ཨ་མདོའི་ཡུལ་སྐད་ལས་རྒྱུན་བཀོལ་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་གླེང་བ།

ཀུན་ཁྱབ་ཀླུ་བྱམས། ཤ་བོ་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06



དེ་ཡང་ལོ་རྒྱུས་དང་ཡུལ་བབ་ཆགས་སྟངས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས། དང་པོར་སྤྱི་སྐད་ཀྱི་རྣམ་པར་ཆགས་པའི་བོད་ཀྱི་བརྡ་ཆད་གང་མང་ཞིག་ཀྱང་དུས་དང་ཡུན་འཛད་པ་ལ་བསྟུན་ནས་ལུང་ཁུག་འགའ་རེ་ནས་མ་གཏོགས་མི་བཤད་པར་གྱུར་པས། ཕྱིས་སུ་དཔྱད་པ་མེད་པའི་མི་ཚོས་དེ་དག་ཐོས་པའི་མོད་ལ་ཁ་ཡར་གྲག་ལ་ཡུལ་སྐད་ཟེར་ཞིང་བསྡིགས། ཁ་མར་གྲག་ལ་ལུང་སྐད་ཟེར་ཞིང་འཕྱ་བའི་སྲོལ་ངན་ཞིག་ཆགས་ཡོད། དཔེར་ན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཡུལ་སྐད་དུ། མི་ཚེ་ལས་འདས་རྗེས་ཀྱི་བེམ་པོའི་མིང་ལ“བཟུར”ཞེས་འཆད་སྲོལ་ཡོད་པ་དེ། དོན་གྱིས་བརྡ་རྙིང་བ་ཞིག་ལས་སྒྲ་འགྱུར་བྱུང་བའི་གྱེས་བྱུང་གི་མིང་ཞིག་ཡིན་ཞིང་། རེབ་གོང་ཡུལ་དུ་མཐེ་བོང་གི་མིང་ལ་མཐེ་མོང་ཟེར་བ་དེ་ཡང་ཡིག་རྙིང་གི་འབྲི་རྒྱུན་བསྐྱངས་ཤིང་བཤད་རྒྱུན་བཟུང་བའི་ཆ་ཞིག་ཡིན་མོད། འོན་ཀྱང་དེ་དག་གི་སྒྲ་དོན་དང་མཐུན་པར་ཡི་གེ་འབྲི་ཁག་པར་གྱུར་པས། ཐ་ན་ཁོང་ཏ་ཚོས་ཀྱང་མེས་པོའི་སྐད་ཆ་རྣལ་མ་དེ་རིགས་ཡུལ་ཆ་མེད་དང་མི་རྒྱུས་མེད་ཀྱི་མདུན་ནས་འཆད་མི་ཕོད་ཅིང་དོགས་མི་བདེ་བའི་སྣང་བ་འབྱུང་གིན་ཡོད་ལ། འཆད་པའི་ཚེ་ནའང་གཞན་རྣམས་ཧད་པའམ་ཧབ་ཆ་དིར་རེ་འགྲོ་བའི་གནས་སུ་གྱར་ཡོད། ཨམ་སྐད་ཁྲོད་དེ་འདྲའི་བརྡ་རྙིང་བ་མང་དུ་མཆིས་ཤིང་།ལྷག་པར་དུ་དག་ཡིག་ཁག་ཏུ་མ་འཁོད་པའི་མིང་བརྡ་གསོན་ཉམས་ལྡན་པ་མང་དུ་ཡོད་ཙ་ན། གཤམ་དུ་དེའི་སྐོར་གྱི་མིང་བརྡ་ཁག་ཅིག་ལ་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི་དགོས་ལུགས་དང་། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་ཀྱི་ཁྱད་པར་དང་། དེ་གཉིས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་ཚུལ་སྐོར་ལ་དཔྱད་ཁུལ་ཅུང་ཙམ་བགྱིས་པ་རིགས་ལམ་བརྗེ་རེས་ཚུལ་དུ་སྤྱན་བསྟར་ཞུ་རྒྱུ་ཡིན་པ་ལ། བོད་སྐད་ཡིག་ཞིབ་འཇུག་གི་ལས་ལ་སྤྲོ་སྣང་ཡོད་མཁན་རྣམས་ལ་བློ་སྐྱེད་བག་ཙམ་རེ་སྦྱིན་ཐུབ་པའི་རེ་སྨོན་བགྱིད།①ཀ་དང་ང་། གསལ་ཐག་ཆོད་པའི་དོན། ཨ་མདོའི་ཡུལ་སྐད་དུ།“ཀ་ར་ང”ཞེས་པའི་གདངས་ཐོན། ཁོས་རྫུན་གཏམས་ཀྱིན་པ་ཀ་དང་ང་རེད། ཁོ་རྐུན་མ་ཡིན་ནོ་ཀ་དང་ང་རེད། དེས་ཆང་འཐུང་དེངས་ནོ་ཀ་དང་ང་རེད་ཟེར་བ་ལྟ་བུའོ། ། དང་ལ་ར་སྒྲ་ཐོན་ཚུལ་ནི། དང་གི་རྗེས་འཇུག་ང་བོར་ཤུལ་གྱི་ད་ལ་རྗེས་འཇུག་གི་དབང་གིས་ར་དང་དྲ། འདྲ་སོགས་ཀྱི་སྒྲ་ཐོན་པས་ཡིན་ཏེ། ཁྱོད་དང་འུ་གཉིས་ཞེས་པ་ལ་ཁྱོད་ར་འུ་གཉིས་ཞེས་དང་། ཆུ་ཁོགས་དང་ལ་ཆུ་ཁོགས་ར། ཆང་འཐུང་དང་ལ་ཆང་འཐུང་ར། དཀར་མེ་ཁོརད་དང་ལ་དཀར་མེ་ཁོརད་དྲ། ཉོན་དང་ལ་ཉོན་འདྲ་སོགས་ཐོན་ཚུལ་སྐོར། ཚིག་མཛོད་《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི་ཨམ་སྐད་གསང་བཀྲོལ་ལྡེ་མིག་ཏུ་གསལ། ཀ་དང་ང་ལ་ཀ་ལ་ང་ཟེར་བའི་ཡུལ་ཡང་མཆིས་ཏེ། ར་དང་ལ་གཉིས་བར་གྱི་འབྲེལ་བའོ། །
ཀའི་དང་པོ།①དང་ཐོག་གམ་ཆེས་ཐོག་མའི་དོན་ཏེ། ཀ་ནི་ཐོག་མའམ་གདོད་མའི་དོན་དང་། དང་པོའང་ཐོག་མའི་དོན་ཡིན་ཕྱིར། མགོ་ཏོག་གོང་། དང་མ་དང་མགོ གནའ་བསྐལ་བ། མཐའ་མའི་རྔ་མ་ཟེར་བ་སོགས་དང་འདྲ་བར་རྩེག་མིང་གིས་གྲུབ་པའི་ཐ་སྙད་རིགས་སུ་གཏོགས། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ》པོད6པའི་ལྡེབ340བར། ཀའི་དང་པོར་རྒྱུ་འབྲས་རྟེན་འབྱུང་བསམ། །རྫས་གང་འདོད་བྱིན་པས་ལོངས་སྤྱོད་དར། ། ཞེས་བྱུང་བ་ལྟ་བུ།② ཨང་རིམ་དང་པོའི་མིང་སྟེ། ད་ལོའི་མཐོ་རྒྱུགས་ཁྲོད་སྐར་མ་ཀའི་དང་པོ་ལེན་མཁན་ངའི་སློབ་གྲོགས་ཡིན། རྟ་རྒྱུག་འགྲན་སྡུར་ཁྲོད་ཀའི་དང་པོ་དེ་སུས་བླངས་ཐལ་ཟེར་བ་ལྟ་བུ། 《དག་ཡིག་གསར་བསྒྲིགས》སུ། བཀད་དང་པོ། ཆེས་ཐོག་མའི་མིང་སྟེ། བོད་ཡིག་སློབ་སྐབས་བཀད་དང་པོར་ཀ་ཁ་སློབ་དགོས་ལྟ་བུ། ཞེས་བཀྲལ་ཡོད་པས་དཔྱད་གཞིར་དྲངས་པའོ། །ཀུ་རུ་རུ། ①རང་ཚུགས་མེད་པར་གཞན་གྱི་ཟེར་རྗེས་འབྲང་དགའ་བའི་དོན། དཔོན་པོས་ཅི་བཤད་ན་ཀུ་རུ་རུ་བྱེད། ཅེས་དང་། 《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས》ཀྱི་ལྡེབ230བར། འབྲས་ལྡན་བོང་གསེབ་སྐྱ(སྐྲ)རིང་བོ། ། བོང་ཁྱུར་ཧོ་སྐད་ལྡི་རི་རི། ། ཆགས་ལྡན་བན་ཆུང་བློ་གཡེང་རྣམས། ། ནག་མོའི་ཁྲོད་ན་ཀུ་རུ་རུ། ། ཞེས་བྱུང་བ་ལྟ་བུ།②ཕྱོགས་ཡར་མར་ཀུན་ལ་སླེབས་ཡོད་པའམ་རང་ཉིད་འབྲེལ་བ་ཡོད་མིན་ཀུན་ལ་ཐེ་གཏོགས་བྱེད་དགའ་བའི་དོན། 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》པོད2པའི་ལྡེབ487པར། གཞན་གྱིས་བྱས་པ་བདུད་རྩི་ལྟར་དགེ་ནའང་ངན་བཤད་དང་།གནོད་པ་སྐྱེལ་གང་ཐུབ། རང་གི་དེ་དུག་ལྟར་གནོད་ནའང་སྒྲུབ་གང་ཐུབ། ཡར་ན་ཀུ་རུ་རུ། མར་ན་འདུ་རུ་རུ། ཕར་རྒྱུག་ཚུར་རྒྱུག གཤག་ནས་གཤག སྲང་ནས་སྲང་། ཟུར་ཁུག་དང་སྐོར་ལམ། ཐ་ན་སྡོང་ར། སུམ་མདོ་བཞི་མདོ་ཡན་ཆད་དུ་འཚོགས་ཏེ་ཁ་རྡེབ་མིག་རྡེབ། མགོ་གཡུག་ལག་གཡུག ཅེས་བྱུང་བ་ལྟ་བུ། ཀན་ལྷོའི་རྨ་ཆུ་རྫོང་གི་སྐད་དུ། སྒུར་རུ་རུ་ཟེར།ཀེའུ་ཕུར།(ཆེད་སྤྱོད་བརྡ་ཆད)མཁར་གྱང་རྡུང་སྐབས་གྱང་གཞོང་གཉིས་སྡོམ་བྱེད་དུ། གྱང་གཞོང་གི་འགྲམ་གཉིས་སུ་བཙུགས་པའི་ཤིང་རྒྱུག་གི་མིང་། ཨ་མདོའི་ཡུལ་སྐད་དུ།“ཀེའུ་བུར”ཞེས་པའི་གདངས་ཐོན། ཁང་པའི་ཀ་ཕྲན་འདྲ་བ་ཞིག་ས་ལ་ཕུར་བ་བརྡབ་པ་ལྟར་བཙུགས་ཡོད་པས། ཀེའུ་ཕུར་ཞེས་མིང་གཞི་ཀ་ལ་འགྲེང་བུ་སྦྱར་ན་དག་པ་ཡིན་ཏེ། བའི་ཕྲུ་གུ་ལ་བེའུ་དང་། རྟའི་ཕྲུ་གུ་ལ་རྟེའུ། ར་མའི་ཕྲུ་གུ་ལ་རེའུ། ཤྭ་ཕྲུག་ལ་ཤེའུ། སྟ་རེ་ཆུང་བ་ལ་སྟེའུ། ཟོ་ཆུང་བ་ལ་ཟེའུ། རྡོ་ཆུང་བ་ལ་རྡེའུ། མི་ཆུང་བ་ལ་ཁྱེའུ་འབྲི་བ་དང་ཆོས་མཚུངས། ཕུར་ལ་བུར་གྱི་གདངས་ཐོན་ཚུལ་ནི། བོང་ཕྲུག་ལ་བོང་པྲུག་ཅེས་དང་། དེ་ཕོ་ལ་དེ་བོ་སོགས་མིང་གཞི་པ་ཕ་བ་གསུམ་གཅིག་ཚབ་གཅིག་ཏུ་འབྲི་བ་ལྟར་རོ། ། མཚོ་སྔོན་ཁྲི་ཀའི་ཡུལ་དུ། ར་རུ་ཟེར་ཞིང་། གཅན་ཚའི་ཡུལ་དུ། གྱེན་འཕེན(ཧེན)ཟེར།རྐོས་བཅོ་བྱིན། ཕ་རོལ་བ་ལ་འཆུན་ཕམ་བྱིན་པའམ་བརྙས་བཅོས་བྱས་པའི་དོན། དེ་རིང་ཁོས་ང་ལ་རྐོས་བཅོ་བྱིན་དེངས་ཟེར་བ་ལྟ་བུ། རྐོས་ནི་སྙད་བརྐོའམ་སྙད་བརྐོས་ཞེས་པ་སྟེ། 《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད》ལས། བརྒྱད་པ། བཟུང་དམག་ལ་བརྙས་བཅོས་བྱེད་མི་ཆོག ཅེས་པར། བཟུང་དམག་ལ་བསྙད་བརྐོ་མི་ཆོག ཅེས་བསྒྱུར་ཡོད་པ་ལྟ་བུ། བརྙས་བརྐོ་དང་བརྙས་མ་བརྐོ་ཞེས་ཀྱང་འབྱུང་སྟེ།《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》ལྡེབ82པར། ཆུ་རབ་གང་འགྲོར་ཐོངས། རི་ཁྲོད་དུ་འདུག་པ་སྲིད་ན་བརྙས་མ་བརྐོ། ཁྱོད་སྙིང་རྗེ་ཆེ་བ་རྣམས་ཀྱིས་ལྟོ་བྱིན། ཞེས་འབྱུང་བ་ལྟ་བུ། 《དག་ཡིག་གསར་བསྒྲིགས》ཀྱི་ལྡེབ278པར། མི་ཉམ་ཐག་ལ་སྙད་མ་རྐོ། ཞེས་འབྱུང་བ་ལྟ་བུ། བཅོ་ནི་བཅའ་དང་བཅོས་ཀྱི་མ་འོངས་པ་སྟེ། བཅའ་རྒྱུའོ་བཅུ་གསུམ་བཅོས་ཟེར་བ་ལྟ་བུ།ཀླད་དོས། ཁལ་མ་ལ་ཁལ་འགེལ་སྐབས་ཁལ་དོ་ཡ་གཉིས་ཀྱི་བར་ལ་ཡང་བསྐྱར་ཁན་ཐོག་ཅིག་བཞག་པའི་མིང་། དམངས་གཞས་སུ། ཇ་ལན་ཆེན་ལན་ཆུང་བཀལ་ཞིང་། ། དེའི་ཐོག་ལ་ཀླད་དོས་འཕངས་རུང་། ། ངས་མི་ཁྱེག་མི་འཁུར་མི་ཟེར། ། ཞེས་འབྱུང་བ་ལྟ་བུ། སི་ཁྲོན་གྱི་རྔ་བ་རྫོང་དང་། ཁྱུང་མཆུ་རྫོང་གི་སྐད་དུ། ཐོག་ཚལ་ཟེར་ཞིང་། མཚོ་སྔོན་གྱི་མགོ་ལོག་དང་། ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱི་སྐད་དུ། གོང་ཚལ་ལམ་གོང་ཙལ་དང་། ཁལ་སུམ་དོ(མདོ་སྒྲ་ཐོན)ཟེར། གོང་ཚ་ཞེས་ཀྱང་བྲིས་སྣང་བས་བརྟག་བྱའོ། །ཁ་ན། ཡོན་ཏན་སོགས་རག་ལས་ས་དང་བལྟ་དགོས་སའི་དོན། 《རྭ་ལོ་ཙཱ་བའི་རྣམ་ཐར》གྱི་ལྡེབ165བར། དེ་ཕྱིར་མང་པོ་ཤེས་ནས་ཁ་ན་མེད། ། གནད་ཀྱི་གདམས་པ་སྙིང་ལ་གཟུང་བ་གཅེས། ། ཞེས་སམ། ལྡེབ260བར། སྙིང་ནས་དམ་ཆོས་མཛད་བཞེད་ན། །མང་པོ་ཤེས་པའི་ཁ་ན་མེད། ། ཅེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ)ལྡེབ122པར། ལམ་སྒྲུབ་པ་ལ་དགེ་བསྙེན་གྱིས་ཆོག རབ་ཏུ་བྱུང་བའི་ཁ་ན་མེད་ཟེར་ཏེ། རྟགས་ཀྱི་ཁྱད་པར་གྱིས་སྲུང་སེམས་ཀྱི་གཉེན་པོ་ཆེ་ཆུང་མི་འདྲ། ཞེས་སམ། ལྡེབ394བར། ཁོའི་བསམ་པ་ལ་ང་ཤི་བར་བྱེད་པར་འདུག་པས་ཕ་མའི་གན་དུ་ཕྱིན་ཁ་ན་མེད་སྙམ། ཞེས་དང་།《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ16པའི(བེའུ་བུམ་སྔོན་པོའི་རྩ་འགྲེལ)ལྡེབ81པར། རྒྱུ་མཚན་དང་ཆེ་བཟང་གི་ཁ་ན་མེད། ཅེས་སམ། ལྡེབ190བར། ཕ་རོལ་ཏུ་བདེ་སྡུག་འབྱུང་བ་ཡིད་སེང་གིས་ཆེས་པ་ཁ་ན་མེད། ལྡེབ391པར། དེ་ཡང་དབུ་མ་དང་སེམས་ཅན་གྱི་ཁ་ན་མེད། ལས་འབྲས་ལ་ཡིད་ཆེས་པས་ཆོས་བདེན་པར་ལྟ་བས་ཐག་ཆོད་ཅིང་། ཞེས་དང་། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ70བར། ལབ་ལབ་མང་ཁ་ན་མེད། བཅུ་ཐོག་ཁེལ་ན་ཆོས་སྟེར་བ་ཡིན། ཞེས་སམ། ལྡེབ442པར། འཚོ་བ་ལྷ་ཡིས་སྦྱོར་བ་ལ། ། སྡུག་བསོགས་བྱས་པས་ཁ་ན་མེད། ། ཅེས་དང་། 《རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས》ཀྱི་ལྡེབ154བར། དེ་བས་ཀྱང་ཆེ་བའི་དགག་བྱ་ཞིག་འདུག་ན་ཡང་སྐྱོན་ཅན་དེ་རྣམས་ལ་དེ་ཙམ་གྱིས་ཕུན་སུམ་ཚོགས་ཟེར་བའི་ཁ་ན་མེད་ཀྱི། བཏང་སྙོམས་སུ་གཞག་རྒྱུ་ཡིན་ནོ། ། ཞེས་དང་། 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》པོད2པའི་ལྡེབ471པར། བཏོན་བཏོན་མུག་མུག་མང་པོའི་ཁ་ན་མེད། ། མི་དགེ་ལུས་ཀྱི་གསུམ་དང་ངག་གི་བཞི། ། ཡིད་ཀྱི་གསུམ་སྟེ་བཅུ་ལ་ཉིན་མཚན་དུ། ། མེལ་ཚེ་རྣོན་པོ་ཚུགས་ཤིག་ཆོ༷ས་ཀྱི་མིང་། །(འདིའི་ཆོས་ཀྱི་མིང་ཞེས་པ་ནི་བོང་སྟག་ཆེན་ཧུ་ཆོས་རྒྱམ་ལ་སྨྲས་པ་ཡིན)ཞེས་དང་། 《ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ》གྱི་ལྡེབ27པར། ཆོས་མཐོ་དང་མཁས་པའི་ཁ་ན་མེད། ། དོན་གནད་དུ་སོང་ན་སྐྱབས་འགྲོས་ཀྱང་། ། འཕྲལ་ཕན་ཞིང་ཕུགས་སུ་བདེ་བ་སྟེར། ། ཞེས་འབྱུང་བ་ལྟ་བུའོ། ། མཚམས་ལ་མེད་ཅེས་པ་དང་དོན་མཚུངས།ཁ་བར། ཕྲང་དོག་སའི་དབྲག་བར་རམ་སྲུབས་བར་གྱི་དོན། ཨ་མདོའི་ཡུལ་སྐད་དུ།“ཧྭ་བར”ཞེས་པའི་གདངས་ཐོན། ཁྱོད་འདིའི་ཁ་བར་ནས་འཛུལ་ལ་སོང་། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ16པའི(བེའུ་བུམ་སྔོན་པོའི་རྩ་འགྲེལ)ལྡེབ97པར། ཁྱིས་ཧ་བར་སྙེག་པ་ལྟར་འགྲོ། ཞེས་སམ། ལྡེབ472པར། ཁྱིས་ཧ་བར་སྙེག་པ་ལྟར་ཞེས་པ་ནི། ཁྱི་ལམ་དུ་ཞུགས་པའི་ཚེ་ཀྱག་ཀྱོག་སྲབ་སྲུབ་མེད་པར་ཐམས་ཅད་དུ་རྒྱུག་པ་ལྟར་ཞེས་པའི་དོན་ནོ། ། ཞེས་དང་།《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་ཆའི་ལྡེབ17པར། ཕ་རི་རྨ་ལ་ཚུར་རི་རྫ། ། རྨ་རྫ་གཉིས་ཀྱི་ཁ་བར་ན། ། ཁྲ་སྟོད་ནམ་མཁའ་ལངས་པ་ནས། ། ཁྲ་ཕས་ཀི་ཀི་སྒྲོགས་པའི་ས། ། ཁྲ་མས་སྭོོ་སྭོོ་སྒྲོགས་པའི་ས། ། ཞེས་འབྱུང་བ་ལྟ་བུའོ། ། ཚིག་བསྡུས་པས་ཁར(ཧྭར)ཞེས་འབྱུང་སྟེ། ཁྱོད་འདིའི་ཁར(ཧྭར)ནས་སོང་ཟེར་བ་ལྟ་བུ། ཨ་མདོའི་ཡུལ་སྐད་ཁྲོད། ཁ་ཡིག་ཁག་ཅིག་ལ་སྐབས་འགར“ཧྭ”སྒྲ་ཐོན་ཚུལ། ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི《ཨམ་སྐད་གསང་བཀྲོལ་ལྡེ་མིག》ཏུ་གསལ།མགོ་གཡང་སྤར། མགོ་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་ཀླད་སྲུབས་ཅུང་བསྒུལ་བའམ་ཀླད་པའི་གནས་ཅུང་ཟད་སྤར་བས་དྲན་པ་ཉམས་པར་གྱུར་པའི་དོན། ཨ་མདོའི་ཡུལ་སྐད་དུ།“མགོ་གཡང་བསར”ཞེས་པའི་གདངས་ཐོན། རྟས་ཐང་ལ་གཡུགས་ནས་མགོ་གཡང་སྤར(བསར)། མགོར་བེ་ཅོན་གྱིས་བརྒྱབ་ནས་མགོ་གཡང་སྤར(བསར)ཟེར་བ་ལྟ་བུ། མགོ་གཡང་སྤར་བའི་རྟགས་མཚན་ནི། ཁ་བླ་བའམ་སྐྱུག་པ་སོགས་བྱེད། མཚོ་སྔོན་ཐེམ་ཆེན་རྫོང་གི་སྐད་དུ། མགོ་གཡང་གཏོར་ཟེར། རྒྱ་སྐད་དུ། ནའོ་ཀྲིན་ཏེང(脑震荡)ཟེར། མྱོང་བ་རྒན་པོའི་ངག་སྒྲོས་ལྟར་ན། མགོ་གཡང་སྤར(བསར)བ་བྱུང་ཚེ་མིའི་རྐང་པ་གཉིས་ཀར་རིང་ཐུང་ཤོར་ཡོད་ཟེར་བས། དེ་བཅོས་ཐབས་སམ་དྲན་པ་ཕྱིར་བསུ་བྱེད་ཀྱི་གདམ་པ་ནི། མི་དེ་ཐང་ལ་དྲང་མོར་བསྣར་དུ་བཅུག་རྗེས་རྐང་པ་གཉིས་ཀྱི་དྲང་ཐད་དུ་ཤིང་ལེབ་ཅིག་བཞག་སྟེ་ཐོ་བ་གང་རུང་གིས་ཤིང་ལེབ་ངོས་སུ་བརྡུང་ན་ཕན་ནུས་འབྱུང་ཟེར་ལ། ཡང་སྐེ་རགས་བཤགས་ཏེ་མགོ་ནས་མ་ནེའི་འོག་ཏུ་བསྡམས་པ་དང་། དེ་ནས་ཐོད་པ་ནས་ལྟག་པའི་བར་དུ་དཀྲི་བསྡམས་བྱས་ན་ཕན་ཐོགས་འབྱུང་ཟེར་ཚུལ་ཡོད་ཅིང་། ད་དུང་མི་དེ་ཤིང་སྒོ་ལྟ་བུ་ཞིག་གི་སྟེང་ལོག་ཏུ་འཇུག་པ་དང་། གྲོད་པུ་ཞིག་གི་ནང་ཆུ་གང་བླུགས་ནས་དེའི་མགོར་ཁེན་དུ་བཅུག་རྗེས་རིང་ཐུང་ཤོར་བའི་རྐང་པ་གཉིས་ཀྱི་དྲང་ཐད་དུ་ཤིང་ལེབ་ཅིག་བཞག་སྟེ་བེ་ཅོན་ཞིག་གིས་ཤིང་ལེབ་ངོས་སུ་བརྡུང་ཚེ་རིམ་གྱིས་རྐང་པའི་རིང་ཐུང་ཇེ་སྙོམ་དུ་འོངས་ཤིང་དྲན་པ་སོས་འོངས་པ་སོགས་ཀྱི་ཡུལ་ཐབས་ཡོད་ཟེར།

སྤར་ནི་གནས་སྤར་བའམ་བརྗེས་པའི་དོན་གྱིས། རྐང་པའི་ཚིགས་ལོག་པ་ལ་རྐང་ཚིགས་སྤར(བསར)།འགད་རྫས་གས་སྒྲ་སོགས་ཀྱིས་གྱང་ལ་སེར་ཁ་ཤོར་དུ་བཅུག་པ་ལ་གྱང་སྤར(བསར)། མགོའི་གཡང་ངམ་རྟེན་སྤར་བས་མགོ་གཡང་སྤར(བསར)། ལོ་གསར་བ་བསུ་རོལ་བྱེད་པ་ལ་ལོ་སྤར(བསར)། ལོ་གསར་སྤར་(བསར)གིན་ཡོད། ལོ་སྐྱིད་པོ་ཞིག་སྤོར(བསོར)ལ་ཤོག་ཟེར་བ་ལྟ་བུའོ། ། སྤར་དང་སྤོར་ཡིག་ཁག་ཅིག་ལ་སྐབས་འགར་བསར་དང་བསོར་སྒྲ་ཐོན་ཚུལ། ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི་ཨམ་སྐད་གསང་བཀྲོལ་ལྡེ་མིག་ཏུ་གསལ།གྱ་ཉེས། ཉམས་ཉེས་ཀྱི་དོན། བཅོམ་བཅག་གྱ་ཉེས་སུ་བཏང་། ཞེས་དང་། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ295བར། བདག་གི་བུ་དེ་ལོག་མ་ཡོང་ནས་ཞག་བདུན་སོང་། བུ་གྱ་ཉེས་སམ་བསམས་ནས་འཚོལ་དུ་ཕྱིན། ཞེས་སམ། ལྡེབ296པར། འདི་གྱ་ཞིག་ཉེས་འདུག བཙལ་བཙལ་ནས་སྐྱོ་བ་ཡང་སྐྱེ་བར་འདུག ཅེས་དང་། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོའི་རྣམ་ཐར》གྱི་ལྡེབ487པར། དམ་ཉམས་ཀྱི་གནོད་པ་མང་བ་དང་། ས་ངན་པས་ཤུགས་པའི་སྟེང་དུ་ལུག་ལོ་སྟོན་མན་ངན་ངོན་གྱ་ཉེས་ལ་སོང་ནས་དཔེ་ཆའི་རྩད་དཔྱོད་དང་། ལྟ་རྟོག་གི་ཡུ་བ་བུད་སོང་། ཞེས་སམ། ལྡེབ625བར། ང་ནི་ནད་པ་ཡུན་རིང་པོ། ། སྐྱོན་ཅན་གྱ་ཉེས་སྡུག་ཐག་ཆད། ། ཁ་ཞན་དབང་ཆུང་གནོད་པས་གཙེས། ། ཡིན་ཀྱང་ཤེས་རབ་མིག་ལ་བཅིངས། ། ཞེས་དང་། 《བཀའ་བློན་རྟོགས་བརྗོད》ཀྱི་ལྡེབ55བར། འདི་སྐོར་སོགས་གཞུང་རང་གི་སྐུ་ཆགས་བདོ་བ་འབྱུང་པོའི་འཕྲུལ་སྟོབས་ཀྱིས་ཡོང་བབས་གྱ་ཉེས་ཤིག་ཡིན་འདུག ཅེས་འབྱུང་བ་ལྟ་བུའོ། །

སྒྲན། སྒྲ་གྲག་གིན་གྲག་གིན་ཞེས་པའི་བསྡུས་མིང་སྟེ། སྒྲ་འཕར་མའམ་རིམ་ཅན་དུ་གྲག་ཚུལ་མཚོན་བྱེད་ཅིག ཨ་མདོའི་ཡུལ་སྐད་དུ།“སྒྱན”ཞེས་པའི་གདངས་ཐོན། སྒྲ་ཡིག་ལ་བརྡ་རྙིང་བའི་སྐད་དུ་སྒྱ་སྒྲ་ཐོན་ཏེ། སྐག་སྒྲ་གྲག་ལ་སྐག་སྒྱ་གྱག ཁྲོག་སྒྲ་གྲག་ལ་ཁྱོག་སྒྱ་གྱག སྙོག་སྒྲ་གྲག་ལ་སྙོག་སྒྱ་གྱག ལྟིག་སྒྲ་གྲག་ལ་ལྟིག་སྒྱ་གྱག་སོགས་ཟེར་ཞིང་། དེ་བཞིན་དུ་སྒྲ་གྲག་གིན་གྲག་གིན་ཞེས་པ་བསྡུས་ནས་སྒྲན་ཡིག་བྱུང་བས། ཨ་མདོའི་ཡུལ་སྐད་དུ། སྒྱན་སྒྲ་ཐོན་པ་ཡིན། དཔེར་ན། བོའུ་སྐག་སྐག་སྐག་བརྒྱབ་པ་ལ་བོའུ་སྐག་སྒྱན་སྐག་སྒྱན་རྒྱག་གིན། ཐང་ཆུ་སྐག་སྐག་སྐག་བལྡད་པ་ལ་ཐང་ཆུ་སྐག་སྒྱན་སྐག་སྒྱན་ལྡོད་ཀིན་མ་འདུག་ར། བྱིས་པའི་མགོ་ལ་ཁུ་ཚུར་གྱིས་སྐོག་སྐོག་སྐོག་བརྒྱབ་པ་ལ་སྐོག་སྒྱན་སྐོག་སྒྱན་རྒྱག་གིན་མ་འདུག་ར། དངོས་པོ་ཁྲོག་ཁྲོག་ཁྲོག་བཞག་པ་ལ་ཁྱོས་དངོས་པོ་ཁྱོག་སྒྱན་ཁྱོག་སྒྱན་མ་འཇོག་ར། ཆང་སྒོག་སྒོག་སྒོག་འཐུང་བ་ལ་ཆང་སྒོག་སྒྱན་སྒོག་སྒྱན་འཐུང་གིན། གཅལ་གཅལ་གཅལ་བརྒྱབ་པ་ལ་ཐལ་ལྕག་གིས་གཅལ་སྒྱན་གཅལ་སྒྱན་བརྒྱབ། མིག་ལམ་ནས་དཀར་འཆར་འཆར་འཆར་ལ་དཀར་འཆར་སྒྱན་དང་། དམར་འཆར་འཆར་འཆར་ལ་དམར་འཆར་སྒྱན་ཟེར་ཞིང་། སྙོག་སྙོག་སྙོག་དཀྲུགས་པ་ལ་སྙོག་སྒྱན་སྙོག་སྒྱན་དཀྲུག་གིན་མ་འདུག ལྟིག་ལྟིག་ལྟིག་སོང་བ་ལ་ཁྱོད་ལྟིག་སྒྱན་ལྟིག་སྒྱན་མ་འགྲོ། ཐག་ཐག་ཐག་བབས་པ་ལ་ཆར་ཤྭ་ཐག་སྒྱན་ཐག་སྒྱན་འབབ་གིན། མགོ་བོ་ནག་དིབ་དིབ་དིབ་ཏུ་སོང་བ་ལ་ནག་དིབ་སྒྱན་ནག་དིབ་སྒྱན། རྔ་སོགས་པིང་པིང་པིང་བརྡུངས་པ་ལ་རྔ་པིང་སྒྱན་པིང་སྒྱན་རྡུང་གིན། དབྱུ་གུས་སྤད་སྤད་སྤད་བརྒྱབ་པ་ལ་སྤད་སྒྱན་སྤད་སྒྱན་རྒྱག་གིན། ཁྲག་ཙར་ཙར་ཙར་འཛར་བ་ལ་ཁྲག་ཙར་སྒྱན། བསེར་བུ་ཞུགས་ཞུགས་ཞུགས་ཐོན་པ་ལ་ཞུགས་སྒྱན་ཞུགས་སྒྱན་ཡོང་གིན། མདའ་འཕངས་ན་ཤུར་ཤུར་ཤུར་སོང་བ་ལ་ཤུར་སྒྱན་ཤུར་སྒྱན་བུད་གྱོ་འིན། མེ་སིར་སིར་སིར་འབར་བ་ལ་སིར་སྒྱན་སིར་སྒྱན་འབར་གིན། སྲན་མ་སྐམ་པོ་ཐྲུག་ཐྲུག་ཐྲུག(ཧྲུག)འཆོས་པ་ལ་ཐྲུག་སྒྱན་ཐྲུག་སྒྱན་འཆའ་གིན། སྐྲག་ནས་ལྷབ་ལྷབ་ལྷབ་བྱེད་པ་ལ་བྱིས་པ་གཉིད་གུང་ནས་ལྷབ་སྒྱན་ལྷབ་སྒྱན་ཡེད་ཀིན། དབུགས་ལྷེམ་ལྷེམ་ལྷེམ་བྱེད་པ་ལ་ལྷེམ་སྒྱན་ལྷེམ་སྒྱན་ཡེད་ཀིན། ཞེས་དང་། ཁ་རྒྱུན་ལའང་། རོགས་ལོ་ལོན་བར་ལ་གཡེ་བྱོས། ། ཁ་བསྐྱལ་ན་ཁ་ཆུ་ཙར་སྒྱན། ། ཤ་ཐུག་ན་སྐྱི་མོ་གཉེར་སྒྱན། ། ཞེས་དང་། རྟ་ལོ་ལོན་བར་ལ་གཡེ་བྱོས། ། སྒ་བསྟད་ན་སྒལ་བས་ཉོག་སྒྱན། ། ལྕག་བྲབས་ན་རུས་པས་ཁྲོག་སྒྱན། ། ཟེར་བ་ལྟ་བུའོ། །


ངོ་སྤར། ཕན་འབྲས་མངོན་པའམ་རྣམ་པ་གསར་བ་ཤར་བའི་དོན། ཨ་མདོའི་ཡུལ་སྐད་དུ།“ངོ་བསར”ཞེས་པའི་གདངས་ཐོན། ནད་པ་གཉོར་ནས་ངོ་སྤར(བསར)ཡོད། སྡུག་མཐོང་ཡང་ངོ་སྤར(བསར)གྱིན་མེད་ཟེར་བ་ལྟ་བུ། སྤ་ཡིག་ཁག་ཅིག་ལ་བསའ་སྒྲ་ཐོན་ཚུལ། ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི་ཨམ་སྐད་གསང་བཀྲོལ་ལྡེ་མིག་ཏུ་གསལ།ཅན།(རྙིང)①ཡོད་སའམ་དྲུང་ངམ་གནས་མལ་གྱི་དོན། བདེ་བ་ཅན་ལ་སོང་། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ)ལྡེབ162པར། དགེ་བཤེས་ཕུ་ཆུང་བ་སྤྱན་སྔ་བ་ཅན་དུ་བྱོན་ནས་གཤེགས་པ་ལ་སྤྱན་སྔ་བའི་མཚམས་བཅད། ཅེས་སམ། ལྡེབ171པར། བུ་མོ་གཅིག་བག་མར་བཏང་བས་ཞག་འགའ་ལོན་པ་ན། མ་ཅན་དུ་ཡོང་ནས་ཨ་མ་ང་ནི་ད་ལྟ་ནས་སྐྱོ་ན་ཟེར་ལོ། ལྡེབ208པར། མགོན་པོ་བྱམས་པ་བཞུགས་ཅན་དུ་ཕྱིན་པས། དེར་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཐོབ་སྟེ། ལྡེབ251པར། ཉིན་གཅིག་མདའ་མཁན་དེ་ངོ་གནག་གེ་བྱས་ནས། ཆུང་མ་ཅན་དུ་འོངས་ནས། མོས་ཅི་ཉེས་དྲིས་པས། ངེད་གཉིས་གྱོན་པོ་ཡིན་པ་ལ། ངའི་མདའ་ཟད་ལ་ཁད། མདའ་ཟད་མ་ཐག་ཁོས་གསོད་བྱས་པས། ལྡེབ373པར། རྒད་པོ་དེ་འཁར་བ་ལ་བརྟེན་ཏེ་ཤཱ་རིའི་བུ་ཅན་དུ་སོང་སྟེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། ལྡེབ384བར། ཡང་བུ་ཞིག་ཆགས་ནས་བཙའ་རུ་ཉེ་བ་ན་རང་གི་ཕ་མ་ཅན་དུ་སོང་སྟེ་ལམ་ཕྱེད་ཙམ་ན་ཤིང་དྲུང་ཞིག་ཏུ་ནམ་ཕྱེད་བུ་བཙས་སོ། ། ཡུལ་དེའི་ཁྱིམ་བདག་གཞོན་ནུ་ཆུང་མ་ཤི་བའི་རུས་པ་སྦས་པའི་དྲུང་ན་ངུ་བ་ཞིག་གིས་མཐོང་སྟེ་ང་ཅན་བྱུང་ནས་འདྲི་བ་ལ་སྔར་གྱི་གཏམ་བྱས་པས་དེའི་ཆུང་མ་བྱས་སོ། ། ལྡེབ387པར། ཀུན་དགའ་བོས་དེ་ལན་གསུམ་སྨྱུང་བར་གནས་པ་ཐོས་ནས་ཁྱིམ་བདག་ཅིག་ལ་བསྐུལ་ཞིང་། དེ་ལ་ཡང་ཁྱིམ་བདག་དེ་ཅན་སོངས་ཤིག་ཅེས་སྨྲས་སོ། ། དེས་ཀྱང་ཁྱིམ་བདག་དེ་ཅན་ཕྱིན་པ་ན། ལྡེབ395བར། ཕ་མ་ཅན་དུ་ཕྱིན་པས་བུའི་སྡུག་བསྔལ་གྱིས་མིག་ལོང་བ་ལ། བུ་དང་ཕྲད་པས་དགའ་ནས་མིག་སོས་སོ། ། ལྡེབ396པར། ང་རྒྱལ་པོའི་དབང་ཐང་ཡོད་ན་ཡུལ་ང་ཅན་དུ་ཡོང་བར་རིགས་ཀྱི། ང་དེར་མི་འགྲོ་གསུངས། ལྡེབ406པར། དེ་ནས་དེ་བཞིན་གཤེགས་པ་ཅན་དུ་ཕྱིན་ནས་རབ་ཏུ་བྱུང་སྟེ་མཚན་མོའུ་འགལ་ཞེས་བཏགས་སོ། ། ལྡེབ407པར། རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པ་ཅན་དུ་ཕྱིན་ནས་མ་དང་ཕྲད་པའི་ཐབས་ཞུས། ལྡེབ419བར། དེ་ཐོས་མ་ཐག་དགའ་བོས་དེ་བཞིན་གཤེགས་པ་ཅན་དུ་འགྲོ་བར་ཆས་པ་ལ། ལྡེབ420བར། དེ་བཞིན་གཤེགས་པ་ཉིད་དགའ་བོ་ཅན་དུ་བྱོན་ནས་ཅི་ཁྱོད་རབ་ཏུ་མི་འབྱུང་ངམ་གསུངས་པས་འབྱུང་ཟེར་རོ། །

ལྡེབ482པར། དེ་ནས་བརྒྱ་བྱིན་གྱིས་དེའི་བསམ་པ་བརྟག་པའི་ཕྱིར་བྲམ་ཟེའི་ཆ་བྱད་དུ་བསྒྱུར་ཏེ། རྒྱལ་པོ་ཅན་དུ་སོང་ནས་བརྒྱ་བྱིན་མ་བསླངས་པས་བྱིན་ནོ། །ཞེས་དང་། 《མར་པ་ལོ་ཙཱའི་རྣམ་ཐར》གྱི་ལྡེབ50བར། ཤ་མར་ཐུད་གསུམ་ཟོས་པས་ཆོག་ཟེར་བ་ལ། འོ་ན་ཁྱེད་ཅན་དུ་འགྲོ་དགོས་གསུངས་པས། མགོ་ལེགས་ཀྱིས་ངེད་ཀྱི་གདན་འདྲེན་ཅིག་བྱུང་བ་དང་བྱོན་ཟེར། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ16པའི་(བེའུ་བུམ་སྔོན་པོའི་རྩ་འགྲེལ)ལྡེབ53པར། གཉེར་དེ་ཐོན་ནས་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ཅན་དུ་དབྱར་དགུན་གཅིག་ཙམ་བསྡད། ཅེས་སམ། ལྡེབ81པར། ཇོ་བོ་རང་སྦྲགས་པ་ཅན་དུ་མི་འགྲོའམ་ཟེར་བས། ཞེས་དང་། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ36པར། ང་ལ་མཐུ་སློབ་ཏུ་བྱུང་ཚད་ཁོང་ཅན་དུ་བཏང་བར་བྱས། ཁོང་ལ་སེར་བ་སློབ་ཏུ་བྱུང་ཚད་ང་ཅན་དུ་བཏང་བར་བྱས་ཡོད། ཅེས་སམ། ལྡེབ46པར། སེར་བ་དགོས་ན་བླ་མ་གཡུང་སྟོན་ཁྲོ་རྒྱལ་ཅན་དུ་སོངས་ཤིག་གསུང་། ལྡེབ295བར། བུ་གྱ་ཉེས་སམ་བསམས་ནས་འཚོལ་དུ་ཕྱིན་པས་རྫི་རོགས་ཀུན་ན་རེ། ཁོ་བླ་མ་ཅན་སོང་ནས་ཆོས་ཉན་གྱིན་འདུག་ཟེར་ནས་ལོག་ཡོང་ངམ་བསམས་པས་མ་བྱུང་། ཞེས་སམ། ལྡེབ296པར། ཁྱེད་རང་བླ་མ་ཅན་འགྲོ་ཡེ་བྱས་པས་འགྲོ་ཟེར་ནས་རྒྱགས་དང་བཅས་བསྐྱལ་ལོ། ། ཞེས་འབྱུང་བ་ལྟ་བུའོ། ། ② ཡུལ་ལམ་ཁྱིམ་གྱི་དོན་ཏེ། ཡུལ་རེབ་གོང་དང་གཅན་ཚ་རྫོང་སོགས་ཀྱི་སྐད་དུ། དགེ་རྒན་ངེད་ཀི་ཅན་ན་ཡོད་ཀིན། ཁྱེད་ཀི་ཕུ་བོས་ངེད་ཀི་ཅན་ན་ཆང་འཐུང་གིན་ཡོད། ངེད་ཀི་ཅན་ལ་ཇ་འཐུང་གིན་ཤོག་ཟེར་བ་སོགས་ལྟ་བུའོ། ། 《བསྟན་འགྱུར》ཁྲོད་ཀྱི《འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ》ལས། ཆང་གྲལ་ཞེས་བྱ་བ་ནི་ཆང་པའི་ཁྱིམ་མོ། ། ཞེས་གསུངས་ཡོད་པ་དེས། གྲལ་ལ་བརྡ་རྙིང་པའི་སྐད་དུ་གྱལ་སྒྲ་ཐོན་པ་དང་། དེ་ཡང་རིམ་གྱིས་སྒྲ་ལོག་ནས་ཅ་སྒྲ་ཐོན་པས། གྲལ་ནི་རེབ་གོང་ཡུལ་གྱིས་ངེད་ཀི་ཁྱིམ་ལ་འགྲོ་ཞེས་པར་ངེད་ཀི་གྲལ་ལ་འགྲོ ངེད་ཀི་ཁྱིམ་ན་ཡོད་ཅེས་པར་ངེད་ཀི་གྲལ་ན་ཡོད་ཟེར་བའི་གྲལ་དུ་འདོད་མཁན་ཡང་མཆིས།


གཏི་ཁེ་ཞོ་སྐྱེས། ལུག་སོགས་ཀྱི་ཁྲག་འཇིབ་པའི་གནོད་འབུ་གཏི་ཁེ་ཆེར་མ་སྐྱེས་གོང་གི་ཐོག་མའི་མིང་སྟེ། ཆེ་ཆུང་ཕལ་ཆེར་རྒྱ་ཤིག་དང་མཉམ་པ་ཞིག ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱི་སྐད་དུ།“གཏེ་ཁེ་བཞོ་སྐྱེས”ཞེས་པའི་གདངས་ཐོན། གཏེ་ཁེ་ཞོ་ལེབ་ཀྱང་ཟེར། གཏི་ལ་གཏེ་སྒྲ་ཐོན་ཚུལ། ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི་ཨམ་སྐད་གསང་བཀྲོལ་ལྡེ་མིག་ཏུ་གསལ། གནོད་འབུ་དེ་ནི་སོས་ཁར་ཞོ་འོ་མ་འཐུང་རྒྱུ་ཡོད་པའི་དུས་སུ་འབྱུང་བའི་རྒྱུ་མཚན་གྱིས་གནོད་འབུ་དེ་ཡོད་དུས་ཞོ་ཡང་སྐྱེས་རྒྱུ་ཡོད་ལ་འབྱུང་རྒྱུ་ཡོད་པ། འཐུང་རྒྱུ་ཡོད་པ་བཅས་ཀྱི་དོན་མཚོན་ཕྱིར་དེ་ལྟར་འབོད་པ་ཡིན་ཟེར་སྲོལ་མཆིས་ཤིང་། ཡུལ་དེའི་ངག་རྒྱུན་དུའང་། གཏེ་ཁེ་ཞོ་སྐྱེས་ཟེར(བཟོས)ན། ། ཞོ་བསྐྱལ་གིན་བསྐྱལ་གིན་ཡོང་ང་། ། གཏེ་ཁེ་ཞོ་ལེབ་ཟེར་(བཟོས)ན། ། ཁོས་ཨ་ལེབ་སྒྱན་ཨོ་ལེབ་སྒྱན་འཇོག་ག ། ཟེར་ཚུལ་ཡོད་པ་ལས་གཏེ་ཁེ་ཞོ་སྐྱེས་ནི་སྙན་མིང་དང་། གཏི་ཁེ་ཞོ་ལེབ་ནི་མཚང་མིང་ཡིན་པའང་ཤུགས་སུ་རྟོགས་ནུས། དཔའ་རིས་རྫོང་གི་སྐད་དུ། གཏེ་ཁེ་ཤི་ལེབ་བམ་གཏེ་ཁེ་ཤི་ལ་ཟེར་ཞིང་། ཀན་ལྷོའི་རྨ་ཆུ་རྫོང་དང་། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། སྐྱས་གཏེ་ཟེར་སྲོལ་མཆིས་ཏེ། གནོད་འབུ་དེ་སྐྱ་ནག་སྟེ་ལོ་སྔོན་མར་མ་ཟོས་པའི་རྩྭ་སྔོན་རུལ་བ་འབེལ་བོ་ལས་སྐྱེས་པར་བཤད་པས་དེ་སྐད་འབོད་པར་བཤད། མཚོ་སྔོན་པོའི་ཉེ་འདབས་ཀྱི་སྐད་དུའང་། གཏི་ཁེ་ཞོ་སྐྱེས་ཟེར། ཡུལ་དེའི་ངག་སྒྲོས་ལྟར་ན། གནོད་འབུ་དེ་བར་སྣང་ལས་འབབས་ཟེར་བས་རླུང་ཆེན་གཡུག་སྟེ་ས་རྡུལ་འཚུབ་སྐབས་གནོད་འབུས་ག་ས་གར་ཁྱབ་འགྲོ་བ་ཞིག་ཡིན། དེ་ར་ལུག་གི་སྟེང་ཟུག་པར་མ་ཚད། མིའི་ལྟེ་བའམ་རྣ་འབྱོག་ངོས་སུའང་ཟུག་འགྲོ་ཕྱིར། གལ་སྲིད་དེ་འདྲ་བྱུང་ཚེ། དེའི་ཨོང་ཤ་ནས་འཐེན་ན་མགོ་བོ་ཤ་གསེང་དུ་འཐས་པ་ལེན་མི་ཐུབ་པར། ཨོང་ཤ་སེན་མོས་རལ་ན་ད་གཟོད་ཁྲག་ཞུབ་ནས་མགོ་བོ་རང་ཤུགས་སུ་བཤངས་ནས་ཐོན་ཟེར་སྐད། སི་ཁྲོན་མཛོད་དགེ་རྫོང་གི་སྐད་དུ། ཐེ་ཁེ་ཤོ་ལེབ་ཟེར། དེ་ནི་མིང་གཞི་སྡེ་ཚན་གཅིག་ནང་གསེས་ཀྱི་ཡིག་འབྲུ་ཐོག་མ་གསུམ་སྐབས་འགར་གཅིག་ཚབ་གཅིག་ཏུ་སྤྱོད་པའི་བར་གྱི་འབྲེལ་བ་ཡིན།

གཏད་སྤྲོད་བརྒྱབ། མལ་ས་གཅིག་ལས་མི་འགའ་མགོ་ཡར་གཏོད་མར་གཏོད་ཀྱིས་འཚང་ཁ་བྱས་ཏེ་ཉལ་བའི་དོན། མཚོ་སྔོན་རེབ་གོང་སོགས་ཀྱི་སྐད་དུ“གཏད་སྤོད་བརྒྱབ”ཅེས་པའི་གདངས་ཐོན། འདའ(མདང)དགོང་མི་བཞི་མལ་ཁྲི་གཅིག་ལས་གཏད་སྤྲོད་བརྒྱབ་སྟེ་ཉལ་བས་གཉིད་མ་ཡོང་ཟེར་བ་ལྟ་བུ། སྤྲོད་ཀྱི་ར་བཏགས་བོར་ནས་སྤོད་དུ་གྱུར། སི་ཁྲོན་གྱི་མཛོད་དགེ་རྫོང་དང་ཁྱུང་མཆུ་རྫོང་སོགས་ཀྱི་སྐད་དུ། གཏད་སྲོད་བརྒྱབ་ཟེར།“གཏད་ཧྲོད་བརྒྱབ”ཅེས་པའི་གདངས་ཐོན། སྤྲོད་ཀྱི་མིང་གཞི་པ་བོར་ནས་སྲོད་དུ་གྱུར། མདང་དགོང་ང་ཚོ་མལ་ཁྲི་གཅིག་ལས་གཏད་སྲོད་བརྒྱབ་སྟེ་ཉལ་ཟེར་བ་ལྟ་བུ། མཚོ་སྔོན་གྱི་ཁྲི་ཀ་རྫོང་གིས། གཏད་འཕོངས་བརྒྱབ་ཟེར།དྲི་སྐུལ། ཨ་མདོའི་ཡུལ་གྱི་རོང་འབྲོག་ཁག་ཅིག་ལ་དར་བའི་གཉེན་སྲོལ་ཆོ་ག་ཞིག་གི་མིང་སྟེ། ཨ་མདོའི་ཡུལ་སྐད་དུ།“དྲི་སྐུའུ”ཞེས་པའི་གདངས་ཐོན། གཉེན་ཚང་ཚང་གིས་ཆང་དང་ཁ་བཏགས་བཟུང་ནས་ཨ་ཞང་ཚང་ལ་འཚམས་འདྲི་བསུ་བ་བྱེད་པའི་མཛད་སྒོ་ཞིག་ཡིན། ཀན་སུའུ་དཔའ་རིས་རྫོང་གི་སྐད་དུ།“དི་སྐུ”ཞེས་དྲི་ཡི་ར་བཏགས་བོར་ཞིང་། སྐུལ་གྱི་རྗེས་འཇུག་བོར་བའི་ཚུལ་དུ་གདངས་ཐོན། བླ་མ་ཕེབས་ན་བསུ་བ་དང་། ། མགྲོན་པོ(ཨ་ཞང)ཕེབས་ན་དི་སྐུ་ཟེར་ཚུལ་ཡོད། དྲི་སྐུལ་ཞེས་པའི་དྲི་ནི། འཚམས་འདྲི་ཞུ་བའི་དོན་ཅན་གྱི་དྲི་བའམ་འདྲི་ལ་གོ་དགོས་ཤིང་།
སྐུལ་ནི་ཕ་རོལ་པ་ལ་རང་གི་འདོད་དོན་གསོལ་བའམ་ཞུ་བའི་དོན་ལ་འཇུག་སྟེ། ལྷ་བསང་གཏོང་སྐབས། རང་གི་འདོད་དོན་རྣམས་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་དག་ལ་ཞུ་སྐབས། གཞི་བདག་ཕ་མ་འདྲ་བོ། བོས་ན་ཨ་ཟེར་དགོས། བཅོལ་ན་ཡ་ཟེར་དགོས། ང་སོང་ས་ནས་དོན་འགྲུབ་དགོ(དགོས)། བསྡད་ས་ནས་ཁ་དྲོ་དགོ(དགོས)། ཞེས་ནན་ཞུ་ནན་བཅོལ་བྱེད་པ་ལ་སྐུལ་བ་བྱས་སམ་བསང་མཆོད་བྱས་ཟེར་ལ། སྐབས་དེའི་སྐུལ་བ་ཞེས་པ་ལ་ཨ་མདོའི་ཡུལ་སྐད་དུ། སྐུའུ་བ་ཞེས་པའི་གདངས་ཐོན་ཏེ། མི་དེས་བསང་ཕུལ་ནས་རང་གི་གཞི་བདག་ལ་སྐུའུ་བ(སྐུལ་བ)ཙ་ཡ(དཔེ་མེད)བྱེད་ཀིན་ཟེར་བ་ལྟ་བུས་མཚོན། དེར་མ་ཟད་མ་ཎི་དབྱངས་སུ་གྱེར་བ་ལ་མ་ཎི་སྐུལ་ཟེར་ཞིང་། དེ་ལའང་ཨ་མདོའི་ཡུལ་སྐད་དུ་མ་ཎི“སྐུའུ”ཞེས་པའི་གདངས་ཐོན་ནོ། །
དེས་ན་དྲི་སྐུལ་ལམ་དི་སྐུ་ཟེར་བ་ནི། གཉེན་ཚང་ཚང་གིས་ཨ་ཞང་ཚང་ལ་བསུ་བ་བྱེད་དུས་ལམ་ཁ་ནས་འོ་བརྒྱལ་བ་མ་བྱུང་བར་བདེ་བླག་ངང་ཕེབས་སམ་ཞེས་པའི་འཚམས་འདྲིའི་མཚོན་རྟགས་སུ་ཆང་ཁ་བཏགས་ཀྱིས་ཐོག་དྲངས་ཁ་བཤད་དང་གླུ་ལེན་རྟ་རྒྱུགས་ཀྱིས་ཟུར་བརྒྱན་པའི་ཚུལ་དུ་ཆོ་ག་སྤེལ་སྲོལ་དར་བ་ཞིག་ཡིན་པ་རྟོགས་ནུས། ཡུལ་སྡེ་སོ་སོའི་དྲི་སྐུལ་སྤེལ་ལུགས་ལ་བྱེ་བྲག་ཏུ་མི་འདྲ་བ་ཅུང་ཟད་རེ་མཆིས། མཚོ་སྔོན་ཐེམ་ཆེན་རྫོང་གི་དྲི་སྐུལ་ལ་མཚོན་ན། ཉིན་དེར། ཨ་ཞང་ཚང་གིས་བག་མ་བསྐྱལ་ནས་གཉེན་ཚང་ཚང་གི་རུ་འདབས་སུ་ཐོན་པ་ན། གཉེན་ཚང་ཚང་གི་བསུ་བ་ཚོས་བཏེགས་པའི་ཆང་ལ་རྟ་གོང་ནས་མཆོད་ཁ་འཕངས་རྗེས། རྟ་ལས་མི་འབབ་པར་གཉེན་ཚང་ཚང་ལ་འབབ་རྟེན་འཐེན་དགོས་པའི་བླང་བྱ་འདོན། གཉེན་ཚང་ཚང་གིས་གཏམ་ཀུ་རེའི་ཚུལ་དུ། ཡ། ལགས། འབབ་རྟེན་འཐེན་དགོས་པ་དེ་བོད་ཁ་བ་ཅན་གྱི་དཔེ་ཡིན་མོད། ངེད་ཚང་གི་རྒྱུ་འབྱོར་བ་ཞན་པས་ད་ཐེངས་མ་ཚགས་ཐལ་ཞེས་བཤད་དེ་འབབ་རྟེན་འཐེན་རྩིས་མི་བྱེད་ཚེ། ཨ་ཞང་ཚང་གིས་འབབ་རྟེན་མི་འཐེན་ན་རྟ་ཐོག་ནས་མི་འབབ་ཅེས་བཤད་དེ་ཕྱོགས་ཕྱོགས་སུ་རྟ་རྒྱུགས་བྱེད་ཅིང་། གཉེན་ཚང་ཚང་གི་རྟ་པ་རྣམས་ཀྱང་ཨ་ཞང་ཚང་གི་རྗེས་བསྙེགས་ཏེ་སྲབ་མདའ་ནས་འཛིན་ཁུལ་གྱིས་སྐོར་རྒྱུགས་བྱེད།(བག་མ་ལ་སྐོར་མི་རྒྱག)དེ་ལྟར་དྲི་སྐུལ་ལན་འགར་བརྒྱབ་རྗེས་གཉེན་ཚང་ཚང་གི་ཕོ་གསར་གཉིས་ཀྱིས་རྟའི་གོང་ནས་གོས་དར་སྲིད་དུ་རིང་བ་ཞིག་འབབ་རྟེན་དུ་དགུང་སྔོན་གནམ་ལ་དར་ལྕོག་བྲེས་པ་བཞིན་ཕྱོགས་གཉིས་སུ་འཐེན་ཚེ། ཨ་ཞང་ཚང་གི་ཕོ་གསར་ལྡེམ་མྱུར་ཅན་ཞིག་གིས་རྟ་ཕོ་རྒྱུགས་བཞིན་དུ་འབབ་རྟེན་དེ་ལག་སོར་གྱིས་བླངས་ནས་རུམ་ལ་བཅུག་པ་ན། ད་གཟོད་འབབ་རྟེན་གྱི་དྲི་སྐུལ་བྱས་ཟིན་པ་མཚོན་པས་ཨ་ཞང་ཚང་རྟ་ཐོག་ནས་མར་འབབ་པ་ཡིན།

གཉེན་བཤད་ལས། ཨ་ཞང་ཚང་གིས། རྟ་འདོ་བར་ཐོང་རྔུལ་ཕུད་ལས(དེ)། སྤྲིན་དཀར་པོ་ཐོད་ལ་བཟུང་ངས(ནས)། ས་ནག་པོ་འདོམ་ལ་འཇལ་ནས། ངེད་ཚང་ལ་ཐོན་དེངས་ན། ངེད་ཚང་གིས། ཨ་ཞང་ཚང་རྟ་ར་རའི་གོང་ནས་འབབ་སྤྱད་དང་། གདན་གྲུ་བཞིའི་སྟེང་དུ་བཞུགས་སྤྱད་ལ། ཁིས་ཆེན་གསུམ་ལ་ཁ་བཏགས་འཐེན་པ་ཡིན། ཐང་སྐོར་གསུམ་ནས་དྲི་སྐུལ་ཁྱེར་བ་ཡིན། ལམ་ཆེན་གསུམ་ནས་འབབ་རྟེན་འཐེན་པ་ཡིན། ཞེས་འབྱུང་བ་ལྟ་བུ།དཔའ་རིས་རྫོང་གི་དྲི་སྐུལ་བྱེད་སྐབས་ཆང་དང་ཁ་བཏགས་བཟུང་ནས་ཨ་ཞང་ཚང་ལ་ཁམས་བདེ་འདྲི་ཚུལ་གྱི་གླུ་ཚིག་ཁག་གསུམ་རྣམ་གསལ་དུ་དྲངས་ན།
གཅིག གཉེན་རྒྱལ་པོ་དགུང་ནས་འབྱོན་དུས་སུ། །
དགུང་ཨ་སྔོན་གནམ་གྱི་དབྱིངས་རིམ་ན། ། དགུང་སྐར་མ་སྨིན་དྲུག་ཟེར་བ་དེ། ། འདི་ཞིང་ས་དྲུག་གི་བདག་པོ་ཡིན། ། སྡེ་ཆེན་དྲུག་གི་དཔོན་པོ་ཡིན། ། གཉེན་གདན་འདྲེན་ཞུ་བའི་བང་ཆེན་ཡིན། ། ཁྱེད་གཉེན་རྒྱལ་ཕེབས་པའི་བསུ་བ་ཡིན། ། ཁྱེད་གཉེན་རྒྱལ་ཚང་གི་སྐུ་ཁམས་བདེ། ། ཞེས་དང་།

གཉིས། ༡.ཁྱེད་གཉེན་རྒྱལ་ཤར་ནས་འབྱོན་དུས་སུ། །
སྟེང་གི་མཁའ་ལ་འཇའ་ཚོན་ཤར། ། ཁྱེད་གཉེན་རྒྱལ་ཚང་གི་བསུ་བ་ཡིན། ། ༢.ཁྱེད་གཉེན་རྒྱལ་ལྷོ་ནས་འབྱོན་དུས་སུ། ། ས་གཞི་ཡོངས་ལ་མེ་ཏོག་གད། ། ཁྱེད་གཉེན་རྒྱལ་ཚང་གི་བསུ་བ་ཡིན། ། ༣.ཁྱེད་གཉེན་རྒྱལ་ནུབ་ནས་འབྱོན་དུས་སུ། ། འགྲོ་གི(བའི)ལམ་ལ་རི་མོ་བབས། ། གཉེན་རྒྱལ་ཚང་གི་བསུ་བ་ཡིན། ། ཞེས་དང་།

གསུམ། ༡.གཉེན་རྒྱལ་པོ་ཁིས་ཆེན་ཁིས་ནས་བྱོན། །
ངས་དར་དཀར་ཡོལ་བས་གུར་ཞིག་ཕུབ། ། ༢.གཉེན་རྒྱལ་པོ་ལམ་རིང་ལམ་ནས་བྱོན། ། ངས་དཀར་པོ་དར་གྱིས་ལམ་རེ་འཐེན། ། ༣.གཉེན་རྒྱལ་པོ་ཐང་ཆེ་ཐང་ལ་བབས། ། ངས་བདུད་རྩི་ཆང་གི་དི་སྐུས་དྲངས། ། ལྟ་བུའོ། །(དཔའ་རིས་ཡུལ་དུ། ཨ་ཞང་ཚང་ལ་མགྲོན་པོ་ཚང་དང་གཉེན་རྒྱལ་པོ་ཚང་ཟེར་ཞིང་། བུ་མོའི་གནས་ས་ཚང་ལ་གཞི་བུ་སྐྱིད་ཚང་ངམ་གཞི་བ་ཚང་། བྱ་བདག་ཚང་བཅས་ཟེར།)བྲ།① ནུས་པའམ་ཕོད་པའི་དོན། ཨ་མདོའི་ཡུལ་སྐད་དུ། བྲ་ཡི་ར་བཏགས་བོར་བས“བ”རྐྱང་གི་གདངས་ཐོན། ང་ཁོའི་དོ་ཡར་སོང་ནས་མི་བྲ(བ)འིན། ངས་དོན་དེ་བསྒྲུབ་ན་བྲ(བ)རྒྱུ་རེད། ལས་ཀ་དེ་ངས་བྲ(བ)རྒྱུ་མ་རེད། ཅེས་ཟེར་བ་ལྟ་བུའོ། ། ཨམ་སྐད་དུ། བྲ་ཡིག་ལ་བ་སྒྲ་ཐོན་ཚུལ་ནི། བོད་ལྗོངས་ནག་ཆུ་སོགས་ཀྱི་སྐད་དུ། བྲག་ཕུག་ལ་བག་ཕུག་ཅེས་དང་།
འབྲས་ལ་འབས། འབྲོག་པ་ལ་འབོག་པ། འབྲོག་ས་ལ་འབོག་ས། ཕྱི་གླིང་ལ་ཕི་གླིང་ཞེས་ར་བཏགས་དང་ཡ་བཏགས་བོར་བ་དང་འགྲོས་མཚུངས་ཤིང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ16པའི(བེའུ་བུམ་སྔོན་པོའི་རྩ་འགྲེལ)ལྡེབ478པར། ཆོས་ཡེ་བལ་ཞེས་པ་ལ་བྲིས་མར། རྫ་ཕོར་ཅན་བཞིན་དུ་དང་། ཆོས་ཡེ་བྲལ་ཞེས་བྱུང་བས། ཞེས་བལ་ཡིག་ནི་བྲལ་ཡིག་གི་ར་བཏགས་བོར་ནས་བྱུང་བ་ཡིན་ཚུལ་སྨྲས་ཡོད་པས་མཚོན། 《དམ་ཆོས་ཐར་པའི་རྒྱན》གྱི་ལྡེབ108པར། དེ་ཡང་རང་ལ་མི་མཁོ་བུ་ལ་བྱིན་པ་ལྟ་བུ་མ་ཡིན་ཏེ། རང་གི་ཟ་མ་བྲ། བཏུང་མ་བྲ། གོན་མ་བྲ། ཚེ་འདིའི་བདེ་བའི་དོན་དུ་ཡང་སྤྱད་མ་ཕོད། ཅེས་དང་། 《བཀའ་འགྱུར་དཔེ་བསྡུར་མ》པོད38པའི(པོད༼ཨ༽《ཕལ་བོ་ཆེའི་མདོ》)ལྡེབ782པར། སྡུག་ཅིང་ཡིད་དུ་འོང་ལ་བཏང་མི་བྲ་བའི་འཁོར་གྱི་ཚོགས་དག་ཀྱང་ཡོངས་སུ་བཏང་ངོ་། །
ཞེས་དང་། 《བསྟན་འགྱུར་དཔེ་བསྡུར་མ》(པོད། ༼ཆུ༽འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ)དེབ87ལྡེབ1166པར། རྡུལ་གྱི་རྫབ་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད་ཅེས་བྱ་བ་ནི་རྡུལ་དང་རྡུལ་དུ་འདྲེས་པའི་རྫབ་འདྲ་བ་ཁྱོད་བཏང་དུ་མི་བྲ་བ་ཅི་ཡོད་ཅེས་བྱ་བའི་ཐ་ཚིག་གོ ། ཞེས་དང་། 《ས་ཆེན་ཀུན་དགའ་སྙིང་པོའི་གསུང་འབུམ》པོད1པོའི་ལྡེབ225བར། ཉོན་མོངས་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན། འདོད་ཆགས་ལས་བཏང་མི་བྲ་བའི་སེར་སྣ་འབྱུང་བས། ཞེས་དང་། 《རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ》པོད9པའི་ལྡེབ638པར། གྲང་བའི་ཚེ་གོས་དཀོན། དབུལ་བའི་ཚེ་ནོར་རང་གིས་སྤྱོད་མི་བྲ་བ་རྣམས་ཕངས་པ་མེད་པར་བྱིན། ཞེས་འབྱུང་བ་ལྟ་བུའོ། །② བཟོད་གླགས་མེད་པའི་དོན། ན་ཟུག་བསྲན་ནས་མི་བྲ་(བ)གིན་ཟེར་བ་ལྟ་བུ། ③ རུང་མི་རུང་ངམ་ཆོག་མི་ཆོག་གི་དོན། གཟུགས་རིང་བ་ཁོ་ནས་མི་བྲ(བ)གིན་ཟེར་བ་ལྟ་བུ། ④ཐབས་ཟད་པའི་དོན། ཁོས་འདོད་བཏང་ནས་མ་བྲ(བ)བར་ངས་ཁོ་ལ་བྱིན་པ་ཡིན་ཟེར་བ་ལྟ་བུ། ཨ་མདོའི་ཡུལ་སྐད་ཁྲོད། བྲ་ཡིག་ལ་བ་ཡི་གདངས་ཐོན་ཚུལ། ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ནང་གི་ཨམ་སྐད་གསང་བཀྲོལ་ལྡེ་མིག་ཏུ་གསལ། 《ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ》(སྟོད་ཆ། བྱང་ཆུབ་ལམ་རིམ་ཆེན་མོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ)ལྡེབ87པར། མི་བྲ་བ་ནི། མི་ནུས་པའམ་མི་ཕོད་པ། ཞེས་བཀྲལ་ཡོད། 《ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ》(སྟོད་ཆ། བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ)ལྡེབ138པར། ཡེ་མི་བྲ་བ་ནི། གཏན་ནས་མི་ཕོད་པ། ཞེས་བཀྲལ་ཡོད། 《ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ》(སྨད་ཆ། འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་བློ་ལྡན་དགའ་སྐྱེད)ལྡེབ458པར། མི་བྲ་བ་ནི། མི་ཕོད་པའམ་མི་གཏོང་བ། ཞེས་བཀྲལ་ཡོད། 《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》རུ། བྲ་མི་བྲ། ཐུབ་མི་ཐུབ། ཅེས་བཀྲལ་ཡོད། 《བོད་རྒྱ་ཚིག་མཛོད་ཆེན་མོ》རུ། བྲ་བ། བྱེད་ནུས་པའམ་བྱེད་ཕོད་པ། རང་གཞན་གྱི་སྐྱོན་ཆ་བརྗོད་བྲ་བ། རང་སྲོག་བློས་གཏོང་བྲ་བའི་དཔའ་བོ། ཟ་མི་བྲ་བ་དང་འཐུང་མི་བྲ་བ། ཞེས་བཀྲལ་ཡོད། 《དག་ཡིག་གསར་བསྒྲིགས》 སུ། བྲ། (ལས་ཚིག་རྗེས་མཐུན་པ)ཐུབ་པ་དང་བཟོད་པ་སོགས་ཀྱི་དོན་ཏེ། ཟ་མི་བྲ་ཞིང་འཐུང་མི་བྲ་བ། གོན་མི་བྲ་ཟེར་བ་ལྟ་བུ། མཚོ་སྔོན་གྱི་ཁ་སྐད་དུ། ར་བཏགས་ཕྱིས་ཏེ་བ་ཞེས་ཀློག ཅེས་བཀྲལ་ཡོད། ﹝འབྲ་མེད﹞ལ་གཟིགས་རོགས།

འབྲ་མེད། བྲ་མེད་པ་སྟེ། ནུས་པ་ཞན་པའམ་གཉོམ་ཆུང་གི་དོན། མི་འབྲ་མེད། ཁྱིམ་ཚང་འབྲ་མེད། སྡེ་བ་འབྲ་མེད་ཟེར་བ་ལྟ་བུའོ། ། འགྲེལ་ཞིབ་མོ་བྲ་ཡི་སྐབས་སུ་གསལ།སྲིད་སྡེ། གྲོང་སྡེའམ་ཁྱིམ་མཚེས་སྡེ་བའི་མིང་། ཨ་མདོའི་ཡུལ་སྐད།“ཧྲིད་སྡེ”ཞེས་པའི་གདངས་ཐོན། བ་གླང་དེ་སྲིད་སྡེ་ནས་ཡོང་བ་ཞིག་རེད། ཅེས་དང་།སྲིད་པའི་ཁ་དཔེར། ཕྱི་སྲིད་སྡེ་གནམ་གྱི་སྐར་མ། ། ནང་རང་སྡེ་གཟིག་གི་ཐིག་ལེ། ། ཞེས་དང་། གཏམ་བཤད་ལས། ཕྱི་སྲིད་སྡེར་ཡོད་ན་སྨོན་ན་འདོད་ནོ། ། ནང་རང་སྡེར་ཡོད་ན་ངོམས་ན་འདོད་ནོ། ། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ)ལྡེབ58པར། དེས་ན་སྲིད་སྡེ་གཅོད་པ་ལ་མཁས་པ་དེ་ལྟ་བུ་དུད་འགྲོ་ལ་ཡང་ཡོད་གསུངས། ཞེས་སམ། ལྡེབ68པར། དཔེར་ན་སང་ནངས་པར་ལྟ་བུ་དམག་ཡོང་བ་ལ་སྲོད་ལ་བྱ་གཏོང་གི་མི་གཅིག་བྱུང་ན། མི་ཐམས་ཅད་སྟབས་ཤོར་ནས་སྲིད་སྡེ་སྦྲོན། གོ་ཆ་གསོག མེལ་ཙེ་བྱེད་པ་ཡིན། ཞེས་སམ། ལྡེབ507པར། སྲིད་སྡེ་ནི་གཉེན་སྡེའམ་གྲོང་སྡེའོ། ། ཞེས་འབྱུང་བ་ལྟ་བུའོ། །སྲིད་སྡེ་སྦྲོན། སྡེ་བར་བརྡ་བཏང་བའམ་བསྒྲགས་པའི་དོན། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ)ལྡེབ68པར། དཔེར་ན་སང་ནངས་པར་ལྟ་བུ་དམག་ཡོང་བ་ལ་སྲོད་ལ་བྱ་གཏོང་གི་མི་གཅིག་བྱུང་ན། མི་ཐམས་ཅད་སྟབས་ཤོར་ནས་སྲིད་སྡེར་སྦྲོན། གོ་ཆ་གསོག མེལ་ཙེ་བྱེད་པ་ཡིན། ཞེས་སམ། ལྡེབ507པར། སྲིད་སྡེ་སྒྲོན་ནི་སྲིད་སྡེ་ལ་སྒྲོན་པའམ་སྦྲོན་པ་སྟེ་ཐམས་ཅད་ལ་སྒྲོགས་ནས་གོ་བར་བྱེད་པ། སྲིད་སྡེ་ནི་གཉེན་སྡེའམ་གྲོང་སྡེའོ། ། ཞེས་འབྱུང་བ་ལྟ་བུ།

ཕལ་སྐད་འཕེལ་ན་ཕ་ཡུལ་འཕེལ་བའི་རྟགས། །

ཕལ་སྐད་ཉམས་ན་ཕ་ས་ཤོར་བའི་རྟགས། །

སྤྱི་ཕལ་སྐད་ལ་ལྕི་ཡང་འཆོར་མ་འཇུག །

སྤྱི་སྐད་འབྱུང་བའི་རྩ་བ་ཕལ་སྐད་ལགས། །

ཆོས་སྐད་སྤྱི་སྐད་ཡིན་རློམ་དག་གིས་ཀྱང་། །

ཆོས་སྐད་ཕལ་བའི་སྐད་དུ་མ་བཀྲལ་ན། །

བོད་པ་བྱིངས་ཀྱིས་མི་གོ་སྤྱི་སྐད་དེ། །འདས་མ་ད་གསུམ་སྤྱི་སྐད་འགྱུར་རེ་སྐན། ། ཞེས་ཀྱང་ཐལ་ལོ། །


དཔྱད་གཞིའི་ཡིག་ཆ།

[1] 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ》པོད༦པ།[M]མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ།

[2] 《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས》[M]ཀན་སུའ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོ།

[3] 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》པོད༢པ།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ།

[4] 《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ལོ།

[5] དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་ཚན་ཆུང་། 《དག་ཡིག་གསར་བསྒྲིགས》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ།

[6] རྭ་ཡེ་ཤེས་སེང་གེ། 《རྭ་ལོ་ཙཱ་བའི་རྣམ་ཐར》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོ།

[7] པོ་ཏོ་བ་སོགས་ཀྱིས་བརྩམས། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ༡༧པ། [M]མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོ།

[8] པོ་ཏོ་བ་སོགས་ཀྱིས་བརྩམས། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ༡༦པ། [M]མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོ།

[9] གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོ།

[10] 《རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོ།

[11] 《ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོ།

[12] 《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

[13] འབྲུག་རྒྱལ་དབང་ཆོས་རྗེ། 《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི་རྣམ་ཐར》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོ།

[14] མདོ་མཁར་བ་ཚེ་རིང་དབང་རྒྱལ། 《བཀའ་བློན་རྟོགས་བརྗོད》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོ།

[15] ཁྲག་འཐུང་རྒྱལ་པོ། 《མར་པ་ལོ་ཙཱའི་རྣམ་ཐར》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོ།

[16] 《བསྟན་འགྱུར》ཁྲོད་ཀྱི《འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ》དྲ་ཚིགས།

[17] ལྷ་རྗེ་བསོད་ནམས་རིན་ཆེན། 《དམ་ཆོས་ཐར་པའི་རྒྱན》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོ།

[18] 《བཀའ་འགྱུར་དཔེ་བསྡུར་མ》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ།

[19] 《བསྟན་འགྱུར་དཔེ་བསྡུར་མ》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ།

[20] 《ས་ཆེན་ཀུན་དགའ་སྙིང་པོའི་གསུང་འབུམ》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོ།

[21] 《རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ》[M]སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༡ལོ།

[22] 《ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོ།

[23] 《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》[M]མི་རིགས་དཔེ་སྐྲུན་ཁང་། ༡༩༥༧ལོ།

[24] ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། 《བོད་རྒྱ་ཚིག་མཛོད་ཆེན་མོ》[M]མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ།


* ཀུན་ཁྱབ་ཀླུ་བྱམས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་འཁྱུར་པ་ཡིན།

* ཤ་བོ་རྒྱ་མཚོ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སློབ་གསོ་ཅུའུ་རུ་ཕྱག་ལས་གནང་བཞིན་ཡོད།

[གནད་བཏུས] དཔྱད་རྩོམ་འདིའི་ནང་གཙོ་བོར་ཨམ་སྐད་ཁྲོད་ཀྱི་རྒྱུན་བཀོལ་མིང་བརྡ་དཔེར་མཚོན་འགའ་ཁོལ་དུ་ཕྱུངས་ནས། དེ་དག་གི་སྒྲ་ཡི་འགྱུར་ལུགས་དང་། གཟུགས་ཀྱི་འཕོ་ལུགས། དོན་གྱི་འབབ་ལུགས་བཅས་རེ་རེ་བཞིན་ལུང་ཁུངས་བཙུན་ཞིང་། རིགས་ལམ་ཞིབ་པ། དཔེ་གཞི་གསོན་ཉམས་ལྡན་པ་བཅས་ཀྱིས་བཀྲལ་ཡོད་པ་མ་ཟད། འགྲེལ་ཚིག་ཁ་གསལ་ཞིང་འབྲུ་ཉུང་ལ། དོན་གཅིག་ལ་ཡུལ་ལུང་ཁག་གི་འབོད་ཚུལ་གཞན་དང་གཞན་ཡོད་རིགས་རྣམས་ཀྱང་སྐབས་དོན་དང་འབྲེལ་ཆགས་པའི་སྒོ་ནས་ལྷན་ཐབས་ཀྱི་ཚུལ་དུ་སྦྱར་ཡོད།

[གནད་ཚིག] ཀ་དང་ང་། ཁ་བར། མགོ་གཡང་སྤར། སྒྲན། དྲི་སྐུལ།


① གསལ་བཤད། གཤམ་གྱི་ཨམ་སྐད་ཀྱི་དཔེར་བརྗོད་དག་གི་འབྲི་ཚུལ་རྩོམ་སྒྲིག་པས་སོར་འཇོག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1