡིན། རིགས་དང་པོར་ལན་འདེབས་རྒྱུ་ནི་དོན་དངོས་སུ་རིགས་པས་ཁུངས་སྐྱེད་བྱས་པ་ཞིག་རེད། འབྲེལ་ཡོད་ཤེས་བྱ་སྤྱད་དེ“ཅི་ཞིག་ཡིན”ཞེས་པ་དང་།“ཅིའི་ཕྱིར”ཞེས་པ། “ཇི་ལྟར་བྱ་དགོས”ཞེས་པ་བཅས་ཀྱི་ཐད་ནས་ལན་འདེབས་དགོས། རིགས་གཉིས་པ་དེ་དོན་དངོས་ཐོག་དབྱེ་ཞིབ་ཀྱི་ངོ་བོ་ལྡན་པ་དང་།གནད་དོན་དེ་རིགས་ལ་ལན་འདེབས་སྐབས་ལྟ་བ་མི་འདྲ་བ་དང་ཕྱོགས་མི་འདྲ་བར་དམིགས་ནམ་དཔྱད་བརྗོད་དང་དབྱེ་ཞིབ་བྱེད་དགོས།
གསུམ། དྲིས་ལན་ཚད་ལྡན་ཅན་གྱི་བླང་བྱ།
༡.དྲིས་ལན་དུམ་མཚམས་འབྱེད་པ། ཚིག་རྐང་གཅིག་གིས་གནད་དོན་ཕྱོགས་བསྡུས་མི་བྱེད་པ། ༢.དུམ་མཚམས་གཏན་ཁེལ་བྱ་དགོས། དྲིས་ལན་མདོར་བསྡུས་དང་གཙོ་གནད་དམ་འཛིན་བྱ་དགོས། གཙོ་གནད་གོ་རིམ་ལྡན་པ། ༣.ཤེས་བྱའི་གནད་ལ་གོ་རིམ་ལྡན་དགོས་པ། དབྱེ་ཞིབ་ཀྱི་འདྲི་གཞི་གཅིག་ལ་ཤེས་བྱའི་གནད་མང་པོའི་སྒོ་ནས་ལན་འདེབས་པ། ཤེས་བྱའི་གནད་ཕན་ཚུན་བར་འབྲེལ་ཆགས་པ། དྲིས་ལན་དངོས་སུ་མ་བཏབ་གོང་ལ་གནད་བསྡུས་བྱས་ནས་དྲིས་ལན་གྱི་གཏན་ཚིགས་རང་བཞིན་དང་ཚད་ལྡན་ཅན་དུ་འགྱུར་བར་བྱ་དགོས། ༤.སྐད་བརྡ་ཚན་རིག་ཅན་དུ་འགྱུར་བ། སྐད་ཆ་ཚགས་དམ་པ། ཚན་རིག་དང་མཐུན་པའི་ཐ་སྙད་སྤྱོད་པ། ཡིག་གཟུགས་ཚད་ལྡན་འབྲི་བ། ཤོག་ངོས་གཙང་ཞིང་གྲལ་འགྲིག་པ། ཡིག་གཟུགས་གསལ་པོ་བཅས་ཡིན་དགོས།
བཞི། དྲི་བར་ལན་འདེབས་སྐབས་གཤམ་གྱི་རྒྱུན་མཐོང་གི་སྐྱོན་ཆ་སེལ་དགོས།
༡.འཕྲལ་མར་འགྲུབ་པར་རེ་བ་བྱེད་པ་དང་། འདྲི་གཞིར་ཞིབ་བཤེར་མི་བྱེད་པ་དང་། བསམ་བློ་མི་གཏོང་བ། དུས་ཚོད་མི་འདང་བར་སྐྲག་ནས་དྲན་པ་རེ་རེ་ནས་འབྲི་བ། མཇུག་འབྲས་ནི་གསལ་འགྲེལ་བྱས་པའི་ནང་དོན་ནོར་བ་དང་། རྩ་བའི་རིགས་པ་སྤྱད་པ་ནོར་བ། བསྐྱར་ཟློས་བྱས་པ། མགོ་མེད་མཇུག་མེད་དུ་གྱུར་པ། ལན་འདེབས་དགོས་པ་རྣམས་ལ་ལན་ཡག་པོ་མ་བཏབ་པ། ལན་འདེབས་མི་དགོས་པ་རྣམས་ལ་ལན་མང་པོ་བཏབ་ཡོད་པ།
༢.དཔེ་དེབ་ནང་བཞིན་རྒྱུས་ལོན་བྱེད་པ། ཁ་བྱང་གི་བྱེ་བྲག་བླང་བྱ་ལ་ཁ་ཡ་མི་བྱེད་པ་དང་། ཞིབ་ཕྲའི་གནད་དོན་ལ་བྱེ་བྲག་ཏུ་དབྱེ་ཞིབ་བྱེད་པར་དོ་སྣང་མི་བྱེད་པ། ཁ་བྱང་གི་གནད་དོན་ལ་དམིགས་ནས་ལན་མ་བཏབ་ན། བསྐྱར་སྦྱོང་དཔྱད་ཡིག་གམ་ཟུར་ཁྲིད་དགེ་རྒན་གྱིས་སྤྲད་པའི་དྲི་བ་འདྲ་མཚུངས་ཀྱི་དྲིས་ལན་ཁོ་ན་ལྟར་ལན་བཏབ་པ་ཙམ་ཡིན། དེའི་མཇུག་འབྲས་ནི་དྲིས་ལན་འདེབས་པའི་དམིགས་བྱའི་རང་བཞིན་མངོན་མེད་པས་སྐར་མ་ཐོབ་ཚད་མི་མཐོ་བ།
༣.ཡང་དག་དང་ཚན་རིག་དང་མི་མཐུན་པ། རྩ་བའི་རིག་པའི་ཞིབ་གླེང་ཡང་དག་མིན་པ་དང་། དབྱེ་ཞིབ་ཀྱི་ཚིག་སྦྱོར་མི་བདེ་བ།
༤.ཡིག་གཟུགས་ནན་ཏན་མིན་པ། ཡིག་གཟུགས་ཞིབ་ཚགས་མིན་པ་དང་སུབ་བཅོས་མང་དྲགས་པ། དབྱེ་ཞིབ་ཀྱི་གནད་མི་འཛིན་པ། ཤོག་ངོས་མི་གསལ་བ། གོང་གི་རྒྱུན་མཐོང་གི་སྐྱོན་ཆ་འདི་དག་ནི་གདམ་གསེས་མིན་པའི་སྐར་མ་ཐོབ་ཚད་ཀྱི་ཆེས་ཆེ་བའི་འགོག་རྐྱེན་ཡིན། དེར་བརྟེན། གནད་དོན་འདི་དག་འབྱུང་བར་ཧུར་བརྩོན་གྱིས་སྔོན་འགོག་བྱ་དགོས་ན། སློབ་མས་བློ་ཁ་དེ་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་ཕྱོགས་པ་དང་།
བརྗོད་གཞི་བཀྲོལ་བའི་ཐབས་ཤེས་སྟབས་བསྟུན་གྱིས་བེད་སྤྱོད་བྱས་ན་ད་གཟོད་རྒྱུགས་སྤྲོད་པའི་ཁྲོད་གྲུབ་འབྲས་ལེགས་པོ་ལེན་ཐུབ།
དམིགས་བསལ་དྲན་སྐུལ་བྱས་དོན། རྒྱུགས་སྤྲོད་སློབ་མ་མི་ཉུང་བ་ཞིག་གིས་དྲི་བར་ལན་འདེབས་སྐབས་དྲི་བར་རགས་ཙམ་བལྟས་རྗེས་ལན་འདེབས་རྒྱུར་གོམས་ཡོད། སྲོལ་ངན་དེ་རིགས་ཀྱི་སྐྱོན་ཆ་ཆེ་ཤོས་གཅིག་ཆད་ཀུན་ཤོར་ཡིན་པས་གསལ་འགྲེལ་གྱི་ཁྱོན་ཡོངས་རང་བཞིན་ལ་ཤུགས་རྐྱེན་ཐེབས་ནས་སྐར་མ་མང་པོ་ཤོར་བ་དེ་རེད། རྒྱུགས་སྤྲོད་སློབ་མ་ལ་ལས་བསམ་བློ་རགས་ཙམ་བཏང་རྗེས་ཚང་མ་ཤེས་སོང་བར་བསམ་ནས་བྲེལ་འཚུབ་ངང་ལན་བཏབ་པ་དང་། རྒྱུགས་གནད་ཀྱི་རིམ་པ་རྗེས་མ་དེ་ཤོར་བའི་ཉེན་ཁ་ཆེ་བ། ད་དུང་རྒྱུགས་སྤྲོད་སློབ་མས་བསམ་བློ་མང་པོ་བཏང་མོད། འོན་ཀྱང་སྔོན་ལ་གཙོ་གནད་གང་ཡིན་གྱི་རིམ་པ་མེད་པས་དྲིས་ལན་ཆད་ལུས་བྱུང་བ་རེད། རྒྱུ་རྐྱེན་འདི་འདྲ་མང་པོ་ཞིག་ནི་དངོས་གནས་ཕངས་པ་ཞིག་རེད། དེར་བརྟེན། རྒྱུགས་སྤྲོད་སློབ་མས་དྲི་བར་ལན་འདེབས་སྐབས་ངེས་པར་དུ་ནན་ཏན་གྱིས་གོང་གི་དྲི་བར་ལན་འདེབས་ཀྱི་འགྲེལ་བཤད་ཐབས་ལམ་ནན་མོར་ཡིད་ལ་འཇགས་དགོས། ཁ་བྱང་ལ་དབྱེ་ཞིབ་ནན་མོར་བྱ་དགོས་པའི་གོམས་གཤིས་རྒྱུན་ལྡན་ཡོད་དགོས། མཇུག་མཐར་སྐར་མ་མཐོན་པོ་ལེན་དགོས།གཞན་ཡང་མཐོ་རྒྱུགས་ནང་གི་སྤྱོད་གོ་ཆོད་པའི་རྩ་བའི་རིགས་པ(ཤེས་བྱ)སྤྱིར་བཏང་བསྐྱར་ཟློས་བྱེད་མི་སྲིད་པས། གནད་དོན་མང་པོ་ཞིག་ལ་རྩ་བའི་རིགས་པ་གཅིག་འདྲའི་ཐོག་ནས་ལན་འདེབས་མི་རུང་།འོན་ཀྱང་གནད་དོན་གཅིག་ལ་རྩ་བའི་རིགས་པ་མང་པོ་སྤྱད་ནས་ལན་འདེབས་སྐབས། སྤྱིར་བཏང་དུ་དྲིས་ལན་འདེབས་སྐབས་སྔོན་ལ་རྩ་བའི་རིགས་པ་དང་རྗེས་སུ་རྒྱུ་ཆ་བསྒྲུབ་དགོས་པ་དང་། རྩ་བའི་རིགས་པ་གཙོ་བོ་ནི་སྔོན་དུ་ཡོད་པ་དང་། རྩ་བའི་རིགས་པ་ཕལ་བ་རྗེས་སུ་ཡོད་ཚེ། ངེས་པར་དུ་ཆེས་གལ་ཆེ་བ་ནི་ཆེས་གདེང་ཚོད་ཡོད་པའི་སྒོ་ནས་དྲིས་ལན་གྱི་གཙོ་གནད་འབུར་དུ་ཐོན་པར་འབྲི་དགོས་པ། མཇུག་མཐར་བསམ་འདུན་དང་མཐུན་པའི་སྐར་འབྲས་ཐོབ་པར་སྨོན་འདུན་ཞུ་ཞུ། །
* བནྡེ་མཁར། རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།