རྒྱ་བོད་ཚིག་ཕྲད་གཤིབ་བསྡུར་དང་ལོ་ཙཱ་བྱེད་སྟངས་ ལས་གྲོགས་ཚིག་གི་སྐོར་གླེང་བ།

ཤེས་རབ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06



[གནད་བཏུས] རྒྱའི་བརྡ་སྤྲོད་རིག་པའི་གྲོགས་ཚིག (助词)ཟེར་བ་ནི་ཚིག་ཕྲད(虚词)ལ་གཏོགས་ཤིང་། བསྣན་ཚིག(副词)དང་སྦྲེལ་ཚིག(介词)དེ་མིན་འབོད་སྒྲ(叹词)སོགས་དང་འདྲ་བར་རང་ཉིད་རྐྱང་པས་བརྗོད་བྱ་གང་ཡང་སྟོན་མི་ནུས་ཏེ་ཚིག་བར་དུ་སྦྱར་ཚེ། ཚིག་གོང་འོག་སྔ་ཕྱི་གཉིས་ཀྱི་བྱ་དངོས་དོན་དག་རྣམས་འཕྲད་དུ་བཅུག་ནས་གོ་བརྡ་ཆ་ཚང་བ་དང་ཡང་དག་པ་ཞིག་སྟོན་པར་གྱུར་པས། ཚིག་གི་སྦྱོར་བྱེད་ཙམ་དུ་སྣང་བའི་སྒྲ་ཞིག་ཡིན། ཚིག་ཕྲད་ཀྱི་གྲངས་འབོར་མི་མང་རུང་། སྐད་བརྡའི་ངོས་ནས་གོ་གནས་དང་བྱེད་ནུས་གལ་ཆེན་ཟིན་ཡོད་ལ། འབྱུང་ཕྱོད་ཀྱང་ཧ་ཅང་མཐོ། དེའི་ཕྱིར། རྒྱའི་གྲོགས་ཚིག་ལྟ་བུའི་ཚིག་ཕྲད་ཀྱི་སྤྱོད་སྟངས་དང་ལོ་ཙཱ་བྱེད་སྟངས་བློ་ལ་ངེས་རྒྱུ་ནི། ལོ་ཙཱའི་རྨང་གཞི་ཞིག་ཏུ་ཆགས་ཡོད་པ་རེད། དཔྱད་རྩོམ་འདིར་རྒྱ་བོད་ལོ་ཙཱའི་ཁྲོད་དུ་ཚིག་ཕྲད་ལས་བྱེ་བྲག་གི་གྲོགས་ཚིག(助词)གི་སྐོར་གཤིབ་བསྡུར་བྱེད་པར་བརྟེན་ནས། གྲོགས་ཚིག་གི་ཁྱད་པར་དང་ལོ་ཙཱ་བྱེད་སྟངས་ལ་གླེང་མོང་ཅུང་ཙམ་བྱས་ཡོད།

[གནད་ཚིག] ཚིག་ཕྲད། གྲོགས་ཚིག གཤིབ་བསྡུར། ལོ་ཙཱ།

རྒྱའི་ཚིག་ཕྲད་ནི་བརྡ་སྤྲོད་པར་ཞོར་འདེགས་ཀྱི་ནུས་པ་ཐོན་པའི་སྐད་བརྡའི་གྲུབ་ཁག་ཅིག་ཡིན་ལ། དངོས་མིང་ལ་རོགས་བྱས་ཏེ་ཚིག་འགྲུབ་པ་དང་། བྱ་བ་སྟོན་པ། བརྩེ་དུང་བརྗོད་པ། སྐད་གདངས་མཚོན་པར་བྱེད་པ་ཞིག་ཡིན། དངོས་མིང་དང་བསྡུར་ན་ཚིག་ཕྲད་ཀྱི་གྲངས་འབོར་མི་མང་རུང་། སྐད་བརྡའི་ངོས་ནས་གོ་གནས་དང་བྱེད་ནུས་གལ་ཆེན་ཟིན་ཡོད་ཅིང་། འབྱུང་ཕྱོད་ཀྱང་དངོས་མིང་ལས་མང་། དེའི་ཕྱིར། ཚིག་ཕྲད་ཀྱི་སྤྱོད་སྟངས་དང་ལོ་ཙཱ་བྱེད་སྟངས་བློ་ལ་ངེས་རྒྱུ་ནི་ལོ་ཙཱའི་རྨང་གཞི་ཞིག་ཏུ་ཆགས་ཡོད་པ་རེད། ཚིག་ཕྲད་ལ་གཏོགས་པའི་གྲོགས་ཚིག་ཀྱང་དེ་ལས་མ་འདས་སོ། །

དང་པོ། རྒྱའི་བརྡ་སྤྲོད་རིག་པའི་གྲོགས་ཚིག་གི་ངོ་བོ་དང་དབྱེ་བ།

རྒྱའི་བརྡ་སྤྲོད་རིག་པར་གྲོགས་ཚིག་ཟེར་བ་ནི་ཚིག་ཕྲད་ལ་གཏོགས་ཤིང་། བསྣན་ཚིག(副词)དང་སྦྲེལ་ཚིག(介词) དེ་མིན་འབོད་སྒྲ(叹词)སོགས་དང་འདྲ་བར་རང་ཉིད་རྐྱང་པས་བརྗོད་བྱ་གསལ་པོར་གང་ཡང་སྟོན་མི་ནུས་ཏེ་ཚིག་གི་བར་དུ་སྦྱར་ཚེ། གོང་འོག་སྔ་ཕྱིའི་དོན་གསལ་བར་བྱེད་པའི་རྐྱེན་གྱི་ནུས་པ་ཐོན་པས། ཚིག་གི་སྔ་ཕྱི་མཚམས་སྦྱོར་བའི་རྐྱེན་གྱི་ཡི་གེ་ཞིག་གོ། སྤྱིར་བཏང་དུ་དེར“结构助词”དང“动态助词”དང“语气助词”རིགས་གསུམ་དུ་དབྱེ་ཡོད། ཆེ་ཕྱོགས་ནས་དང་པོ་ལའང་གསུམ་སྟེ།

1.“结构助词”ལ་ཕྲད་གསུམ་ལས།①“的”འདི་ནི་རྣམ་དབྱེ་སྦྱར་སའི་ཆོས་དང་བྱ་དངོས་གང་ཡང་རུང་བའི་གཞི་དེར་ཁྱད་ཆོས་ཅི་ཞིག་ལྡན་པ་དང་། འབྲེལ་བའི་ཡུལ་དེར་འབྲེལ་ཆོས་གང་དག་ལྡན་པ། བྱ་དངོས་དོན་དག་གང་ཡོད་རྣམས་གང་གི་ཡིན་པའི་དོན་ཅན་དུ་སྦྱར་བ་ཞིག་ཡིན།①ཕྲད་འདི་ནི་རྒྱ་ཡིག་གི་མིང་དང་། རྒྱན་ཚིག་དང་། བྱ་ཚིག་དང་། གྲངས་ཚིག་དང་། ཚབ་ཚིག་བཅས་ཀྱི་རྗེས་སུ་སྦྱོར་བ་ཞིག་གོ ། འདི་བོད་ཀྱི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དོན་དང་ནུས་པ་ལ་ཕལ་ཆེར་མཐུན་པ་ཡིན་ཏེ། དཔེར་ན།“才让的书”ལ་ཚེ་རིང་གི་དཔེ་ཆ།“可爱的家乡”ལ་ཡིད་དུ་འོང་བའི་ཕ་ཡུལ།“幸福的生活”ལ་བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་ལྟ་བུ།②“地”འདི་ནི་བྱ་བ་སོགས་སྒྲུབ་པ་ལ་བྱེད་པ་པོའམ་བྱེད་པ་སོགས་སྟོན་པ་ཡིན་ལ། རྣམ་དབྱེ་གསུམ་པ་བྱེད་སྒྲའི་འཇུག་ཚུལ་ལས། བྱེད་པའམ་བྱེད་པོ་ཕལ་བ་སྦྱར་སའི་གཞི་དེར་ལས་གང་ཞིག་གྲུབ་པར་སྟོན་པ་ཞིག་སྟེ། དཔེར་ན།“认真地研究”ལ་ནན་ཏན་གྱིས་ཞིབ་འཇུག་བྱེད་པ།“慢慢地消失”ལ་དལ་གྱིས་ཡལ་བ།“一心一意地工作”ལ་བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་པ་ཞེས་པ་ལྟ་བུ།③“得”དཔེ་ཆ་ཁ་ཅིག་ལྟར་ན། ཕྲད་འདིའི་སྦྱར་སའི་བྱ་ཚིག་དེའི་ངོ་བོ་དང་ཁོ་ན་ཉིད་ཀྱི་རང་བཞིན་སོགས་སྟོན་པ་ཡིན་ལ། བརྗོད་བྱ་ལ་གསལ་བཤད་དང་ཁ་གསབ་བྱེད་པའི་དོན་ཅན་དུ་ཡང་གྱུར་པས། ནི་སྒྲ་བརྣན་པ་ལ་འཇུག་པའི་ཚུལ་དང་འདྲ་ཞིང་། ཨ་མདོའི་ཁ་སྐད་དུ“ནོ”ཞེས་བརྗོད་པའི་འཇུག་ཚུལ་དང་ཧ་ཅང་མཐུན་པ་སྟེ། དཔེར་ན།“工作干得快”ལ་བྱ་བ་སྒྲུབ་པ་ནི་མྱུར། བྱ་བ་སྒྲུབ་ནོ་མྱུར།“说得好”ལ་བཤད་པ་ནི་བཟང་། བཤད་ནོ་བཟང་ཞེས་པ་ལྟ་བུ།སྤྱིར་བཏང་དུ་ཕྲད་འདི་ནི་བྱ་བ་དང་དེའི་འབྲས་བུ་མཚམས་སྦྱོར་བྱེད་དམ་བརྗོད་བྱ་གསལ་བྱེད་དང་ཁ་སྐོང་གི་དོན་ཅན་དུ་ཡང་འགྱུར་བ་དཔེར་ན།“干得快”ལ་སྒྲུབ་པ་མྱུར། ལས་ཆོད་ཆེ།“说得好”ལ་བཤད་པ་བཟང་། ཞེས་པ་ལྟ་བུ།

2.“动态助词”ལའང་སྤྱིར་བཏང་དུ“着、了、过”ཞེས་ཕྲད་གསུམ་ཡོད།ཕྲད་འདི་དག་ནི་བྱ་ཚིག་འདས་པ་དང་ད་ལྟ་བ་སྟོན་པ་ལ་ལས་དང་བྱ་བའི་མཚམས་སྦྱོར་བྱེད་པ་ཞིག་སྟེ། སྔ་ཕྱི་བར་དུ་སྐབས་ཐོབ་ལྟར་སྦྱར་བས་ལས་གང་ཞིག་མགོ་བརྩམས་མ་ཐག་གམ་ཡང་ན་གྲུབ་ཟིན་པའི་ཆ་གང་ཡིན་ཕྲད་དེས་མ་ནོར་བར་མཚོན་པ་ཞིག་སྟེ།དཔེར་ན།“他等着你”ལ་ཁོས་ཁྱོད་ལ་སྒུག་ནས་ཡོད། “睡着了”ལ་གཉིད་ཟིན། “我到过那个地方”ལ་ང་ས་ཆ་དེར་ཐོན་མྱོང་།“桃花已开过了”ལ་ཁམ་བུའི་མེ་ཏོག་ཡལ་ཚར་སོང་།“我想听完了这支音乐就走”ལ་ངས་རོལ་དབྱངས་འདི་ལ་ཉན་ཚར་རྗེས་འགྲོ་རྒྱུ་ཡིན་ཞེས་པ་ལྟ་བུའོ། །
3.“语气助词”ལ་སྤྱིར་བཏང་དུ“吗、呢、吧、啊”སོགས་ཡོད་དེ།གྲོགས་ཚིག་འདི་རིགས་ཀྱིས་སྤྱིར་བཏང་དུ་དྲི་བ་དང་། སྐུལ་ཚིག ངོ་མཚར་དང་ཀྱེ་ཧུའི་སྒྲ། བརྣན་ཚིག ཚིག་མཚམས་གཅོད་པ་བཅས་ལ་འཇུག་པ་ཡིན་ཞིང་གམ་སོགས་དྲི་བ་ལ་འཇུག་པ་དང་། དང་སྒྲ་སྐུལ་ཚིག་ལ་འཇུག་པ། འབོད་སྒྲ་ཨེ་མ་ངོ་མཚར་བ་ལ་འཇུག་ཚུལ་སོགས་ཀྱིས་མཚོན་པ་ཡིན། དཔེར་ན།“表示疑问:明天你们去塔尔寺吗?”ལ་སང་ཉིན་ཁྱོད་ཚོ་སྐུ་འབུམ་ལ་འགྲོའམ།“我们送他什么书好呢?”ལ་ང་ཚོས་ཁོ་ལ་དཔེ་ཆ་གང་ཞིག་སྦྱིན་ན་ལེགས་སམ།

“表示祈使:老师,让我们去吧!”ལ་རྒན་ལགས། ང་ཚོ་འགྲོ་རུ་ཆུགས་དང་།“注意啊,比赛马上开始了!”ལ་མཉམ་འཇོག་བྱོས། འགྲན་སྡུར་འཕྲལ་དུ་མགོ་རྩོམ་རྒྱུ་རེད།“表示感叹:这是一个多么安静的夜晚啊!”ལ་འདི་ནི་ཇི་འདྲའི་ལྷིང་འཇགས་ཀྱི་མཚན་མོ་ཞིག་རེད་ཨང་།“时间过的真快呀!”ལ་དུས་ཚོད་ཀྱི་བཞུད་འགྲོས་ཇི་འདྲའི་མགྱོགས་པ་ལ་ཨང་།“表示肯定:行,就这样吧!”ལ་ཆོག་གི། དེ་ལྟར་བྱའོ། །“表示停顿:我要是不同意呢,你怎么办?”ལ་གལ་ཏེ་ང་འཐད་པ་མ་བྱུང་ན། ཁྱོད་ཀྱིས་ཅི་བྱ། ཞེས་པ་ལྟ་བུའོ། །

གཉིས་པ། བོད་ཀྱི་བརྡ་སྤྲོད་ལས་གྲོགས་ཚིག་གི་རྣམ་གཞག

བོད་ཀྱི་བརྡ་སྤྲོད་རིག་པར་གྲོགས་ཚིག་ཅེས་ཐ་སྙད་དམ་དེའི་སྐོར་གྱི་དབྱེ་བ་མེད་མོད། ཡིན་ཡང་རྒྱུས་ལོན་པ་ལྟར་ན《དག་ཡིག་གསར་བསྒྲིགས》སུ་ཐེངས་དང་པོར་གྲོགས་ཚིག་གི་ཐ་སྙད་འདི་བཀོལ་བར་མ་ཟད། བོད་ཀྱི་མིང་བརྡ་སྐོར་ཞིག་གྲོགས་ཚིག་གི་གྲས་སུ་བཞག་ཡོད། དཔེར་ན།

1.ཀྱིན་གྱིན་གིན་ཡིན། འདི་བཞི་ནི་ཡི་གེའི་ཐོབ་ཐང་ལྟར་ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དུས་ད་ལྟ་བ་སྟོན་པའི་ཚིག་གྲོགས་ཡིན་ཏེ། བྱ་བ་སྒྲུབ་ཀྱིན་ཡོད། རྩེད་མོ་སྟོན་གྱིན་ཡོད། རྒྱུ་ནོར་གསོག་གིན་ཡོད། སིལ་ཏོག་ཟ་ཡིན་གདའ། ལྟ་བུ།


2.ཁོ་ཐག གཏན་ལ་ཕབ་པའི་དོན་ལ་འཇུག་སྟེ། ཡིན་མིན་ཁོ་ཐག་བཅད་ཅེས་པ་ལྟ་བུ།

3.གེ་ངེ་དེ་ནེ་བེ་མེ་འེ་རེ་ལེ་སེ་རྣམས་རྒྱན་ཚིག་གི་མཐར་སྦྱར་ན་དབྱིབས་དང་རྣམ་པ་སོགས་གློ་བུར་དུ་བྱུང་བའམ་གསལ་བར་མངོན་པ། གདོང་ནག་རོག་གེ་སོང་ལྟ་བུ། ཡང་ན་རྒྱན་ཚིག་གི་མཐར་སྦྱར་ནས་བསྐྱར་ཟློས་སུ་བྱུང་ན་དབྱིབས་དང་རྣམ་པ་སོགས་བསྐྱར་ཟློས་སུ་བྱུང་བ་མཚོན་པ། དཔེར་ན་ཅོང་བརྡ་སིལ་ལི་ལི་གྲག་ལྟ་བུ། རྒྱན་ཚིག་བསྐྱར་ཟློས་བྱེད་ཚུལ་ཁྱད་པར་བར་སྦྱར་ན་དབྱིབས་དང་རྣམ་པ་སོགས་ཆ་མི་སྙོམ་པ་དང་མང་བ་མཚོན་ཏེ། དཔེར་ན་ཐག་པ་ཐ་ངེ་ཐུང་ངེ། སྐད་ཆ་རྫ་ནེ་རྫུན་ནེ། ཁ་སྐད་དུ་སྐད་ཆ་རྫ་སེ་རྫུན་སེ་ལྟ་བུ།

4.གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ། འདི་བཅུ་གཅིག་པོ་མིང་རྐྱང་གི་མཐར་སྦྱར་ན། ཡིན་ནམ་རེད་དང་དོན་འདྲ་སྟེ། འདི་ནི་ལུག་གོ ། འདི་ནི་གཡག་གོ་ལྟ་བུ། གཞན་ལས་ཚིག་འདས་པའི་མཐར་སྦྱར་ན་རྫོགས་པའི་དོན་སྟོན་ཏེ། དགྲ་བཀག་གོ ། རྡོ་བཅག་གོ ། སོང་ངོ་། ། ཡོད་དོ། ། ཡིན་ནོ། ། ལྟ་བུ།

5.ནི་སྒྲ། ནི་ནི་དགར་དང་བརྣན་པའི་སྒྲ། ། ཚིགས་བཅད་ཁ་སྐོང་ལ་ཡང་འཇུག ། ཞེས་པ་ནང་བཞིན་དགར་བར་འཇུག་པ། རྟ་ནོར་ལུག་གསུམ་ནི་བོད་རིགས་མི་དམངས་ཀྱི་སྒོ་ཕྱུགས་ཡིན་ལྟ་བུ། ངེས་བཟུང་ངམ་བརྣན་པར་འཇུག་པ། ཆ་རྐྱེན་ནི་འཛོམས་ལྟ་བུ། ཚིག་ཕྱི་མ་འདྲེན་པའི་དོན་ལ་འཇུག་པ་ནི། ཙན་དན་གཉིས་ནི་ཙན་དན་དཀར་པོ་དང་ཙན་དན་དམར་པོ་གཉིས་ཡིན། ཚིགས་བཅད་ཁ་སྐོང་དུ་འཇུག་པ། དགེ་ལྡན་ལེགས་བཤད་ལས། དེས་ན་མཁས་དང་བླུན་མོའི་ཁྱད། ། རི་རབ་དང་ནི་རྡུལ་ཕྲན་དང་། ། ཞེས་པ་ལྟ་བུ།

6.མྱོང་། ལས་ཚིག་འདས་པའི་མཐར་སྦྱར་ན་སྔོན་ཆད་བྱ་ལས་དེ་བྱས་པའི་ལོ་རྒྱུས་ཡོད་པ་སྟོན་པའི་ཚིག་ལ་འཇུག་སྟེ། རི་མོ་སྦྱངས་པ་བྱས་མྱོང་། ཞེས་པ་ལྟ་བུ།

7.ཚར། ལས་ཚིག་འདས་པའི་མཐར་སྦྱར་ན་བྱ་བ་དེ་མཇུག་རྫོགས་པ་སྟོན་པ་སྟེ། ཞིང་བྲེགས་ཚར། ལྟ་བུ།

8.ཟིན། ལས་ཚིག་འདས་པའི་མཐར་སྦྱར་ན་བྱ་བ་དེ་མཇུག་རྫོགས་པ་སྟོན་པ་སྟེ། ཡི་གེ་བསྐུར་ཟིན།

9.འུ། ཆུང་ངུའི་དོན་ཏེ། རྟེའུ། བེའུ། རེའུ་ལྟ་བུ།

10.འོ། ཚིག་གི་ཐོག་མར་སྦྱར་ན་ངོ་མཚར་བ་དང་གླེང་བསླངས་པའི་སྒྲ་སྟེ། འོ་ཡ། འོ། ད་ངས་གནད་དོན་དེ་ཧ་གོ་སོང་ལྟ་བུ།

11.ཡིན། རྗེས་འཇུག་འ་ཅན་ནམ་རྗེས་འཇུག་མེད་པའི་ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་ད་ལྟ་བའི་ཚིག་གྲོགས་ཏེ། ཟས་བཟའ་ཡིན་འདུག གཏེར་རྐོ་ཡིན་གདའ།

12.རེ་སྐན། དམ་བཅའ་བ་དང་མི་སྲིད་པའི་དོན་དེ། ཡོད་རེ་སྐན། ཐུབ་རེ་སྐན།

13.ཁད། ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དོན་ཞིག་འབྱུང་བའམ་བྱ་བ་ཞིག་བྱེད་པ་ལ་བར་ཐག་ཧ་ཅང་ཉེ་བའི་དོན། འགྲོ་ལ་ཁད། ཉི་མ་འཆར་ལ་ཁད།

ལར་རྒྱའི་བརྡ་སྤྲོད་རིག་པའི་གྲོགས་ཚིག་འདི་ཕལ་ཆེར་བོད་ཀྱི་བརྡ་སྤྲོད་རིག་པར་བསྟན་པའི་ཚིག་ཕྲད་ཅེས་པ་དང་འདྲ་བར་སྣང་སྟེ། དམུ་དགེ་བསམ་གཏན་ཚང་གིས“ཚིག་ཕྲད་རང་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་བྱེད་པའི་ནུས་པ་བཏོན་ཏེ་དོན་སྟོན་པས་ན། ཚིག་ཕྲད་ཅེས་བྱའོ། །”②ཞེས་གསུངས་པ་ལྟར་རོ། ། ཡིན་ཡང་བོད་ཀྱི་ཚིག་ཕྲད་ཅེས་པ་རྒྱའི་གྲོགས་ཚིག་དེ་ལས་ཁྱབ་ཧ་ཅང་ཆེ་ཞིང་གྲངས་ཚད་ཀྱང་ཧ་ཅང་མང་། དཔེར་ན། 《དག་ཡིག་གསར་བསྒྲིགས》སུ་བཀོད་པ་ལས་གཞན་ད་དུང་རན་དང་རྒྱུ་སོགས་ཏེ། འགྲོ་རན་སོང་།
བཤད་རྒྱུ་ཡིན་ལྟ་བུ་དང་། གནས་པ་གསལ་བཤད་ཀྱི་སྒྲ་སྟོན་པའི་ཡི་གེ་སྟེ། མང། གནས། མཆིས། ཡོད། མཛེས། འདུག སྣང་། འཆར་སོགས་ལྟ་བུ་དང་། གཞན་ཚིག་ཕྲད་ཅིང་སོགས་སྐབས་ཀྱི་ཅིང་ཞིང་དང་ཅིག་ཞིག་ཤིག ཅེ་ན་ཞེ་ན་ཤེ་ན། ཅེས་ཞེས་སོགས་ལྟ་བུ་དང་། གཞན་ད་དུང་མ་རངས་པའི་ཚིག་ལོ་གྲག་ཟེར་སྐད་ལྟ་བུ་བཅས་ཚང་མའང་དེའི་གྲས་སུ་གཏོགས་པར་སྙམ་མོ། །

གསུམ་པ། རྒྱ་བོད་བརྡ་སྤྲོད་རིག་པའི་གྲོགས་ཚིག་གི་ཁྱད་པར།

1.རྒྱའི་གྲོགས་ཚིག་གི་ངོ་བོ་དང《དག་ཡིག་གསར་བསྒྲིགས》སུ་བཀོད་པའི་གྲོགས་ཚིག་གི་ངོ་བོ་མི་འདྲ་བ། བོད་དུ་རང་ཁོ་ནས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་འབྲེལ་བྱེད་ཀྱི་རྐྱེན་དུ་གྱུར་ན་ཕལ་ཆེ་བ་གྲོགས་ཚིག་གི་གྲས་སུ་བཞག་ཆོག་སྙམ། ཡིན་ཡང་། རྒྱའི་གྲོགས་ཚིག་ནི་གོང་དུ་སྨྲས་པ་ནང་བཞིན་མིང་དང་ཚིག་དང་ཡང་ན་བརྗོད་པའི་ནང་དུ་སྦྱར་ནས་དེ་དག་བར་གྱི་འབྲེལ་བ་སོགས་སྟོན་པ་ཞིག་ལ་གོ

2.བོད་ཀྱི་བརྡ་སྤྲོད་ཚིག་འགྲོས་ལྟར་ན། བྱ་ཚིག་རྣམས་སྔོན་རྗེས་མིང་གསུམ་གྱི་འགྱུར་བ་ལ་བརྟེན་ནས།
དུས་གསུམ་དང་བྱེད་པོར་དངོས་སུ་འབྲེལ་མིན་དང་བྱེད་པོ་གཙོ་ཕལ་སོགས་ཇི་བཞིན་སྟོན་ཐུབ་པས། བྱ་ཚིག་ཐམས་ཅད་གྲོགས་ཚིག་དང་ཕྲད་ལ་ལྟོས་པའི་ངེས་པ་མེད་ཀྱང་། རྒྱ་ཡིག་ནི་བྱ་ཚིག་ཕལ་མོ་ཆེ་འགྱུར་མེད་གཏན་ཆགས་སུ་གྲུབ་པ་དེས། དུས་གསུམ་དང་བཅས་པ་རྣམས་སྔ་ཕྱིའི་ཚིག་གྲོགས་ལ་ལྟོས་ནས་སྐབས་དོན་མཚོན་པར་བྱེད་པ་ཡིན་པས། གྲོགས་ཚིག་གི་རྣམ་པ་ལ་ཧེ་བག་ཡོད།

3.རྒྱ་ཡིག་གི་གྲོགས་ཚིག་མང་པོ་ནི་ཚིག་གི་མཐའ་མའི་བརྡ་མཚོན་རི་མོ་ལ་བརྟེན་དགོས་པ།

“吧”ལ“?”དང“!”སྦྱར་བས་སྐབས་དོན་སོ་སོར་སྟོན་པར་འགྱུར་ལ།“吗”རྗེས་སུ“?”མ་སྦྱར་བས་སྐབས་དོན་དྲི་བ་ཆ་ཚང་ཞིག་སྟོན་མི་ཐུབ་ལ། ངོ་མཚར་སྟོན་པ་ལ“啊”རྗེས་སུ“!”མ་སྦྱར་ན་དོན་གཞན་ལ་གོ་བའི་ཉེན་ཁ་ཡང་ཡོད་པ་དེ་ལྟར། ཡང་བོད་ཡིག་ལ་བྱ་ཚིག་དང་བཅས་པའི་ཚིག་གྲོགས་ཕྲད་རང་སྟེང་གི་ཚིག་ནུས་དེ་ནི་མཐའ་མའི་ཚིག་ཤད་དང་ཉིས་ཤད་ལ་ལྟོས་མི་དགོས་པ་དེ་ནི་བོད་སྐད་ཀྱི་ཁྱད་ཆོས་ཤིག་རེད། །

དཔྱད་གཞིའི་ཡིག་ཆ།

[1] ལྷ་སྡུག རྒྱ་བོད་བརྡ་སྤྲོད་བསྡུར་དཔྱད་དང་སྒྱུར་ཚུལ་རྣམ་བཤད། [M] སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007.06

[2] ཞལ་ལྕེ་ལྷག་པ་ཚེ་རིང་། རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན། [M] མི་རིགས་དཔེ་སྐྲུན་ཁང་། 2016.07

[3] འཇིགས་བྱེད་སྐྱབས། རྟ་མགྲིན་རྡོ་རྗེ། རྒྱ་བོད་བརྡ་སྤྲོད་ཀྱི་རྨང་གཞིའི་ཤེས་བྱ། [M] མི་རིགས་དཔེ་སྐྲུན་ཁང་། 2007.04

[4] པ་སངས་རྡོ་རྗེ། རྒྱ་བོདཡིག་སྒྱུར་སློབ་གཞི་བློ་གསར་འཇུག་བདེ། [M] མི་རིགས་དཔེ་སྐྲུན་ཁང་། 2006.09

[5] དམུ་དགེ་བསམ་གཏན། བརྡ་སྤྲོད་བློ་གསལ་དགའ་སྟོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005.01

[6] དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་བརྩམས། དག་ཡིག་གསར་བསྒྲིགས།(དག་བཅོས་མ)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014.12


① འཇིགས་བྱེད་སྐྱབས། རྟ་མགྲིན་རྡོ་རྗེ། རྒྱ་བོད་བརྡ་སྤྲོད་ཀྱི་རྨང་གཞིའི་ཤེས་བྱ། [M] མི་རིགས་དཔེ་སྐྲུན་ཁང་། 2007:57


② དམུ་དགེ་བསམ་གཏན། བརྡ་སྤྲོད་བློ་གསལ་དགའ་སྟོན། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:70


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1