ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་བརྒྱུད་ཚད་མ་རིག་པའི་མཚན་ཉིད་འཇོག་སྟངས་སྐོར་གྱི་དཔྱད་བསྡུར།

བདྨ་དཔའ་ཆེན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


[གནད་བཏུས] སྤྱིར་མཚན་མཚོན་གཉིས་ནི་འཇིག་རྟེན་ཁམས་ཀྱི་ཤེས་བྱ་ཡོད་དོ་ཅོག་གི་ངོ་བོ་ངོས་འཛིན་དང་ཤེས་རྟོགས་བྱེད་པའི་ཐབས་ལམ་གཅིག་པུ་དེ་ཡིན་པས་གཏན་ཚིགས་རིག་པའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེ་བས་དཔྱད་རྩོམ་འདིར་ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་བརྒྱུད་ཚད་མ་རིག་པའི་མཚན་མཚོན་གྱི་རྣམ་གཞག་ལས་མཚན་ཉིད་ཀྱི་གྲུབ་ཆ་དང་འགོད་ཐབས། མཚན་ཉིད་འགོད་པའི་རྩ་དོན། མཚན་ཉིད་དང་མཚོན་བྱའི་འབྲེལ་བ་བཅས་གཞིར་བཟུང་ནས་ཕན་ཚུན་ཞིབ་བསྡུར་གྱི་ཐབས་ལ་བརྟེན་ནས་མདོ་ཙམ་དཔྱད་ཡོད།

[གནད་ཚིག] ཕྱི་ཚུལ་གཏན་ཚིགས་རིག་པ། མཚན་ཉིད། མཚོན་བྱ། བོད་བརྒྱུད་ཚད་མ་རིག་པ།

དང་པོ། མཚན་ཉིད་ཀྱི་གྲུབ་ཆ་དང་འཇོག་སྟངས་སྐོར་གྱི་དཔྱད་བསྡུར།


ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་བརྒྱུད་ཚད་མ་རིག་པ་ནི་འཛམ་གླིང་གི་གཏན་ཚིགས་ཆེན་པོ་རྣམ་གསུམ་གྱི་ཡ་གྱལ་ཡིན་པར་མ་ཟད་འཛམ་གླིང་གི་གཏན་ཚིགས་རིག་པའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ལ། སོ་སོས་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས་ཡོད། ལྷག་པར་དུ་མཚན་མཚོན་གྱི་རྣམ་གཞག་ནི་ཐ་སྙད་གང་དེའི་དོན་སྤྱི་གཏན་ལ་འབེབས་བྱེད་ཀྱི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། དེ་ཡང་རིག་གཞུང་གང་ཞིག་ཡིན་རུང་དེའི་ཁྲོད་ཆེད་སྤྱོད་ཀྱི་བརྡ་ཆད་མི་ཉུང་བ་ཞིག་ཡོད་ཅིང་དེ་དག་ཐམས་ཅད་མཚན་ཉིད་འགོད་པའི་ཐབས་ལ་བརྟེན་ནས་རྟོགས་དགོས་པས། མཚན་ཉིད་ཀྱི་འཇོག་སྟངས་དང་གྲུབ་ཆ་ནི་མཚན་མཚོན་རྣམ་གཞག་ཁྲོད་ཀྱི་གནད་འགག་ཅིག་ཡིན།

གཅིག མཚན་ཉིད་ཀྱི་གྲུབ་ཆའི་སྐོར།

ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་མཚན་ཉིད་ནི་རྟོག་པའི(概念)དོན་སྤྱི(内涵)གསལ་བར་བྱེད་པའི་གཏན་ཚིགས་རིག་པའི་ཐབས་ལམ་ཞིག་ཡིན་ལ། དཔེར་ན། མི་ནི་ལག་ཆ་བཟོ་བ་དང་ཐོན་སྐྱེད་ལག་ཆ་བཀོལ་སྤྱོད་བྱེད་ཤེས་པའི་སྲོག་ཆགས་ལ་ཟེར། ཞེས་པ་དང་། ཞིང་བདག་ནི་སྒེར་ལ་ས་ཞིང་ཡོད་ཅིང་རང་ཉིད་ཀྱིས་ངལ་རྩོལ་མི་བྱེད་པའམ། ཡང་ན་རྨོ་འདེབས་བྱེད་མཁན་གྱི་བྲན་གཡོག་ལ་བརྟེན་ནས་འཚོ་བའི་མི་ལ་ཟེར་ཞེས་དང་། དྲང་ཟུར་ཟུར་གསུམ་དབྱིབས་ནི་ཟུར་གཅིག་དྲང་ཟུར་ཡིན་པའི་ཟུར་གསུམ་དབྱིབས་ལ་ཟེར། ཞེས་པ་ལྟ་བུའོ། ། དེ་དག་ཚང་མ་མཚན་ཉིད་ཡིན་ལ། སོ་སོས་མི་དང་ཞིང་བདག དྲང་ཟུར་ཟུར་གསུམ་དབྱིབས་བཅས་ཀྱི་རྟོག་པའི་དོན་སྤྱི་གསལ་བར་བྱས། རྟོག་པའི་དོན་སྤྱི་ཞེས་པ་ནི་རྟོག་པའི་མཚོན་པའི་བྱ་དངོས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་དང་རྩ་བའི་ངོ་བོ་ལ་ཟེར་བས། མཚན་ཉིད་ནི་བྱ་དངོས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རང་བཞིན་གསལ་བར་སྟོན་པའི་གཏན་ཚིགས་རིག་པའི་ཐབས་ལམ་ཞིག་ལ་བྱ་ཞེས་ཀྱང་བརྗོད།བོད་བརྒྱུད་ཚད་མ་རིག་པའི་ཁྲོད་དུ་མཚན་ཉིད་ནི་མཚན་གཞི་དེའི་སྟེང་དུ་མཚོན་བྱའམ་བཞག་བྱ་དེ་ཉིད་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་དེ་ཡིན་ཞེས《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》①ན་གསལ་ལ། དེ་འདྲའི་འཇོག་བྱེད་ལ་ནི། རང་གི་མཚོན་བྱའི་ཆ་ཤས་ཐམས་ཅད་ལ་མ་ཁྱབ་པ་དང་རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་པའི་ཁྱབ་ཆེ་བ་དང་། རང་གི་མཚོན་བྱའི་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པས་ན། བཞག་བྱ་དང་འཇོག་བྱེད་གཉིས་ལ་ཕན་ཚུན་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིག་པ་ཞིག་དགོས། དོན་དེ་ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་བཤད་བཞིན་པའི་དོན་སྤྱི་དང་ཁྱབ་བྱ(外延)བར་གྱི་ཡིན་ཁྱབ་མཉམ་གྱི་འབྲེལ་བ་དེ་བརྗོད་བཞིན་ཡོད་པས། མཚན་ཉིད་དང་མཚོན་བྱའི་ཁྱབ་བྱའི་འབྲེལ་བ་ཡིན། ཡང་བསྡུས་གཞུང་ལ་ལར་རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་ཀྱི་མཚན་ཉིད་ཟེར་ཞིང་། རྫས་ཡོད་ཆོས་གསུམ་ནི། སྤྱིར་མཚན་ཉིད་ཡིན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་གང་ཡིན་པ་དེ་ལས་གཞན་ཞིག་གི་མཚན་ཉིད་མ་ཡིན་པ་དང་གསུམ་ལ་ཟེར་ཞིང་། མཚན་ཉིད་ཡང་དག་ནི་གོང་གསལ་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོལ་མེ་ལ་གསལ་བ་དེར་འཐད་དེ། རྒྱུ་མཚན་ནི་མཚན་ཉིད་ཁྲོད་མཚོན་བྱ་བྱུང་ཚེ་ཤེས་བྱེད་དུ་མི་འགྱུར་བས་མཚན་ཉིད་ཡང་དག་ཏུ་བགྲང་བར་མི་འདོད་དོ། །གོང་གསལ་གྱི་དཔེར་བརྗོད་དག་ལས་ཤེས་གསལ་ལྟར་མཚན་ཉིད་ལ་གྲུབ་ཆ་གསུམ་སྟེ། མཚན་ཉིད་དང་མཚོན་བྱ། མཚན་ཉིད་ཀྱི་ཕྲད་བཅས་གསུམ་གྱིས་གྲུབ་པ་ཡིན་ལ། གཞི་ལ་སྦྱར་ན་མི་ནི་མཚོན་བྱ་དང་ལག་ཆ་བཟོ་བ་དང་ཐོན་སྐྱེད་ལག་ཆ་བཀོལ་སྤྱོད་བྱེད་ཤེས་པའི་སྲོག་ཆགས་ནི་མཚན་ཉིད་ཡིན་པ་དང་། ནི་སྒྲ་ནི་མཚན་ཉིད་ཀྱི་ཕྲད་ཡིན། དུས་རྒྱུན་མཚོན་བྱ་ཕལ་ཆེར་མིང་གིས་གྲུབ་པ་ཡིན་མོད་སྐབས་འགར་ཚིག་གིས་མཚོན་པའང་ཡོད། མཚན་ཉིད་ནི་ཚིག་གིས་གྲུབ་ཅིང་།མཚན་ཉིད་དང་མཚོན་བྱ་ནི་དོན་སྤྱི་དང་ཁྱབ་བྱས་ཐག་གཅོད་བྱ་བཞིན་འདུག ཕྱི་ཚུལ་གཏན་ཚིགས་རིག་པ་ལས་མཐའ་མཚུངས་ཟུར་གསུམ་དབྱིབས་ནི་མཐའ་གསུམ་འདྲ་མཚུངས་ཡིན་པའི་ཟུར་གསུམ་དབྱིབས་ཀྱི་ངོ་བོའམ་རང་བཞིན་ལྡན་པའི་ཟུར་གསུམ་དབྱིབས་ཀྱི་རིགས་ཚང་མ་འདུ་ཞིང་། ཁྱབ་བྱ་ཐམས་ཅད་ལ་ངེས་པར་དུ་མཐའ་གསུམ་འདྲ་མཚུངས་ཡིན་པ་དང་ཟུར་གསུམ་དབྱིབས་ཀྱི་ཁྱད་ཆོས་ལྡན་པའི་རིགས་ཤིག་ཡིན་དགོས། དེ་བས་ཐ་སྙད་ཅིག་གི་དོན་སྤྱིས་ཐ་སྙད་དེའི་ཁྱབ་བྱ་གཏན་འཁེལ་བྱེད་ཐུབ་མོད། འོན་ཀྱང་དེ་ལས་ལྡོག་སྟེ་ཁྱབ་བྱའི་དོན་སྤྱི་ཐག་གཅོད་བྱ་མི་ཐུབ་སྟེ། དཔེར་ན་མཐའ་གསུམ་འདྲ་མཚུངས་ཡིན་ཞིང་ཟུར་གསུམ་དབྱིབས་ཀྱང་ཡིན་པ་ལ་མཐའ་མཚུངས་ཟུར་གསུམ་དབྱིབས་མ་ཡིན་པ་ཡོད་དེ། ཟུར་མཚུངས་ཟུར་གསུམ་དབྱིབས་དེ་ཡིན་པའི་ཕྱིར། ཞེས་འབྱུང་ལ། འདི་ལ་བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱི་བརྗོད་སྟངས་མི་འདྲ་སྟེ། མཐའ་མཚུངས་ཟུར་གསུམ་དབྱིབས་དང་ཟུར་མཚུངས་ཟུར་གསུམ་དབྱིབས་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དང་། དེ་གཉིས་ཀྱི་རང་ལྡོག་ཐ་དད་ལས། དོན་གཅིག་ཡིན་པས་ཅིག་ཤོས་དེ་ཡིན་ན་ཅིག་ཤོས་དེ་མ་ཡིན་པར་བརྗོད་ཁག་པ་དང་། བྱས་པ་དང་མི་རྟག་པ་ལྟ་བུ་ཡིན་ཏེ། དེ་གཉིས་ཀྱི་མཚན་ཉིད་མི་འདྲ་མོད། ཁྱབ་བྱ་གཅིག་ཡིན་པར་མ་ཟད་ཕན་ཚུན་ཡིན་ཁྱབ་མཉམ་གྱི་འབྲེལ་བ་གྲུབ། རི་མོར་བཀོད་ན་བཤམ་གསལ་ལྟར།འདི་ལས་རྟོགས་ཐུབ་པ་ནི་བྱས་པ་ཡིན་ན་མི་རྟག་པ་ཡིན་པའི་ཁྱབ་པ་དང་མཐའ་མཚུངས་ཟུར་གསུམ་དབྱིབས་ཡིན་ན་ཟུར་མཚུངས་ཟུར་གསུམ་དབྱིབས་ཡིན་པའི་ཁྱབ་པ་དང་། འདི་གཉིས་རང་ལྡོག་ཐ་དད་ལས་དོན་གཅིག་ཡིན་པར་མ་ཟད་ཁྱབ་བྱའང་གཅིག་ཡིན་པས་དེ་འདྲའི་འགལ་བ་མེད་པར་སྙམ།
མཚན་ཉིད་ཀྱི་གྲུབ་སྟངས་ཐད་བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིག་རིག་པ་གཉིས་ལ་ཁྱད་པར་ཆེན་པོ་མེད་དེ། གཉིས་ཀར་མཚན་ཉིད་དང་མཚོན་བྱ་ཕྲད་བཅས་ཀྱིས་གྲུབ་པ་ཡིན། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་ཕྲད་ཕལ་ཆེར་ནི་སྒྲ་ཡིན་པ་དང་བོད་བརྒྱུད་ཚད་མ་རིག་པར་ཡོད་པའི་མཚན་ཉིད་ཡོད་དེ་ཞེས་དེ་སྒྲ་དང་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཅེས་འབྲེལ་སྒྲ་ཡོད་སའང་ཡོད། གང་ལྟར་ཀྱང་ཕྲད་ནི་གཉིས་ཀར་ཡོད། དེ་ལས་གཞན་བོད་བརྒྱུད་ཚད་མ་རིག་པར་མཚན་གཞིའི་རྣམ་གཞག་ཅིག་ཡོད་ལ། དུས་རྒྱུན་མཚན་མཚོན་གཞི་གསུམ་ཞེས་བརྗོད་ཅིང་། མཚན་གཞི་ནི་མཚོན་བྱ་ངེས་བྱེད་ཀྱི་དཔེར་བརྗོད་ལྟ་བུ་ཡིན། འོན་ཀྱང《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག》②ལས་སྔོན་གྱི་གྲུབ་མཐའ་འཛིན་པ་ཕལ་ཆེར་ནི་མཚོན་པར་བྱ་བའི་གཞི་ཞེས་མཚོན་བྱ་དང་མཚན་གཞི་གཅིག་ཏུ་བྱེད་དེ། ཊཱིཀ་འཐད་ལྡན་ལས་ཀྱང་དེ་ལྟར་བཤད་ལ། དབུ་མ་རྩ་བ་ལས་ཀྱང་། མཚན་གཞི་མཚན་ཉིད་མ་གཏོགས་པའི། ། དངོས་པོ་ཡང་ནི་ཡོད་མ་ཡིན། །ཞེས་འབྱུང་། གཞན་ད་དུང་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《ཚད་མ་རིག་གཏེར་གྱི་དགོངས་རྒྱན་
གྱི་ལུགས་ངན་ཕམ་བྱེད》③ལས། ཐ་སྙད་འདི་ལ་ཡང་མིང་གི་ཐ་སྙད་ཅིག་དང་རིགས་ཀྱི་ཐ་སྙད་ཅིག་ཡོད་ལ། འདིར་མཚོན་བྱར་བཞག་པ་ནི་ཕྱི་མ་ཁོ་ནའོ། ། མིང་གི་ཐ་སྙད་ལ་ནི་མཚོན་བྱ་ཡིན་མིན་གཉིས་འབྱུང་ངོ་། ། དེ་ཡང་རི་བོ་འབིགས་བྱེད་ཅེས་པའི་མིང་ཆོས་ཅན། མཚོན་བྱ་མིན་ཏེ། ཁྱོད་ཀྱི་དོན་དུ་རུང་བ་དེ་ཁྱོད་རང་ལ་བལྟོས་པའི་མཚན་གཞི་དེ་ལ་མི་སྲིད་པའི་ཕྱིར། སྲིད་ན་གང་ཡིན། རི་བོ་འབིགས་བྱེད་ཉིད་དོ་སྙམ་ན་དེ་ཉིད་དེའི་མཚན་གཞི་ཡིན་པ་བཞད་གད་ཀྱི་གནས་སོ། ། ཞེས་འབྱུང་བས། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་མཚན་གཞིའི་རྣམ་གཞག་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་བཤད་བཞིན་པའི་མཚོན་བྱའི་ཁྱབ་བྱ་ཞེས་པ་དང་གཉིས་སུ་མ་མཆིས་ཤིང་། དཔེར་ན་ཕྱི་ཚུལ་གཏན་ཚིགས་རིག་པ་ལས་ཕོ་བྲང་པོ་ཏ་ལ་ལྟ་བུ་ཁྱབ་བྱ་མེད་པའི་དངོས་པོར་བཞེད་པས། མཚོན་བྱ་དང་མཚན་ཉིད་གཅིག་ཏུ་བྱེད་པ་ནི་འདི་ལྟ་བུའི་མིང་ལ་གཞིར་བྱས་བརྗོད་པ་ཡིན་པར་འདོད་དོ། །

གཉིས། མཚན་ཉིད་ཀྱི་འཇོག་སྟངས་སྐོར།

མཚན་ཉིད་ཀྱིས་དངོས་པོ་གང་རུང་གི་ངོ་བོ་དང་རང་བཞིན་ཁྱད་ཆོས་བཅས་ཕྱོགས་སྡོམ་བྱས་ནས་གཏིང་ཟབ་པའི་སྒོ་ནས་དེའི་དོན་རྟོགས་པ་དང་འཛིན་བདེ་བ་བཅས་ཀྱི་བྱེད་ནུས་ཡོད་ཅིང་། ལྷག་པར་དུ་རྩོད་པའི་ཁྲོད་ཐ་སྙད་གང་ངམ་རྩོད་བྱའི་ནང་དོན་དེ་གཅིག་གྱུར་ཡོང་བ་བཅས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། མཚན་ཉིད་འཇོག་སྟངས་ནི་མཚན་ཉིད་ཡང་དག་ཅིག་ཡོང་བའི་རྨང་གཞི་ཡིན་པ་དང་། བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱི་མཚན་ཉིད་འཇོག་སྟངས་ལ་ཁྱད་པར་ཅུང་ཟད་ཡོད་དེ། ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་མཚན་ཉིད་ལ་རིགས་ལྔ་དང་བཞི་བཅས་རིགས་མི་མཐུན་པ་མང་པོ་འདུག་ལ།《གཏན་ཚིགས་རིག་པའི་སྤྱི་བཤད》(《逻辑学导论》)④ལས། ༡.གཏན་འཁེལ་མཚན་ཉིད། (规定定义)༢.ཚིག་མཛོད་མཚན་ཉིད། (词典定义)༣.ཞིབ་ཚགས་མཚན་ཉིད། (精确定义)༤.གཞུང་ལུགས་མཚན་ཉིད།(理论定义)༥.དཔྱད་གླེང་མཚན་ཉིད(说服定义)བཅས་རིགས་ལྔ་ལྷག་ཡོད་པ་དང་། ཡང《ཕྱི་ཚུལ་གཏན་ཚིགས》⑤ཞེས་པའི་དཔེ་དེབ་ཁྲོད་མཚན་ཉིད་ལ་རིགས་བཞིར་དགར་ཡོད་དེ། ངོ་བོའི་མཚན་ཉིད(性质定义)དང་། བྱུང་བའི་མཚན་ཉིད། (发生定义)བྱེད་ལས་ཀྱི་མཚན་ཉིད།(功用定义)འབྲེལ་བའི་མཚན་ཉིད།(关系定义)བཅས་ཡིན་ལ། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་མཚན་ཉིད་དབྱེ་བ་བཞག་ཡོད་པ་ཉུང་ལ། བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག》⑥ལས། མཚན་ཉིད་ནི་གཞུང་ལུགས་ལས་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད། རྣམ་དབྱེའི་མཚན་ཉིད་བཅས་གསུམ་དང་།ཡང་ལོག་རྟོག་སེལ་བ་དང་རིགས་མི་མཐུན་གཅོད་པའི་མཚན་ཉིད་གཉིས་ཞེས་འབྱུང་ཞིང་། རང་གི་མཚན་ཉིད་ཅེས་པ་ནི་མེའི་ཚ་བ་ལ་སོགས་པ་རང་རང་གི་ངོ་གདོང་སྟེ་གཞན་ལ་མེད་པ་དང་། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་བདག་མེད་ལ་སོགས་པ་རང་གཞན་ཐུན་མོང་དུ་ཡོད་པའོ། ། རྣམ་དབྱེའི་མཚན་ཉིད་ནི་ཆོས་རྣམ་མཐུན་དངོས་དང་གཞན་དངོས་ལས་ལོག་པའི་ལྡོག་པའི་དབྱེ་བ་དུ་མ་ཡིན་ཞེས་འབྱུང་བ་དང་། ཡང་ལོག་རྟོག་སེལ་བའི་མཚན་ཉིད་ནི་རང་ཉིད་འདོད་པས་གཞན་གྱི་འདོད་པ་སྒྲུབ་པར་འདོད་པའི་ལོག་རྟོག་སེལ་བ་ལ་སོགས་པ་ཡིན་ལ། རིགས་མི་མཐུན་གཅོད་པ་ནི་ཚུལ་གསུམ་གྱིས་ལྟར་སྣང་གསུམ་སེལ་བ་ལྟ་བུའོ། ། ཞེས་འབྱུང་ཞིང་། འདི་ལས་གཞན་པའི་མཚན་ཉིད་ཀྱི་དབྱེ་བ་ནི་མ་མཐོང་ངོ། ། ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་ཀྱི་མཚན་ཉིད་ཀྱི་དབྱེ་བ་རེ་འགའ་ནི་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། དཔེར་ན་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་མཚན་ཉིད་མང་ཆེ་བ་ནི་འདིའི་ཁྲོད་ཀྱི་དབྱེ་བ་དང་པོ་སྟེ། ངོ་བོའི་མཚན་ཉིད་ཡིན་པ་དང་། གཞན་ད་དུང་དབྱེ་བ་དང་པོ་དང་གསུམ་པ་གཉིས་མཉམ་བསྲེས་ཀྱི་མཚན་ཉིད་འཇོག་སྟངས་ཀྱང་ཡོད་དེ། དཔེར་ན་མེའི་མཚན་ཉིད་ལ་ཚ་ཞིང་བསྲེགས་པ་འཇོག་ལ། དེའི་སྐབས་ཚ་བ་ནི་མེའི་ངོ་བོ་དང་བསྲེགས་པ་ནི་མེའི་བྱེད་ལས་ཞེས་བརྗོད། འདི་ནི་ངོ་བོའི་མཚན་ཉིད་དང་བྱེད་ལས་ཀྱི་མཚན་ཉིད་གཉིས་ལས་གྲུབ་པ་ལྟ་བུའོ། །
མཚན་ཉིད་འཇོག་ཐབས།
ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་ཀྱི་མཚན་ཉིད་འཇོག་ཐབས་ནི་བོད་བརྒྱུད་ཚད་མ་རིག་པས་མ་བརྗོད་པའི་ཅུང་དམིགས་བསལ་རང་བཞིན་གྱི་དོན་ཚན་ཞིག་ཡིན་ལ། 《གཏན་ཚིགས་རིག་པའི་སྤྱི་བཤད》(《逻辑学导论》)⑦ལས་མཚན་ཉིད་འགོད་ཐབས་ལ་ཁྱབ་བྱའི་ཆ་ནས“示例定义、实指定义、准实指定义”བཅས་གསུམ་དང་། དོན་གྱི་ཆ་ནས “同义定义、操作定义、属加种差定义”བཅས་བསྡོམས་ན་དྲུག་ཡོད། ཁྱབ་བྱའི་ཆ་ནས་བཞག་པའི་དང་པོ་རིགས་འདྲེན་མཚན་ཉིད(示例定义)ནི་རང་གི་ཁྱབ་བྱ་རེ་འགའ་དྲངས་ནས་ཁྱབ་བྱེད་མཚོན་པར་བྱེད་པ་ཞིག་ཡིན། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་དུ་དེ་ལ་མཚན་ཉིད་ཀྱི་མིང་གིས་མི་བརྗོད་མོད། མིང་གང་ཞིག་གསལ་བར་བྱེད་ཆེད་ཁྱབ་བྱ་དང་རིགས་འགོད་པ་ལ་བརྟེན་ནས་གསལ་བར་བྱེད་པ་ཡོད་དེ། དཔེར་ན་ཟླུམ་པོ་གཞག་ཡོད་དེ་གོར་གོར་རམ་སྒོང་ང་ལྟ་བུའི་དབྱིབས་དེ་ཡིན་པའི་ཕྱིར་ཞེས་པ་ལྟ་བུར་མཚོན་ན་དེ་ནི་རིགས་འདྲེན་པའི་ཐབས་ལ་བརྟེན་ནས་བྱུང་བ་ཡིན། གོར་གོར་རམ་སྒོང་ང་ལྟ་བུའི་དབྱིབས་དེར་བརྟེན་ནས་ཟླུམ་པོར་ངེས་པ་ཡིན་ལ། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་དེ་ནི་མཚན་ཉིད་ངེས་བྱེད་ཀྱི་མཚན་གཞི་ལྟ་བུ་ཡིན། གཉིས་པ་མཛུབ་སྟོན་མཚན་ཉིད(实指定义)འཇོག་ཐབས་ནི། བརྗོད་བྱའི་དངོས་པོ་དེར་མཛུབ་མོ་བཙུགས་ནས་སྟོན་པའི་ཐབས་ཤིག་ཡིན་ལ། དེ་འདྲའི་མཚན་ཉིད་འཇོག་ཐབས་ལ་དུས་དང་ཡུལ་གྱི་ཚད་བཀག་ཡོད་དེ། བུམ་པའི་དགག་གཞིར་བུམ་པའི་དོན་སྟོན་པའི་ཐབས་སུ་མི་འགྱུར་ཞིང་། ངེས་པར་དུ་ཡུལ་དུས་རང་བཞིན་མ་འདྲེས་པ་ཞིག་དགོས། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་དེ་འདྲའི་མཚན་ཉིད་འཇོག་པའི་ཐབས་མེད་མོད། བ་ལང་མཐོང་མྱོང་མེད་པའི་མི་ལ་ནག་སྒུར་བསྟན་ནས་གན་ནི་བ་ལང་སྟེ། ནོག་དང་ལྐོག་ཤལ་དང་ལྡན་པའི་ཕྱིར་རོ་ཞེས་པ་ལྟ་བུ་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི“准实指定义”ཁོངས་སུ་འདུ་ཞིང་། མཛུབ་སྟོན་མཚན་ཉིད་ཀྱིས་གསལ་ཁ་མ་ཐོན་པའི་ཆད་པ་བསྐོང་ཆེད་བརྡ་དང་ཞིབ་བརྗོད་བྱེད་པའི་ཐབས་ཟུང་འབྲེལ་བྱེད་པ་ཞིག་ཡིན་པས་དེ་ལ“准实指定义”ཟེར། མིའི་རིགས་ནི་ཐོག་མར་ཐབས་ལམ་འདི་ལ་བརྟེན་ནས་མིང་དང་ཚིག་གི་དོན་རྟོགས་པའི་ལམ་དུ་ཞུགས་པ་ཡིན་ཞིང་། མཚན་ཉིད་ཀྱི་འབྱུང་ཁུངས་བརྗོད་སྐབས་ལ་ལས་དེ་ལ་གནའ་བོའི་མཚན་ཉིད་འགོད་ཐབས་ཞེས་བྱ། བོད་བརྒྱུད་ཚད་མ་རིག་པའི་ཁྲོད་དུའང་མཚན་མཚོན་གྱི་ངེས་རིམ་ལས། མཚན་ཉིད་སྔོན་དུ་ངེས་ཤིང་མཚོན་བྱ་རྗེས་ལ་ངེས་པའི་མཚན་མཚོན་ཚད་མའི་ངེས་རིམ་ཞིག་ཡོད་ཅིང་། ཐོག་མར་ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་རྟོགས་པའི་སྟེང་ལ་དེར་བུམ་པ་ཞེས་བརྗོད་པའི་མིང་ཆགས་པ་བཞིན་ཡིན། དོན་སྤྱིའི་ཆ་ནས་བཞག་པའི་མཚན་ཉིད་འགོད་ཐབས་ལ་གསུམ་ལས། དང་པོ་དོན་གཅིག་པའི་མཚན་ཉིད(同义定义)འགོད་ཐབས་ནི་མཚོན་བྱ་དང་དོན་གཅིག་པའི་ཤེས་ཟིན་པའི་ཐ་སྙད་ཅིག་གི་དོན་སྤྱད་ནས་མཚོན་བྱ་རྟོགས་པར་བྱ་བ་ཞིག་ལ་ཟེར། དོན་གཅིག་པའི་མཚན་ཉིད་འགོད་ཐབས་ནི་ཚིག་མཛོད་ནང་བཀོལ་ཁྱབ་ཆེ་སྟེ། དཔེར་ན་ཁག་ཅེས་པའི་མིང་དེར་འགྲེལ་བ་བྱེད་དུས་ཚོགས་པ་དང་དོན་གཅིག་ཅེས་འབྱུང་ལ། འདི་ལས་ཤེས་ཟིན་པའི་ཚོགས་པ་ཞེས་པའི་དོན་སྤྱད་ནས་དེ་དང་དོན་གཅིག་པའི་ཁག་ཅེས་པའི་མིང་ལ་འགྲེལ་བྱས་ཡོད་པ་ལྟ་བུའོ། ། གཉིས་པ་བཀོལ་སྤྱོད་མཚན་ཉིད(操作定义)ཅེས་པ་ནི་དེ་འདྲའི་བཀོལ་ཁྱབ་ཆེ་བ་མིན་པས་དགོད་པར་མི་བྱ། གསུམ་པ་ནི་ངོ་བོ་དང་ཁྱད་པར་སྦྱར་ནས་བརྗོད་པའི(属加种差定义)ཐབས་དེ་ཡིན་ལ། དེ་ནི་བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀའི་ཁྲོད་ཆེས་རྒྱུགས་ཆེ་བའི་མཚན་ཉིད་འགོད་ཐབས་ཤིག་ཡིན། དཔེར་ན་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་མེའི་མཚན་ཉིད་འགོད་པའི་སྐབས་ཚ་བ་ནི་མེའི་ངོ་བོ་ཡིན་པ་དང་སྲེག་པ་ནི་མེའི་ཁྱད་པར་ཡིན། ཡང་ན་ཚ་བ་ནི་སྲེག་པའི་སྤྱི་ཡིན་པ་སྲེག་པ་ནི་ཚ་བའི་བྱེ་བྲག་ཡིན་པས་ངོ་བོ་དང་ཁྱད་པར་སྦྱར་བའི་ཐབས་སྤྱད་པ་ཡིན། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་ཀྱང་མིའི་མཚན་ཉིད་ནི་ལག་ཆ་བཀོལ་སྤྱོད་བྱེད་ཤེས་པའི་སྲོག་ཆགས་ཞེས་འབྱུང་ལ། དེ་ལས་སྲོག་ཆགས་ནི་མི་ཡི་སྤྱི་ཡིན་པ་དང་ལག་ཆ་བཀོལ་སྤྱོད་བྱེད་ཤེས་པ་ནི་སྲོག་ཆགས་ཀྱི་ཁྱད་པར་ཡིན་པ་སོགས་དཔེ་མང་ངོ་། །

མཚན་ཉིད་འཇོག་པའི་རྩ་དོན།
མཚན་ཉིད་འཇོག་སྐབས་བརྩི་སྲུང་བྱ་དགོས་པའི་རྩ་དོན་ནི་བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱིས་གཙུག་ཆེན་བྱེད་པའི་གནད་ཅིག་ཡིན་ལ། ཕྱི་ཚུལ་གཏན་ཚིགས་རིག་པར་བརྩི་བྱའི་རྩ་དོན་ལ་འདོད་ཚུལ་སྣ་ཚོགས་ཡོད་པ་ལས་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་ནི། གཅིག མཚན་ཉིད་དང་མཚོན་བྱའི་ཁྱབ་ཁོངས་གཅིག་མཐུན་ཡིན་དགོས་པའི་རྩ་དོན། གཉིས། མཚན་ཉིད་བསྐྱར་བསྡུས་བྱ་མི་རུང་བའི་རྩ་དོན། གསུམ། མཚན་ཉིད་ཁྲོད་དངོས་བརྒྱུད་གང་རུང་ནས་མཚོན་བྱ་འབྱུང་མི་རུང་བའི་རྩ་དོན། བཞི། ཚིག་རྒྱན་དང་དཔེ་འགོད་བྱ་མི་རུང་བའི་རྩ་དོན། ལྔ། དགོས་མེད་ཀྱི་དགག་སྒྲ་སྦྱོར་མི་རུང་བའི་རྩ་དོན། དེབ་རེ་འགར་ཐད་ཀར་དགག་སྒྲ་སྦྱོར་མི་རུང་བའི་རྩ་དོན་ཞིག་བཞག་ཡོད་མོད། དེ་ནི་དོན་དང་མི་མཐུན་པའི་གཏམ་ཞིག་ཏུ་སྣང་ལ། དུས་རྒྱུན་ངེས་པར་དགག་སྒྲ་སྦྱོར་དགོས་པའི་མཚན་ཉིད་དེ། བོད་སྐད་ཁྲོད་སྤྱི་ཅེར་དང་དངོས་མེད་ལ་སོགས་པའི་དགག་པའི་དོན་ཅན་གྱི་ཐ་སྙད་དག་ལ་ངེས་པར་དུ་དགག་སྒྲ་སྦྱོར་དགོས་པས་དེ་ནི་མ་ངེས་སོ། ། དེ་བཞིན་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱང་མཚན་ཉིད་ཀྱི་སྐྱོན་གསུམ་བཤད་ཡོད་དེ། 《ཚད་མ་རིག་གཏེར》⑧ལས། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །
མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། ། ཞེས་འབྱུང་ལ། མཚན་ཉིད་བཀོད་པ་གང་ཞིག་ལ་མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པ། དཔེར་ན་བ་ལང་གི་མཚན་ཉིད་ལ་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུ་ཡིན། ཁྱབ་ཆེས་པ་ནི་མཚན་ཉིད་གང་ཞིག་མཚན་གཞི་ལ་ཁྱབ་ཅིང་མཚོན་དོན་མེད་པར་ཞུགས་པའོ། ། དཔེར་ན་བ་ལང་གི་མཚན་ཉིད་ལ་མགོ་ལྡན་བཀོད་པ་ལྟ་བུ། མི་སྲིད་པ་ནི་མཚན་ཉིད་གང་ཞིག་མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། ། དེ་ལ་རང་ལྡོག་མ་གྲུབ་ནས་མི་སྲིད་པ་དང་རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པ་དང་གཉིས་ཡོད་ཅིང་། དེ་ལས་རང་ལྡོག་མ་གྲུབ་ནས་མི་སྲིད་པ་ནི་རང་བཞིན་གྱི་ཐ་སྙད་དང་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་མཚན་ཉིད་དུ་བཀོད་པའོ། ། ཞེས་འབྱུང་བས་དེ་ནི་ཕྱི་ཚུལ་གཏན་ཚིགས་རིག་པ་ལས་བཤད་པའི་མཚན་ཉིད་ཁྲོད་མཚོན་བྱ་མི་འབྱུང་བའི་རྩ་དོན་དེ་དང་གཅིག་འདྲ་ཡིན་ལ། མཚན་ཉིད་ཁྲོད་མཚོན་བྱ་བྱུང་ན་ནི་མཚོན་བྱ་གསལ་བར་བྱེད་པར་གེགས་ཡོད་དེ། དཔེར་ན་རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་དུ་བརྗོད་པ་ལྟ་བུ་ཡིན་ལ། འདི་ལས་རྟགས་མ་ངེས་པའི་རྒོལ་བ་གང་དེའི་ངོར་རྟགས་སུ་བཀོད་པ་ངེས་མི་སྲིད་པ་དང་གལ་སྲིད་རྟགས་སུ་བཀོད་པ་ངེས་པའི་གང་ཟག་ལ་རྟགས་བཀོད་པ་དགོས་པ་མེད་པར་འགྱུར་བའི་ཕྱིར། ཡང《བསེ་བསྡུས་གྲྭ》⑨ལས། རང་ལྡོག་གཅིག་གི་མཚན་ཉིད་ཡོད་དེ། རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། ཞེས་པ་ལྟ་བུར་མཚོན་ནའང་སྔར་བཞིན་རང་ལྡོག་གཅིག་གི་དོན་དེ་གསལ་བར་བྱེད་མི་བཏུབ་ལ། རྒྱུ་མཚན་ནི་རང་ལྡོག་མ་ངེས་པའི་གང་ཟག་གི་ངོར་རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་ངེས་མི་སྲིད་པའི་ཕྱིར། དེ་ནི་བོད་བརྒྱུད་ཚད་མ་རིག་པའི་མཚན་མཚོན་གྱི་རྣམ་གཞག་ཁྲོད་ཀྱི་རྒྱུན་མཐོང་གི་གནད་དོན་ཞིག་ཏུ་མཐོང་།

གཉིས་པ། མཚན་ཉིད་དང་མཚོན་བྱའི་འབྲེལ་བའི་སྐོར་གྱི་དཔྱད་བསྡུར།

གཅིག མཚོན་བྱ་དང་མཚན་ཉིད་ཀྱི་འབྲེལ་བའི་རིགས་དང་རྣམ་གྲངས་ཀྱི་སྐོར།མཚོན་བྱ་དང་མཚན་ཉིད་ཀྱི་འབྲེལ་བ་ནི་མཚན་ཉིད་ཡང་དག་ཅིག་ཡོང་མིན་གྱི་གནད་འགག་ཡིན་ལ། ང་ཚོས་མཚན་ཉིད་འཇོག་སྐབས་ཆེས་ཉམས་འཇོག་བྱ་འོས་པའི་གནད་ཅིག་ཀྱང་ཡིན། དེ་མདོར་བསྡུས་ན་ཡིན་ཁྱབ་མཉམ་གྱི་འབྲེལ་བ་དང་སྤྱི་དང་བྱེ་བྲག་གི་འབྲེལ་བ། འགལ་བའི་འབྲེལ་བ་བཅས་གསུམ་དུ་དབྱེ་ཆོག་ལ།ཡིན་ཁྱབ་མཉམ་གྱི་འབྲེལ་བ།ཡིན་ཁྱབ་མཉམ་གྱི་འབྲེལ་བ་ནི་མཚན་ཉིད་དང་མཚོན་བྱའི་ཁྱབ་ཁོངས་ལ་ཆེ་ཆུང་མེད་པར་ཕན་ཚུན་གཅིག་ཡིན་ན་ཅིག་ཤོས་དེ་ཡིན་པའི་ཁྱབ་པ་འགྲིག་པའི་འབྲེལ་བ་ཞིག་ཡིན་ལ། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་ཀྱང་མཚན་ཉིད་དང་མཚོན་བྱའི་འབྲེལ་བ་ནི་ཡིན་ཁྱབ་མཉམ(全同关系)ཡིན་དགོས་པའི་རྩ་དོན་ཞིག་ཡོད་དེ། དེ་ནི་མཚན་ཉིད་ཀྱི་ཁྱབ་བྱ་དང་མཚོན་བྱའི་ཁྱབ་བྱ་གཉིས་ཕན་ཚུན་ཆེ་ཆུང་མེད་པར་བརྗོད་པ་ཡིན་ཞིང་། བོད་བརྒྱུད་ཚད་མ་རིག་པ་ལས་ཐུན་མོང་མ་ཡིན་པའི་མཚན་མཚོན་ཁྱབ་པ་སྒོ་བརྒྱད་རྩི་ཚུལ་ཡོད་ལ། དེ་ཡང་མཚོན་བྱ་དང་མཚན་ཉིད་ཀྱི་ཁྱབ་ཁོངས་ལ་ཆེ་ཆུང་མེད་པར་བརྗོད་པ་ཡིན་ཏེ། མཚན་ཉིད་དེ་ཡིན་ན་མཚོན་བྱ་དེ་ཡིན་པའི་ཁྱབ་པ་དང་། མཚན་ཉིད་དེ་མིན་ན་མཚོན་བྱ་དེ་མིན་པའི་ཁྱབ་པ། མཚན་ཉིད་དེ་ཡོད་ན་མཚོན་བྱ་དེ་ཡོད་པའི་ཁྱབ་པ་དང་། མཚན་ཉིད་དེ་མེད་ན་མཚོན་བྱ་དེ་མེད་པའི་ཁྱབ་པ། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པའི་ཁྱབ་པ་དང་། མཚོན་བྱ་དེ་མིན་ན་མཚན་ཉིད་དེ་མིན་པའི་ཁྱབ་པ། མཚོན་བྱ་དེ་ཡོད་ན་མཚན་ཉིད་དེ་ཡོད་པའི་ཁྱབ་པ་དང་། མཚོན་བྱ་དེ་མེད་ན་མཚན་ཉིད་དེ་མེད་པའི་ཁྱབ་པ་བཅས་ཡིན་ལ། དེ་ནི་མཚན་ཉིད་ཡང་དག་ཅིག་ཡིན་མིན་གྱི་ཚད་གཞི་ལྟ་བུར་བགྲང་། འོན་ཀྱང་བོད་བརྒྱུུད་ཚད་མ་རིག་པའི་ཁྲོད་མཚན་མཚོན་གྲངས་མཉམ་མིན་གྱི་དོགས་སློང་ཞིག་ཡོད་དེ། 《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག་ལས》⑩མཚོན་བྱ་དང་མཚན་ཉིད་གྲངས་མཉམ་ན་བུམ་པ་དང་བ་ལང་ལ་སོགས་པའི་མཚོན་བྱ་གཅིག་ཡིན་པས་མཚན་ཉིད་ཀྱང་གཅིག་ཏུ་འགྱུར་ལ། དེ་འདོད་ན་ཡན་ལག་ཅན་གཅིག་ཏུ་འགྱུར་རོ། ། མཚོན་བྱ་ཚད་མ་གཅིག་ལ་མི་བསླུ་བ་དང་མ་རྟོགས་དོན་གསལ་ལ་སོགས་པའི་མཚན་ཉིད་དུ་མ་དང་མཚོན་བྱ་རྟགས་གཅིག་ལ་མཚན་ཉིད་གསུམ་དང་། བསྒྲུབ་བྱ་གཅིག་ལ་མཚན་ཉིད་བཞི་ལ་སོགས་པ་སློབ་དཔོན་གྱི་བཤད་པ་དང་འགལ་ལོ། ། ཞེས་འབྱུང་ལ། དེར་གཞིགས་ན་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ནི་མཚན་ཉིད་ཡང་དག་ཅིག་ཡིན་མིན་གྱི་ཚད་གཞིར་རུང་མིན་དོགས་དགོས་པའི་གནས་ཤིག་ཏུ་སེམས་ལ། མཚོན་བྱ་གཅིག་ལ་ཟུར་མི་འདྲ་བ་སྣ་ཚོགས་ཀྱིས་སྒོ་ནས་མཚན་ཉིད་དུ་མ་ཡོད་ཆོག་སྟེ། དཔེར་ན་རྫས་འགྱུར་རིག་པའི་ཁྲོད་ཆུའི་མཚན་ཉིད་ནི་ཆིང་རྡུལ་གཉིས་དང་དབྱང་རྡུལ་གཅིག་ལས་བྱས་པའི་རྫས་ཞིག་ཏུ་འདོད་ལ། ཚད་མ་རིག་པའི་ཁྲོད་བརླན་ཞིང་གཤེར་བ་ཆུའི་མཚན་ཉིད་དུ་བརྗོད་པས་མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པའི་ངེས་པ་མེད་དོ། །
སྤྱི་དང་བྱེ་བྲག་གི་འབྲེལ་བ།
སྤྱི་དང་བྱེ་བྲག་གི་འབྲེལ་བ་ནི་མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ཁྱབ་ཁོངས་འདྲ་མཉམ་མ་ཡིན་པར་གཅིག་གི་ཁོངས་སུ་གཅིག་འདུ་བ་དེ་ཡིན་ལ། དེ་ཡང་ཚད་མ་རིག་གཏེར་ཁྲོད་བྱུང་བའི་མ་ཁྱབ་པ་དང་ཁྱབ་ཆེ་བའི་མཚན་ཉིད་ཀྱི་སྐྱོན་ཏེ། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་ཀྱང་མཚན་ཉིད་ཁྱབ་ཆུང་བ(定义过窄)དང་མཚན་ཉིད་ཁྱབ་ཆེ་བའི(定义过宽)རྩ་དོན་དང་འགལ་བ་ཡིན། དཔེར་ན། རྐང་གཉིས་ཅན་གྱི་སྲོག་ཆགས་ནི་མི་ཡིན་ཞེས་པ་ལྟ་བུར་མཚོན་ན། མཚོན་བྱ་བྱེ་བྲག་དང་མཚན་ཉིད་སྤྱི་ཡིན་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་ཏེ། རྐང་གཉིས་ཅན་གྱི་སྲོག་ཆགས་ནི་མི་ལས་གཞན་ལའང་འཇུག་སྟེ། དཔེར་ན་བྱ་གག་བཞིན། བྱ་གག་ལ་དེའི་དོན་ཚང་སྟེ། རྐང་བ་གཉིས་ཡོད་པ་གང་ཞིག་ལ་སྲོག་ཆགས་ཀྱང་ཡིན་པའི་ཕྱིར། དེ་བས་འདི་འདྲའི་སྐྱོན་བྱུང་ན་མཚན་ཉིད་ཡང་དག་མ་ཡིན་པར་མ་ཟད། དོན་གྱི་གོ་བ་ལོག་པའི་ཉེན་ཁ་ཡོད་པའི་ཕྱིར། ཡང་གཅིག་བཤད་ན་འདི་འདྲའི་སྐབས་སུ་མཚན་ཉིད་ཀྱིས་མཚོན་བྱ་དེ་ཐུན་མོང་མ་ཡིན་པར་མཚོན་མི་ནུས་པས་མཚན་ཉིད་ཁྱབ་ཆེ་བའི་སྐྱོན་ཡིན། མཚན་ཉིད་ཁྱབ་ཆུང་བའི་སྐྱོན་ནི་སྨྲ་ཤེས་ཤིང་དོན་གོ་བའི་ཡི་གེ་ཤེས་མཁན་གྱི་གང་ཟག་ནི་མིའི་མཚན་ཉིད་ཡིན་ཞེས་པ་ལྟ་བུ་ཡིན་ལ། མཚན་ཉིད་འདིས་ཀྱང་མཚོན། གོང་གསལ་ལྟར་མཚོན་བྱ་མ་ལུས་པར་མཚོན་པའི་ནུས་པ་མེད་དེ། མཚོན་བྱའི་དོན་དེ་མཚན་ཉིད་དུ་མི་འདུ་ཞིང་། མཚོན་བྱ་སྤྱི་དང་མཚན་ཉིད་བྱེ་བྲག་ཡིན། མི་ལ་ད་དུང་ཡི་གེ་མི་ཤེས་པའི་མི་ཡང་ཡོད་པའི་ཕྱིར། མཚན་ཉིད་དེས་ཡི་གེ་མི་ཤེས་པའི་མི་མི་ཡིན་པར་སྒྲུབ་མི་ནུས་པས། མཚན་ཉིད་ཁྱབ་ཆུང་བ་ཡིན་ནོ། །མཚོན་བྱ་དང་མཚན་ཉིད་ཀྱི་འགལ་བའི་འབྲེལ་བ་ནི། མཚན་ཉིད་དེས་མཚོན་བྱ་དེའི་ཟུར་ཙམ་ཡང་མཚོན་མི་ནུས་པའི་རིགས་ལ་ཟེར་ཞིང་། དེ་ཡང་ཚད་མ་རིགས་གཏེར་ནང་བཤད་བཞིན་པའི་མི་སྲིད་པའི་སྐྱོན་དེ། དཔེར་ན། རྟའི་མཚན་ཉིད་དུ་ལྐོག་ཤལ་བཀོད་པ་བཞིན་ཞེས་འབྱུང་ལ། སྤྱིར་ལྐོག་ཤལ་ནི་བ་ལང་གི་མཚན་ཉིད་ཡིན་ལ། འདིར་རྟའི་མཚན་ཉིད་དུ་བཀོད་ན་འགལ་བ་ཡིན་ཏེ། རྟ་དང་བ་ལང་གཉིས་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། འདི་ནི་མཚན་ཉིད་ཁྲོད་མཚན་ཉིད་ཡང་དག་མ་ཡིན། མཚན་ཉིད་ཀྱི་ཁྱབ་ཁོངས་དང་མཚོན་བྱའི་ཁྱབ་ཁོངས་གཉིས་ལ་ཐུན་མོང་གི་ཆ་གཅིག་ཀྱང་མེད་པ་སྟེ། གོང་གསལ་གྱི་དཔེར་བརྗོད་ལ་མཚོན་ན་རྟའི་ཁྲོད་ན་ལྐོག་ཤལ་ཅན་མེད་ལ། བ་ལང་གི་ཁྲོད་ན་རྟ་མེད་པ་བཞིན་ནོ། །
གཉིས། མཚན་ཉིད་དང་མཚོན་བྱའི་འབྲེལ་བ་ཡང་དག་དང་ལྟར་སྣང་གི་སྐོར།
ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་ཀྱི་མཚན་ཉིད་ལ་རིགས་མང་པོ་ཞིག་དགར་ཡོད་ལ། དེ་དག་ཚང་མ་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་མཚན་ཉིད་ལྟར་གོ་ན་ཅུང་བདེ་བོ་ཞིག་མིན་ཏེ། རྒྱུ་མཚན་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྲོད་ཀྱི་མཚན་ཉིད་ནི་བོད་བརྒྱུད་ཚད་མ་རིག་པར་བཤད་བཞིན་པའི་མཚན་ཉིད་དང་བསྡུར་ན་ཅུང་རྒྱ་ཆེ་སྟེ། མིང་དང་ཐ་སྙད་གང་རུང་ཞིག་གི་དོན་གསལ་བར་བྱེད་པ་མཐའ་དག་མཚན་ཉིད་ཀྱི་མིང་གིས་བརྗོད། འོན་ཀྱང་བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་མཚན་ཉིད་ཀྱི་ཐ་སྙད་འདི་ནི་ཚད་མ་རིག་པ་དང་ནང་བསྟན་ཁྲོད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་པ་ལས། རིག་ཚན་གཞན་གྱི་ཁྲོད་མཚན་ཉིད་ཀྱི་ཐ་སྙད་བྱུང་བ་ཅུང་ཉུང་། དེ་བས་བོད་བརྒྱུད་ཚད་མ་རིག་པའི་མཚན་ཉིད་ཡང་དག་ཅིག་ཡིན་མིན་གྱི་ཚད་གཞི་དེའང་ཕྱི་ཚུལ་གཏན་ཚིགས་རིག་པ་དང་མི་མཐུན་པར་ཐུན་མོང་མ་ཡིན་པའི་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཚང་མིན་གྱི་འཇོག་ལ། དེ་ཡང་མདོར་དེད་ན་མཚན་ཉིད་དང་མཚོན་བྱའི་དོན་སྤྱའི་ཁྱབ་ཁོངས་ཀྱི་འབྲེལ་བའི་སྟེང་བཤད་དགོས་ཏེ། མཚན་ཉིད་དང་མཚོན་བྱའི་ཁྱབ་ཁོངས་ལ་ཡིན་ཁྱབ་མཉམ་གྱི་འབྲེལ་བ་གྲུབ་དུས་མཚན་ཉིད་ཡང་དག་ཡིན་པ་དང་། མཚོན་བྱ་དང་མཚན་ཉིད་ཀྱི་འབྲེལ་བའང་ཡང་དག་ཏུ་བརྗོད། གལ་སྲིད་མཚན་ཉིད་དང་མཚོན་བྱའི་འབྲེལ་བ་དེ་ཡིན་ཁྱབ་མཉམ་གྱི་འབྲེལ་བ་མ་གྲུབ་ཚེ་མཚོན་བྱ་དང་མཚན་ཉིད་ཀྱི་འབྲེལ་བ་ཡང་དག་ཏུ་མི་བརྗོད་པར་ལྟར་སྣང་དུ་བརྗོད། མཚོན་བྱ་དང་མཚན་ཉིད་ཀྱི་འབྲེལ་བ་ལྟར་སྣང་ལ་རིགས་བཞི་ཡོད་དེ། མཚན་ཉིད་སྤྱི་དང་མཚོན་བྱ་བྱེ་བྲག་ཡིན་པའི་འབྲེལ་བ་ཞིག་དང་། མཚན་ཉིད་བྱེ་བྲག་དང་མཚོན་བྱ་སྤྱི་ཡིན་པའི་འབྲེལ་བ། མཚན་ཉིད་དང་མཚོན་བྱ་ལ་མུ་བཞིའི་འབྲེལ་བ་གྲུབ་པ། མཚན་ཉིད་དང་མཚོན་བྱ་འགལ་བའི་འབྲེལ་བ་དང་བཞི་ཡོད་དེ། མཚན་ཉིད་སྤྱི་དང་མཚོན་བྱ་བྱེ་བྲག་ཡིན་པའི་འབྲེལ་བ་ནི་གཟུགས་ཀྱི་མཚན་ཉིད་ལ་དོན་བྱེད་ནུས་པ་བཞག་པ་ལྟ་བུ་ཡིན་ལ། དོན་བྱེད་ནུས་པའི་ཁྱབ་བྱ་སྤྱི་དང་གཟུགས་ཀྱི་ཁྱབ་བྱ་བྱེ་བྲག་ཡིན་པ་ལྟ་བུ་ཡིན་པ་དང་། མཚན་ཉིད་བྱེ་བྲག་ཡིན་པ་དང་མཚོན་བྱ་སྤྱི་ཡིན་པའི་འབྲེལ་བ་ནི་སྲོག་ཆགས་ཀྱི་མཚན་ཉིད་ལ་སྨྲ་ཤེས་ཤིང་དོན་གོ་བ་བཞག་པ་ལྟ་བུ་ཡིན། ཡང་མཚན་ཉིད་དང་མཚོན་བྱ་ལ་མུ་བཞིའི་འབྲེལ་བ་གྲུབ་པ་ནི་དབྱིབས་ཀྱི་མཚན་ཉིད་མདོག་ཏུ་རུང་བ་བཞག་པ་ལྟ་བུ་ཡིན་ལ། འདིའི་ཁྲོད་ཀྱི་མཚན་ཉིད་མདོག་ཏུ་རུང་བ་དེའི་ཁྱབ་བྱ་ནི་ཁ་དོག་ཐམས་ཅད་ཡིན་ལ། མཚོན་བྱ་དབྱིབས་ཀྱི་ཁྱབ་བྱ་ནི་དབྱིབས་ཐམས་ཅད་ཡིན་པས་དེ་གཉིས་ཀྱི་ཁྱབ་བྱ་ལ་མུ་བཞིའི་འབྲེལ་བ་གྲུབ། དེ་བས་མཚན་ཉིད་དང་མཚོན་བྱ་ལ་མུ་བཞིའི་འབྲེལ་བ་གྲུབ་པ་ཞེས་བརྗོད། མཚོན་བྱ་དང་མཚན་ཉིད་འགལ་བའི་འབྲེལ་བ་ནི་བུམ་པའི་མཚན་ཉིད་ལ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་བཞག་པ་ལྟ་བུ་ཡིན་ནོ། །
མཇུག་སྡུད་པ།
མཚན་ཉིད་འགོད་པའི་ཐབས་ནི་ས་གནས་དང་མི་རིགས། རྒྱལ་ཁབ་སོགས་ཀྱི་དབྱེ་བ་མ་མཆིས་པར་སོ་སོས་རིག་གཞུང་སྒྲུབ་པའི་གོ་རིམ་དང་དུས་རྒྱུན་འཚོ་བའི་ཁྲོད་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། དེ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་རྣམ་གཞག་རེ་ཡོད་པས། དེ་དག་ཕན་ཚུན་བསྡུར་བ་བྱས་ཏེ་ཕན་ཚུན་གྱི་ལེགས་ཆ་ལེན་པ་དང་ཞན་ཆ་དོར་ནས་མི་རིགས་ཀྱི་རིགས་གནས་གོང་འཕེལ་གཏོང་རྒྱུ་ནི་ང་ཚོ་གཞོན་རབས་པ་རྣམས་ཀྱི་འོས་འགན་ཡིན་པར་མ་ཟད། དུས་རབས་དང་མཐུན་པའི་འཕེལ་ཕྱོགས་ཤིག་ཀྱང་ཡིན། དེའི་ཕྱིར་ཁོ་བོས་འདིར་ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་བརྒྱུད་ཚད་མ་རིག་པའི་མཚན་མཚོན་གྱི་རྣམ་གཞག་ལ་རང་བློ་ལྕོགས་ཚོད་ཀྱིས་ཟུར་མི་འདྲ་བའི་སྒོ་ནས་དཔྱད་བསྡུར་ཕྲན་ཙམ་བྱས་ལགས།

སྤྱིར་མཚན་མཚོན་གཉིས་ནི་འཇིག་རྟེན་ཁམས་ཀྱི་ཤེས་བྱ་ཡོད་དོ་ཅོག་གི་ངོ་བོ་ངོས་འཛིན་དང་ཤེས་རྟོགས་བྱེད་པའི་ཐབས་ལམ་གཅིག་པུ་དེ་ཡིན་པས་གཏན་ཚིགས་རིག་པའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེ་བས་དཔྱད་རྩོམ་འདིར་ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་བརྒྱུད་ཚད་མ་རིག་པའི་མཚན་མཚོན་གྱི་རྣམ་གཞག་ལས་མཚན་ཉིད་ཀྱི་གྲུབ་ཆ་དང་འགོད་ཐབས། མཚན་ཉིད་འགོད་པའི་རྩ་དོན། མཚན་ཉིད་དང་མཚོན་བྱའི་འབྲེལ་བ་བཅས་གཞིར་བཟུང་ནས་ཕན་ཚུན་ཞིབ་བསྡུར་གྱི་ཐབས་ལ་བརྟེན་ནས་མདོ་ཙམ་དཔྱད་ཡོད། །


* བདྨ་དཔའ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2018ལོའི་ཚད་མ་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:8
② བཅོམ་ལྡན་རིག་པའི་རལ་གྲི། ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:50

③ པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ།(ཐ)[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:197
④ 欧文,柯匹和卡尔•恩科 张建军等译 逻辑学导论[M]中国人民大学出版社 2019:102-109

⑤ 蔡贤浩 宋荣 形式逻辑(第五版)[M]华中师范大学出版社2015:32

⑥ བཅོམ་ལྡན་རིག་པའི་རལ་གྲི། ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:50
④ 欧文,柯匹和卡尔•恩科 张建军等译 逻辑学导论[M]中国人民大学出版社 2019:102-109

⑤ 蔡贤浩 宋荣 形式逻辑(第五版)[M]华中师范大学出版社2015:32

⑥ བཅོམ་ལྡན་རིག་པའི་རལ་གྲི། ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:50
⑧ ས་པཎ་ཀུན་དགའ་རྒྱལ་མཚན། ཚད་མ་རིག་གཏེར། [M] མི་རིགས་དཔེ་སྐྲུན་ཁང་། 1988:195
⑧ ས་པཎ་ཀུན་དགའ་རྒྱལ་མཚན། ཚད་མ་རིག་གཏེར། [M] མི་རིགས་དཔེ་སྐྲུན་ཁང་། 1988:195
⑩ བཅོམ་ལྡན་རིག་པའི་རལ་གྲི། ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:47






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1