དམའ་འབྲིང་གྲངས་རིག་སློབ་གཉེར་བྱ་ཐབས་ འགའ་ཕྱོགས་དྲིལ་དུ་སྟོན་པ།
འབྲུག་མོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06
[གནད་བཏུས] རྩོམ་འདིར་རང་ཉིད་ལོ་ངོ་མང་པོར་གྲངས་རིག་དགེ་རྒན་བྱས་པའི་ཉམས་མྱོང་གལ་ཆེ་བ་རྣམས་ཕྱོགས་གཅིག་ཏུ་བསྡུ་ཁུལ་བྱས་ཡོད། དེ་ལ་དང་པོ་ནི་ཟུར་ངོས་མང་པོ་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བ་ཡིན་ཞིང་། འདི་ལ་མཚར་འཛིན་དང་དྲི་བ་འདོན་པ་དང་བརྩེ་བ་བཅས་ཕྱོགས་གསུམ་ནས་སྤྲོས་ཡོད། གཉིས་པ་ནི་འབྲེལ་ལམ་མང་པོ་ནས་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་སྐྱོང་བ་ཡིན་ཞིང་། འདི་ལ་སློབ་ཚན་སྔོན་སྦྱོང་དང་གཟབ་ཉན་ཞིབ་འགོད་དང་སྦྱོང་བརྡར་ལག་ལེན་དང་བསླབས་རྗེས་ཕྱིར་རྟོག་བཅས་ཕྱོགས་བཞི་ནས་བརྗོད་ཡོད། གསུམ་པ་ནི་ཐབས་ལམ་མང་པོས་རྩིས་འགྲོལ་བསམ་གཞིག་སྤེལ་བ་ཡིན་ཞིང་། འདི་ལ་རྩིས་གཅིག་མང་འགྱུར་དང་རྩིས་གཅིག་མང་འགྲོལ་བཅས་ཕྱོགས་གཉིས་ཀྱི་དངོས་དཔེ་བཀོད་ནས་ར་སྤྲོད་བྱས་ཡོད། བཞི་པ་ནི་ཆ་འཕྲིན་མང་པོའི་ཤེས་བྱ་གསོག་འཇོག་ལ་རིམ་པ་དབྱེ་བ་གཙོ་བོ་ཡིན་ཞིང་། འདི་ལ་ཆ་འཕྲིན་ཤེས་བྱ་གསོག་འཇོག་དང་དཀའ་སླ་རིམ་པ་དབྱེ་བ་བཅས་ཕྱོགས་གཉིས་ནས་བརྗོད་ཡོད།
[གནད་ཚིག] གྲངས་རིག་སློབ་ཐབས། སྤྲོ་སྣང་འདྲེན་ཐབས། སློབ་གཉེར་གོམས་ཐབས། རྩིས་གཞི་འགྲོལ་ཐབས།
དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་ཡང་དག་གིས་སློབ་མའི་བློ་རིག་གི་སྒོ་མོ་འབྱེད་ཐུབ་ཅིང་། རང་ཉིད་ཀྱི་སློབ་གཉེར་བྱ་ཐབས་ཇི་ལྟར་གནད་བརྟོལ་བ་ཡིན་ན་སློབ་མ་བསླབ་ཚན་སྦྱོང་བ་ལ་དེ་ལྟར་སྤྲོ་བས་འཇུག་ཅིང་དོན་སྨིན་གནད་ཁེལ་འབྱུང་ངེས་པ་རེད། ཉེ་བའི་ལོ་འགར། ཕྲན་གྱིས་བསླབ་གཞི་གསར་པའི་བཅོས་སྒྱུར་གྱི་ལག་ལེན་དངོས་མྱོང་ལ་གཞི་བཅོལ་ཏེ། དགེ་སློབ་གཉིས་ཀའི་ཁྲིད་ཐབས་དང་སློབ་ཐབས་ཀྱི་ཕྱོགས་ལ་ལེགས་སྒྱུར་བྱས་པའི་གྲུབ་འབྲས་ཙམ་བླངས་ཡོད་པས། གཤམ་དུ་རང་ཉིད་ཀྱི་སློབ་ཁྲིད་དངོས་དང་འབྲེལ་ནས་རང་གིས་ཇི་ལྟར་སྒྲུབ་ཚུལ་གླེང་བ་ལ།
དང་པོ། ཟུར་ངོས་མང་པོ་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བ།
གྲངས་རིག་ནི་སྤྱི་མཚན་ལྐོག་གྱུར་གྱི་རིག་ཚན་ཞིག་ཡིན་པ་རེད། དེས་སློབ་མ་ལ་སྤྲོ་མེད་དང་ཆོ་མེད་ཀྱི་སུན་སྣང་སྟེར་སླ་བ་ལ། དགེ་རྒན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བར་འབད་ན་འོས།
གཅིག མཚར་འཛིན་བློ་ཡིས་སྤྲོ་སྣང་འདྲེན་ཐུབ།
དགེ་རྒན་གྱིས་མཚར་འཛིན་གྱི་བློ་ཡིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བསླང་ཆོག་པ་རེད། གྲངས་རིག་ནི་དངོས་ཡོད་འཚོ་བ་དང་འབྲེལ་བ་དམ་ཟབ་མཆིས་པའི་རིག་ཚན་ཞིག་ཡིན། དེར་དགེ་རྒན་གྱིས་དངོས་ཡོད་འཚོ་བའི་ཁྲོད་དུ་མཐོང་ཡོད་རེག་ཡོད་དུ་གནས་པའི་འབྲེལ་ཡོད་དངོས་དཔེ་གསོན་པོ་སློབ་ཐུན་དུ་དྲངས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བ་ལ་རབ་ཏུ་ཕན། དཔེར་ན། རླངས་འཁོར་གྱི་འཁོར་ལོ་སྒོར་དབྱིབས་སུ་བཟོས་ཡོད་པ་ལས་འཇོང་དབྱིབས་སུ་མི་བཟོ་བའི་རྒྱུ་མཚན་ཅི། ལྕགས་རྟའི་སོ་འཁོར་ལ་གཅིག་ཆེ་གཅིག་ཆུང་དུ་བྱ་དགོས་པའི་རྒྱུ་མཚན་ཅི། ལྟ་བུའོ། ། དྲི་བ་འདི་དག་ཐོས་མ་ཐག་དང་བལྟས་མ་ཉིད་དུ་རྒྱུན་ལྡན་ཞིག་ཡིན་རུང་། སློབ་མས་ནི་དེ་དག་གི་ནང་གནས་ཀྱི་གནས་ལུགས་དང་རྒྱུ་མཚན་གསལ་པོ་ཡང་དག་ཏུ་བཤད་པ་ལ་ངག་སྡོམ་པ་ལས་ཐབས་གཞན་མེད། ཡིན་ཡང་། དངོས་མཐོང་སྣང་ཚུལ་འདི་དག་ལ་སློབ་མ་ཧ་ལས་ཤིང་ངོ་མཚར་དུ་འདོད་པ་ནི་མཚར་འཛིན་གྱི་བློ་ལྡན་པའི་རྟགས་མཚན་ཡིན་པ་རེད། འདི་ལྟར་མཚར་འཛིན་གྱི་བློ་དེས་སློབ་མ་ཚོ་རང་འགུལ་གྱིས་ཤེས་བྱ་གསར་པ་ལ་སློབ་སྦྱོང་དང་འཚོལ་ཞིབ་བྱ་བར་སྐུལ་སྲིད་པས། མཚར་འཛིན་གྱི་ཁྲོད་ནས་འཚོལ་ཞིབ་ཀྱི་སྒུལ་ཤུགས་བསྐྱེད་ངེས་པ་རེད། དེར་རླངས་འཁོར་གྱི་འཁོར་ལོ་ལ་སྒོར་དབྱིབས་ལས་འཇོང་དབྱིབས་མི་བཟོ་བའི་རྒྱུ་མཚན་ནི། སྒོར་དབྱིབས་རུ་བཟོས་ན་འཁོར་ལོའི་འཁོར་མདའ་དེ་ཏག་ཏག་སྒོར་ལྟེ་རུ་བབས་ཡོད་པས། འཁྱིལ་འཁོར་བྱེད་དུས་འཁོར་མདའ་དང་ས་ངོས་ཀྱི་བར་ཐག་ནི་ནམ་ཡང་སྒོར་དབྱིབས་ཀྱི་ཚངས་ཕྱེད་དང་འདྲ་མཚུངས་ཡིན་པས་འགོག་ཤུགས་མེད་པ་མ་ཟད་ཧ་ཅང་བརྟན་པོ་ཡོང་ཐུབ་པ་རེད། གལ་ཏེ་འཇོང་དབྱིབས་སུ་བཟོས་པ་ཡིན་ན་འཁོར་ལོའི་འཁོར་མདའ་དེ་འཇོངས་དབྱིབས་ཀྱི་ལྟེ་བ་རུ་བབས་ཡོད་པས། འཁྱིལ་འཁོར་བྱེད་དུས་འཁོར་མདའ་དང་ས་ངོས་ཀྱི་བར་ཐག་ནམ་ཡང་འདྲ་མཚུངས་མིན་པར་འགྱུར་ལྡོག་འབྱུང་གི་ཡོད་པས་མཚམས་མཚམས་སུ་འགོག་ཤུགས་ཆེ་བ་དང་། མཚམས་མཚམས་སུ་འགོག་ཤུགས་ཆུང་བས་ཤུགས་དང་འགྲོས་ཚད་བརྟན་པོ་ཡོང་མི་ཐུབ་པས་ཉེན་ཁ་ཧ་ཅང་ཆེ་བ་རེད། ལྕགས་རྟའི་སོ་འཁོར་ལ་ཆེ་ཆུང་ཡོད་དེ། སྤྱིར་བཏང་དུ་ལྕགས་རྟའི་སོ་འཁོར་སྔ་མ་ཆེ་ཞིང་སོ་འཁོར་ཕྱི་མ་ཆུང་བ་རེད། སོ་འཁོར་སྔ་མ་ལ་ཤུགས་བཀོལ་ནས་བསྐོར་བ་གཅིག་འཁོར་ན། སོ་འཁོར་ཕྱི་མ་དེ་རང་བཞིན་གྱིས་བསྐོར་བ་འགའ་འཁོར་ངེས་པས་འགྲོས་ཚད་རྒྱུན་སྲུང་བྱ་ཐུབ་པ་དང་། དེར་མ་ཟད། སོ་འཁོར་སྔ་ཕྱི་གཉིས་ཀྱི་བར་ཐག་ནི་ལྕགས་རྟའི་འཁོར་ལོ་གཉིས་ཀྱི་བར་ཐག་དང་འདྲ་མཚུངས་ཡིན་པ་དང་། ལྕགས་རྟ་མདུན་སྐྱོད་བྱེད་པའི་བར་ཐག=སོ་འཁོར་གྱི་འཁོར་གྲངས×ལྕགས་རྟའི་འཁོར་ལོའི་མཐའ་འཁོར་རིང་ཚད། ལྕགས་རྟ་མདུན་སྐྱོད་བྱེད་པའི་བར་ཐག÷སོ་འཁོར་གྱི་འཁོར་གྲངས=ལྕགས་རྟའི་འཁོར་ལོའི་མཐའ་འཁོར་རིང་ཚད་དང་མཚུངས་པ་སྟེ། འདི་དག་ཕན་ཚུན་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པས། ལྕགས་རྟ་མདུན་སྐྱོད་བྱེད་དུས་འགྲོས་ཚད་རྒྱུན་སྲུང་དང་དོ་མཉམ་ཡོང་བ་བཅས་ཀྱི་ཕན་དབང་གིས་སོ། །
གཉིས། དྲི་འདོན་རྩལ་ལ་སྤྲོ་སྣང་འབྱུང་སྲིད།
སློོབ་ཐུན་ལ་དྲི་བ་འདོན་པ་ནི། སློབ་ཐུན་སློབ་ཁྲིད་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པ་རེད། སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་དགེ་སློབ་ཕན་ཚུན་ཟུང་འབྲེལ་བྱ་བ་ནི། དྲི་བ་དྲིས་ལན་གྱི་རྣམ་པས་མངོན་དགོས་པ་ཡིན། དགེ་རྒན་གྱིས་ཁྱད་མཚར་དང་ནུས་ལྡན་གྱི་དྲི་བ་འདོན་པ་ནི་སློབ་མའི་བློ་རིག་གི་སྒོ་མོ་འབྱེད་པ་དང་སློབ་མའི་བསམ་གཞིག་གི་ནུས་པ་སྤེལ་བ། སློབ་མ་ལ་རང་འགུལ་གྱི་ནང་ཞུགས་འདུ་ཤེས་བསྐྱེད་པར་བྱ་བ་བཅས་ཀྱི་རྩ་བའི་ཚོད་འཛིན་བྱ་ཐབས་སམ་མདོ་འཛིན་ཡིན་པ་རེད། དཔེར་ན། ཐེངས་གཉིས་རྟེན་འབྱུང་གྲངས་དང་ཟུར་གསུམ་རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་ཚང་མ་འཁྱོག་ཐིག་ཡིན་པ་ལ། དེ་ལས་གཅིག་ལ་ཏག་ཏག་དངོས་འཕངས་ཐིག་ཟེར་དགོས་པའི་རྒྱུ་མཚན་ཅི། རང་འགྱུར་ཚད་ཀྱི་ཁྱབ་ཁོངས་ལ་མི་འདྲ་ས་ཅི་ཞིག་ཡོད། འདི་ལྟར་ཁྱད་མཚར་གྱི་དྲི་བ་དྲིས་པ་ཡིན་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་ཐུབ་ཅིང་ཕན་ཚུན་ཞིབ་བསྡུར་ལས་བསམ་གཞིག་ལ་གོམས་ངེས་སོ། ། འདི་ནི་ཇི་སྐད་དུ། སློབ་གཉེར་གནད་ནི་དོགས་པ་ཡིན། ། དོགས་པ་ཆུང་ན་ཡར་ཐོན་ཞན། ། དོགས་པ་ཆེ་ན་ཡར་རྒྱས་ཆེ། ། དོགས་པའི་ངག་ནི་དྲི་བས་སྟོན། ། ཞེས་པ་ལྟར་རོ། །
གསུམ། བརྩེ་བའི་མཚོ་ལ་སྤྲོ་སྣང་འཕྱུར་ངེས།
གལ་ཏེ་སློབ་མ་གྲངས་རིག་ལ་དགའ་རུ་འཇུག་ན། དགེ་སློབ་བར་གྱི་འབྲེལ་བ་ལེགས་པོ་མེད་དུ་མི་རུང་བ་ཞིག་ཡིན། དང་པོར། དགེ་རྒན་ལ་ཤ་ཚ་བཀུར་འོས་ཀྱི་སྣང་བརྙན་ཞིག་ལྡན་དགོས། དེར་རང་ཉིད་ཀྱི་ཤེས་རབ་དང་བྱམས་བརྩེ་ཡི་དྲི་མ་སློབ་མ་ཚོར་ཁྱབ་ཏུ་བཅུག་སྟེ། སློབ་མ་ཐམས་ཅད་བདེ་ཐང་ངང་འཚར་ལོངས་བྱུང་བ་ལ་ཐུགས་ཁུར་དང་། སློབ་མའི་སྒེར་གཤིས་དང་བསམ་ཚུལ་ལ་བརྩི་འཇོག སློབ་མ་རེ་རེར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལས་ཕྱོགས་རིས་དང་མཐོང་ཆུང་བྱ་མི་རུང་། ཕྱོགས་ཡོངས་དང་ཡོངས་ཁྱབ་ཀྱིས་སློབ་མ་ལ་གདེང་འཇོག་བྱ་བ་ལས་ངོས་གཅིག་དང་ཟུར་ཙམ་ནས་བྱ་མི་རུང་ངོ་། ། ནམ་ཡང་བསླབ་དེབ་ལ་ཉམས་ཞིབ་དང་ཁྲིད་ཐབས་ལ་གསར་སྒྱུར། ཤེས་རྒྱ་ཇེ་ཆེར་གཏོང་ཆེད་དཔེ་དེབ་མང་པོར་ལྟ་བ་སོགས་ལ་བརྟེན་ནས་སློབ་གསོའི་ལས་དོན་ལ་དགའ་བ་དང་ཧུར་སེམས་ཆེ་བ། ཤེས་རྒྱ་ཆེ་བ། མཐོང་རྒྱ་ཡངས་པ། ཁོག་རྒྱ་ཟབ་པ་བཅས་ཀྱི་དགེ་རྒན་གྱི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་ན། སློབ་མ་ཚོ་ནི་དགེ་རྒན་ལ་སྙིང་ཉེ་ཞིང་གནས་ལུགས་ལ་ཡིད་རྟོན་པ་ཅན་དུ་འགྱུར་ངེས་པ་རེད། གཉིས་པར། སློབ་ཐུན་སློབ་ཁྲིད་ཁྲོད་དུ་དགེ་རྒན་གྱིས་སློབ་མ་ལ་བྱམས་སེམས་དང་བརྩེ་སེམས་ཀྱི་རྒྱ་མཚོ་འཁྱིལ་དུ་བཅུག་སྟེ། སློབ་མ་ལ་སྤྲོ་སྣང་གི་རྦ་རླབས་འཕྱུར་དུ་འཇུག་པ་ལ། དགེ་རྒན་གྱི་སྐད་གདངས་ལ་ཞི་འཇམ་ཆེ་ཞིང་མིག་ཟུང་ལ་མཉེས་གཤིན་འཕྲོ་བ། བརྩེ་འདང་ལ་རེ་བས་ཁེངས་པར་བྱས་ཚེ། སློབ་མ་ཚོར་གསར་གཏོད་ཧུར་འཇུག་དང་བསམ་ཡངས་རྟོག་འཕྲོའི་བར་སྟོང་རྒྱ་ཆེན་ཞིག་བསྐྲུན་པར་གདོན་མི་ཟ། གལ་ཏེ་སློབ་མ་ལ་དཀའ་ཁག་བྱུང་ཚེ། དགེ་རྒན་གྱིས་ཐུགས་ཁུར་དང་སྐུལ་སློང་གནང་བ་ཡིན་ན་དྲོད་ཁོལ་དང་སྤོབས་པ་དང་སྟོབས་ཤུགས་སྩོལ་ཐུབ། འདི་ལྟར་ན། དགེ་རྒན་ལ་ཡིད་རྟོན་བྱ་ཞིང་དགེ་རྒན་དེའི་སློབ་ཁྲིད་ལ་ཡང་དགའ་ངེས་པ་རེད།
གཉིས་པ། འབྲེལ་ལམ་མང་པོ་ནས་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་སྐྱོང་བ།
སློབ་མས་སློབ་སྦྱོང་གི་གྲུབ་འབྲས་མཐོར་འདེགས་སུ་གཏོང་འདོད་ན། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེར་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་སྐྱེད་སྲིང་བྱ་བ་གནད་དུ་བཟུང་ན་འོས།
གཅིག སློབ་ཚན་སྔོན་སྦྱོང་གི་གོམས་གཤིས།
སློབ་མས་སློབ་ཚན་གསར་པ་སློབ་པ་ལ། སྔོན་སྦྱོང་མི་བྱ་བ་ནི་དམག་མིས་གྲ་སྒྲིག་ཉེར་སྡོག་གང་ཡང་མེད་པའི་དམག་འཁྲུག་བརྒྱག་པ་དང་ཁྱད་ཅི་ཡོད་དེ། སྟོབས་ཤུགས་ཟད་ངེས་པ་མ་ཟད་རྒྱལ་ཁ་ལེན་པའི་གདེང་ཚོད་ཀྱང་མེད་པ་ལྟར་རེད། སློབ་ཁྲིད་གོ་རིམ་ཁྲོད་དུ་སློབ་མས་སྔོན་སྦྱོང་བྱས་ན་བཟང་། དེར་སྔོན་སྦྱོང་གི་འགན་ཁུར་ལྟར་སྔོན་སྦྱོང་གི་གནས་ཚུལ་ལ་ངེས་མེད་དུ་ཞིབ་བཤེར་བྱ་དགོས། སྒྲུབ་ལུགས་ནི་བཀོད་སྒྲིག་བྱས་པ་ལྟར་དགེ་རྒན་ནས་ཚོ་ཆུང་གི་མགོ་བ་ལ་ལྟ་ཞིབ་དང་མགོ་བས་ཚོ་ཆུང་གི་ཁོངས་མི་ལ་ལྟ་ཞིབ། ཡང་ན་ངེས་མེད་འཐེན་ཞིབ་བྱ་བ་བཅས་བརྒྱུད་ནས་སྔོན་སྦྱོང་འགྲུབ་ཡོད་མེད་ལ་ཕྱིར་རྟོག་གིས་སྐུལ་འདེད་རྒྱུན་འཁྱོངས་བྱས་ན། སློབ་མ་ཚོར་རང་འགུལ་གྱི་སྔོན་སྦྱོང་གི་གོམས་གཤིས་རྒྱུད་ལ་ཆགས་ངེས་པ་རེད། ཡང་སྔོན་སྦྱོང་བྱས་ནས་དོགས་གནད་འཚོལ་བ་དང་སློབ་ཐུན་སྐབས་སུ་དོགས་གནད་བཏོན་ན། ཚོ་ཆུང་གིས་བགྲོ་གླེང་དང་བསམ་ཚུལ་སྤེལ་རེས་བྱས་ན་བཟང་། དེ་ལ་དགེ་རྒན་ནས་བློ་འབྱེད་དང་དམར་ཁྲིད་དང་མཛུབ་སྟོན་བཅས་བརྒྱུད་ནས་དོགས་གནད་གང་ཉིད་གནད་བཀྲོལ་བྱས་པ་ལྟར། མཐའ་མཇུག་དགེ་སློབ་མཉམ་པོར་སློབ་ཐུན་དེ་ཕྱིར་དྲན་དང་སློབ་ཚན་དེའི་ཤེས་བྱའི་གནད་འགག་གསེད་བཀྲོལ་བྱ་བ་དོན་དུ་གཉེར་ན་བཟང་། མ་ཟད། དགེ་རྒན་གྱིས་བློ་སེམས་ཞིབ་མོས་ཇུས་འགོད་བྱས་པའི་སྦྱོང་ཚན་ལ་ནུས་ཤུགས་ཆེ་འདོན་བྱས་ཏེ་ཤེས་བྱ་གསར་རྙིང་གཉིས་ཀའི་འབྲེལ་གནས་མ་ལག་བཙུགས་ན་ལྷག་ཏུ་བཟང་།
གཉིས། གཟབ་ཉན་ཞིབ་འགོད་ཀྱི་གོམས་གཤིས།
སློབ་ཁྲིད་ལ་ཉན་པ་ནི། སློབ་མར་ཤེས་བྱ་འབྱོར་བ་དང་སློབ་སྦྱོང་བྱ་ཐབས་ཁོང་དུ་ཆུད་པའི་འབྲེལ་ལམ་གཙོ་བོ་ཞིག་ཡིན། སློབ་ཁྲིད་ལ་ཉན་པ་གོ་ཆོད་ཅན་དུ་གཏང་འདོད་ན། སློབ་མ་སོ་སོའི་དབང་བོ་ཡོད་ཚད་ལ་ལེགས་སྒྲིག་ཅིག་བྱས་ན་འཚམ། མིག་སྣ་ཁ་ལག་བཅས་ལྷན་བཀོལ་མཉམ་སྤྱོད་བྱ་བ་གསོ་སྐྱོང་གིས་བསམ་གཞིག་གཏོང་བ་ལ། བརྟུན་པ་བསྐྱེད་པ་དང་ཐོས་ཚོར་ཟིན་ཐོར་འགོད་པའི་གོམས་གཤིས་ཡག་པོ་ལྡན་པ་ཡིན་ན། ཕན་ཐོགས་ཆེ་བའི་སློབ་སྦྱོང་གི་དམིགས་འབེན་ལ་བསླེབ་ངེས། དང་པོར། སློབ་མས་སློབ་ཁྲིད་ལ་ཉན་དུས་ཡིད་སེམས་གཅིག་ཏུ་བསྡུས་ནས་བློ་རྩེ་གཅིག་སྒྲིམ་བྱ་བའི་གོམས་གཤིས་ལོབས་པར་བརྩོན་པ། གཉིས་པར། དགེ་རྒན་གྱིས་སློབ་མ་ལ་ཀླད་པ་འགུལ་བར་དགའ་བ་དང་སྔོན་བརྒལ་གྱི་བསམ་གཞིག་བྱ་བར་གོམས་པའི་སྣེ་སྟོན་བྱེད་པ། མཇུག་ཏུ། དགེ་རྒན་གྱིས་སློབ་མར་ཁ་འགུལ་ལག་འགུལ་དང་། མགྱོགས་པོར་ཉན་ཐོ་ཟིན་བྲིས་སུ་འགོད་པའི་གོམས་གཤིས་ཆགས་པར་ཟུར་ཁྲིད་བྱེད་པ། ཟིན་བྲིས་ལ་དཀའ་གནད་དང་གཙོ་གནད་འགོད་པ་དང་། དེ་ལ་ད་དུང་རང་ཉིད་ཀྱིས་གནད་དོན་འདོན་པ་དང་སློབ་སྦྱོང་བྱ་ཐབས་ལེགས་པོ་ཡིན་པ། དྲི་གཞི་འགྲོལ་བའི་རིགས་ལམ་དང་ཐབས་ལམ་ཡག་པོ་སོགས་རང་ཉིད་ལ་གལ་ཆེ་བར་འདོད་པ་ཐམས་ཅད་བཀོད་ཆོག་པ་རེད། འདི་ནི་གཟབ་ནན་གྱིས་སློབ་ཁྲིད་ལ་ཉན་ཞིང་ཞིབ་ཚགས་ཀྱིས་ཉན་ཐོ་ཟིན་བྲིས་ལ་འགོད་པ་དེ་ཡིན་པས། སློབ་སྦྱོང་གི་ཐབས་ལམ་འགངས་ཆེན་ཞིག་ཀྱང་ཡིན་ནོ། །
གསུམ། སྦྱོང་བརྡར་ལག་ལེན་གྱི་གོམས་གཤིས།
ལག་པ་མི་འགུལ་བ་དང་ཀླད་པ་མི་འགུལ་བར་གྲངས་རིག་སློབ་འདོད་བཤད་པ་ནི། ཁ་སྟོང་ནང་གི་ཚིག་སྟོང་ཁོ་ན་ལས་མ་འདས། གྲངས་རིག་ཤེས་བྱ་སེམས་སུ་བརྟན་པོར་འཛིན་པ་ལ། བོགས་འདོན་སྦྱོང་བརྡར་ཉེ་བར་བསྟེན་པ་ལས་ཐབས་ཤེས་གཞན་གང་ཡང་མ་མཆིས། གྲངས་རིག་ཞིབ་འཇུག་གི་གྲུབ་འབྲས་རེ་རེེ་ནི་ཕོངས་ཆེན་པོའི་གཞི་གྲངས་ལ་བརྟེན་ནས་རྩིས་རྒྱག་པ་དང་རྩིས་བཤེར་གཏོང་བ། རིགས་པས་ཁུངས་སྐྱེལ། རིགས་འདེད་རྗེས་དཔག་བཅས་གོ་རིམ་བརྒྱུད་པ་དང་འབྲལ་ཐབས་མེད། དེང་སྐབས། རྒྱལ་ཡོངས་རང་བཞིན་གྱིས་སྤུས་ཚད་སློབ་གསོའི་ཕྱོགས་སུ་དཔུང་འཇུག་བྱས་དང་བྱེད་བཞིན་པ་དང་འགྲོགས་ནས་སྦྱང་གཞི་དང་རྒྱུགས་གཞི་ཡང་ཉིན་རེ་བཞིན་བབ་བསྟུན་འོས་འགབ་བྱེད་བཞིན་པ་རེད། འདི་ལ་སློབ་མའི་ཕྱོགས་སོ་སོའི་འཇོན་ནུས་ལ་དཔྱད་ཞིབ་བྱ་བ་གཙིགས་སུ་འཛིན་པ་རེད། དེ་བས། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་སློབ་མའི་རྩིས་གཞི་འགྲོལ་བའི་ནུས་པ་སྦྱོང་བརྡར་བྱ་བ་ལ་དོ་སྣང་ཆེན་པོ་བྱས་ཏེ། སློབ་མས་སྦྱངས་ཟིན་པའི་ཤེས་བྱ་གང་ལ་གང་འཚམ་གྱིས་སྐབས་འཕྲལ་དུ་བེད་སྤྱོད་བཏང་སྟེ་དངོས་ཡོད་རྩིས་གཞིའི་གནད་དོན་ཐག་གཅོད་བྱ་ཐུབ་པར་རེམ་ན་ལེགས།
བཞི། བསླབས་རྗེས་ཕྱིར་རྟོག་གི་གོམས་གཤིས།
རྙིང་པ་བསྐྱར་སྦྱངས་གོ་བ་གསར་པ་བསྐྱེད། ། སྔ་མར་བལྟས་ན་རྗེས་མའི་ལམ་ཁ་གསལ། ། ཞེས་པ་ལྟར། སློབ་མའི་བློ་རིག་གི་ཆུ་ཚད་ལ་མཐོ་དམའ་ཞིབ་ཕྲའི་ཁྱད་པར་ཆེ་ཞིང་དོ་མཉམ་མིན་པ་ནི་མཛུབ་མོ་ལྔ་བོ་ལྟར་རིང་ཐུང་ཤོར་ཡོད་པ་རེད། དེར་སློབ་མ་རེ་རེ་བཞིན་སློབ་ཚན་གྱི་ནང་དོན་མཐའ་དག་མིག་བཤེར་ཙམ་གྱིས་བློ་ལ་ངེས་འགྲོ་བའི་ཆུ་ཚད་ལ་སླེབས་མེད་པའང་དོན་དངོས་ཡིན། སློབ་ཚན་ཁྲིད་ཚར་རྗེེས་དགེ་རྒན་གྱིས་སློབ་མ་ལ་སྦྱངས་ཟིན་པ་དག་ཕྱིར་དྲན་དང་བསམ་གཞིག་གི་སྣེ་སྟོན་ཡང་དག་བྱ་བ་ནི་ཤིན་ཏུ་གལ་ཆེན་ཡིན། ཕྱིར་དྲན་དང་བསམ་གཞིག་གིས་ཉེ་ཆར་ཁྲིད་ཟིན་པའི་ཤེས་བྱ་གསར་པ་རྣམས་དངོས་སུ་འབྲེལ་བ་ཡོད་པའི་མ་ལག་ཅན་དུ་གཏོང་ཐུབ་ལ། སྦྱངས་ཟིན་ཡང་འཐུས་ཤོར་དུ་གྱུར་པའི་ཤེས་བྱའི་གཙོ་གནད་ཁག་ཁ་གསབ་བྱ་ཐུབ། ང་ཚོས་སློབ་ཚན་གཅིག་དང་ཡང་ན་སྡེ་ཚན་གཅིག་ཁྲིད་ཚར་རྗེས། ཕྱིར་དྲན་གྱིས་ཕྱོགས་སྡོམ་རེ་བྱེད་བཞིན་སློབ་མ་ཚོར་སྦྱངས་ཟིན་པའི་གཙོ་གནད་ཤེས་བྱ་དང་རིགས་ལམ་དཔེ་མཚོན་ཅན་ཡང་དང་བསྐྱར་དུ་ཡིད་ལ་འཇགས་པར་བྱ་བར་སྣེ་ཁྲིད་བྱས་ཆོག གྲངས་རིག་སློབ་དེབ་ཁྲོད་ཀྱི་མཚན་ཉིད་དང་སྤྱི་འགྲོས། གཏན་སྲོལ། ངེས་སྲོལ། རྩིས་དཔེ། རྩིས་གཞི་སོགས་ཅུང་མང་བས། སློབ་ཁྲིད་བྱེད་དུས་ཁྲིད་ཐབས་མི་འདྲ་བ་བཀོལ་ན་བཟང་། མཚན་ཉིད་ལྟ་བུར་མཚོན་ན། སློབ་མ་ཚོར་དེའི་དོན་སྤྱི་དང་ཁྱབ་ཚུལ་གྱི་ནང་གནས་ཆོས་ཉིད་རྙེད་པ་དང་། ཕྱོགས་ཡོངས་དང་མ་ལག་ཅན་དུ་འབྲེལ་ཤེས་པ་ཐམས་ཅད་ལ་བསྲེགས་བཅད་བརྡར་གསུམ་གྱིས་སྙིང་ཏིག་བཅུད་ལེན་དང་ཕྱོགས་བསྡུས་གཅིག་དྲིལ་སྒོས་ཤེས་བྱའི་མ་ལག་གི་དྲ་རྒྱ་ཧྲིལ་བོ་ཞིག་འགྲུབ་པར་བྱ་འོས། ཕྱིར་དྲན་དང་བསམ་གཞིག་གིས་སློབ་མ་ལ་ཁྲིད་ཚར་མ་ཐག་གི་ཤེས་བྱ་གསར་པ་དེ་སྦྱངས་ཟིན་པའི་ཤེས་བྱ་རྙིང་པ་དང་ཨ་ལོང་བཞིན་སྦྲེལ་བར་བྱ་སྲིད་ཅིང་རང་ཉིད་ཀྱི་ཤེས་བྱའི་སྒྲིག་གཞི་གསར་སྒྱུར་བྱ་ཐུབ། ད་དུང་ཤེས་བྱ་གསར་པའི་ཡིད་འཛིན་ཇེ་ཟབ་ཏུ་གཏོང་ཐུབ་ལ་ཤེས་བྱ་རང་རྒྱུད་ལ་འབྱོངས་པར་བྱས་ཏེ་རང་གི་ནུས་རྩལ་དུ་གཏོང་ཐུབ་བོ། །
གསུམ་པ། ཐབས་ལམ་མང་པོས་རྩིས་འགྲོལ་བསམ་གཞིག་སྤེལ་བ།
རྩིས་གཞི་ནི་གྲངས་རིག་གི་བློ་སྙིང་ཡིན། རྩིས་གཞི་ལ་དབྱེ་ཞིབ་དང་གསེད་འགྲོལ་བྱ་བ་ནི། གྲངས་རིག་གི་བསམ་གཞིག་རིགས་འདེད་ཀྱི་ཟུངས་ཁྲག་ཡིན། གྲངས་རིག་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་དགེ་རྒན་གྱིས་སློབ་མའི་རྩིས་གཞི་འགྲོལ་བའི་བློ་རིག་དང་རིགས་འདེད་བསམ་གཞིག་གི་འཕེལ་རྒྱས་ལ་མཐོང་ཆེན་བྱ་འོས། རྩིས་གཞི་འགྲོལ་བའི་བློ་རིག་གསར་སྤེལ་གཏོང་ཚུལ་ནི། རྒྱུགས་གཞི་རྒྱ་མཚོའི་འཇིངས་ངོགས་སུ་མགོ་བོ་སྒུར་ནས་འཛེམ་མེད་ངང་སྐྱོད་དུ་འཇུག་པ་དེ་མ་ཡིན་པར། ཐབས་ལམ་དང་ཐབས་ཇུས་ལ་དམིགས་གཏད་ནས་ཐབས་ཤེས་རྩལ་དུ་འདོན་པ་དེ་ཡིན།
དང་པོར།“རྩིས་གཅིག་མང་འགྱུར”གྱིས་སློབ་མའི་ཕྱོགས་འཕྲོ་རང་བཞིན་གྱི་བསམ་གཞིག་དང་གསར་གཏོད་རང་བཞིན་གྱི་བསམ་གཞིག་གསོ་སྐྱོང་བྱ་ཐུབ་པས། བསམ་གཞིག་རྒྱ་བསྐྱེད་དང་བློ་རིག་གསར་སྤེལ་ལ་ཕན་ནུས་འདོན་ཐུབ། དཔེར་ན། མི་དྲུག་སོ་སོར་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ་དང་ནན་ཅིན་དང་ཀོང་ཀྲོའུ་བཅས་ལ་སྤྲོ་འཆམ་ལྟ་སྐོར་དུ་འགྲོ་དགོས་པ་རེད། རེ་བ་ནི་གྲོང་ཁྱེར་རེར་མི་རེ་དང་མི་རེ་ནི་གྲོང་ཁྱེར་རེ་ལ་མ་གཏོགས་འགྲོ་མི་ཆོག དེ་ལས་མི་དྲུག་ལས་ཀ་པ་དང་ཁ་པ་གཉིས་ཧྲང་ཧེ་ལ་མི་འགྲོ་བ་རེད། དེར་བཀོད་སྒྲིག་གི་ཇུས་འགོད་མི་འདྲ་བ་ག་ཙམ་ཡོད།
གྲངས་རིག་གི་རྩིས་གཞི་འདི་ལ། ཟུར་ངོས་མི་འདྲ་བ་ནས་དབྱེ་ཞིབ་བཏང་ན། འགྲོལ་ཐབས་མི་འདྲ་བ་འབྱུང་ངེས་རེད། དེར་དགེ་རྒན་གྱིས་རིགས་ལམ་མང་པོ་བཀོལ་ནས་རྩིས་འགྲོལ་བྱ་བར་བསྐུལ་ན། སློབ་མས་གང་ལ་གང་འཚམ་གྱི་ཤེས་བྱ་བཀོལ་ཤེས་ཞིང་བསམ་གཞིག་གི་དྲ་རྒྱ་སྣེ་མང་ཅན་ཆགས་ཐུབ། དེ་ལྟར་སློབ་མའི་བསམ་གཞིག་གི་བབ་བསྟུན་རང་བཞིན་གསོ་སྐྱོང་ལེགས་པོ་བྱ་ཐུབ་ངེས་ཡིན།
འགྱུར་ཚུལ1 ཁང་མིག་དྲུག་ཡོད་པ་མི་དྲུག་ལ་བགོ་བཤའ་བྱ་དགོས། མི་རེེ་ཁང་མིག་རེར་བསྡད་ཆོག་མོད། མི་ཀ་པ་ནི་དེའི་ཁྲོད་ཀྱི་ཁང་མིག་གང་རུང་གཉིས་ལ་བསྡད་མི་ཆོག དེར་ཁང་མིག་བགོ་སྟངས་ཀྱི་ཇུས་འགོད་མི་འདྲ་བ་ག་ཙམ་ཡོད།
འགྱུར་ཚུལ2 མི་དྲུག་ཡོད་པ་ལས་མི་བཞི་འདེམས་སྒྲུག་གིས་གྲངས་རིག་དང་དངོས་ལུགས་དང་རྫས་འགྱུར་དང་དབྱིན་ཡིག་བཅས་ཀྱི་བསླབ་ཚན་འགྲན་སྡུར་ལ་ཞུགས་དགོས་པ་རེད། རེ་བ་ནི་བསླབ་ཚན་རེའི་འགྲན་སྡུར་ལ་མི་གཅིག་རེ་ལས་ཞུགས་མི་ཆོག་ཅིང་མི་རེ་ནི་བསླབ་ཚན་གཅིག་རེ་ལ་མ་གཏོགས་ཞུགས་མི་ཆོག མི་དྲུག་ལས་མི་ཀ་པ་དང་ཁ་པ་གཉིས་གྲངས་རིག་འགྲན་སྡུར་ལ་མི་ཞུགས་པ་རེད། དེར་འགྲན་ཞུགས་ཇུས་འགོད་མི་འདྲ་བ་ག་ཙམ་ཡོད།
སློབ་མ་སོ་སོའི་བསམ་གཞིག་དང་ཕན་ཚུན་བརྗེ་རེས། ཕན་ཚུན་གྲོས་བསྡུར། དགེ་རྒན་གྱི་མཛུབ་སྟོན་དང་དམར་ཁྲིད་བྱས་པ་བཅས་བརྒྱུད་ནས་སློབ་མས་རྩིས་གཞིའི་གསང་གནད་བརྟོལ་བའི་གནད་འགག་རྙེད་ཐུབ་པ་རེད། གོང་གི་འགྱུར་ཚུལ་གྱི་དབྱེ་ཞིབ་བྱ་ཐབས་མི་འདྲ་བ་ལ་གྲོས་བསྡུར་བྱས་པ་ལས་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་ཇེ་བརྟན་དང་སློབ་ཚན་གང་དེའི་དཀའ་གནད་བརྟོལ་ཐུབ་པ་རེད། སློབ་མའི་བསམ་གཞིག་གི་བབ་བསྟུན་རང་བཞིན་དང་ཕྱོགས་འཕྲོ་རང་བཞིན། གསར་གཏོད་རང་བཞིན། རིགས་འདེད་རང་བཞིན་བཅས་གསོ་སྐྱོང་བྱ་བ་ལ་ཕན་ངེས་པས། སློབ་ཐུན་སློབ་ཁྲིད་ཀྱི་སྔོན་དཔག་ལྟར་གྱི་ནུས་པའི་དམིགས་ཚད་ལ་སླེབ་ངེས་ཡིན།
གཉིས་པར།“རྩིས་གཅིག་མང་འགྲེལ”གྱི་རེ་བ་ནི། འགྱུར་སྐྱེན་ཆེ་བའི་རྩིས་གཞི་དཔེ་རྣམ་གཞི་བྱས་ཏེ། དགེ་རྒན་གྱིས་སློབ་མ་ལ་རྩིས་གཞིའི་གནས་ཚུལ་ཡིད་སེམས་ཞིབ་མོས་དམར་ཁྲིད་དང་ཕྱོགས་སྟོན་བྱས་ཏེ། སློབ་མས་རང་འགུལ་གྱིས་འགྲེལ་ཐབས་མང་པོ་ཡོད་པ་ལ་བསམ་བློ་གཏོང་བ་དང་ཐབས་ཤེས་འཚོལ་དགོས། དེ་ལྟར་སློབ་མས་སྦྱངས་ཟིན་པའི་གྲངས་རིག་ཤེས་བྱ་སྣ་མང་པོ་ཕྱོགས་བསྡུས་དང་གནད་བཀྲོལ་གྱིས་བཀོལ་སྤྱོད་བྱ་ངེས་ཡིན། གཞན་སློབ་མའི་བསམ་གཞིག་གི་ཕྱོགས་འཕྲོ་དང་བབ་བསྟུན། ཤེས་བྱ་སྣ་མང་པོ་ཕྱོགས་བསྡུས་བྱ་བ་ལ་སྦྱོང་བརྡར་བྱ་ཐུབ་ཅིང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་ཐུབ་བོ། །
བཞི་པ། ཆ་འཕྲིན་མང་པོས་ཤེས་བྱ་གསོག་འཇོག་རིམ་དབྱེ་གཙོ།
ད་ལྟ་ནི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་པས། དྲ་ལམ་གྱི་དངོས་ཡོད་མཐོང་སྣང་གི་ཤེས་བྱ་གང་ལ་ཡང་སྣ་མང་ཞིང་སྣེ་འཛིང་བའི་རང་བཞིན་ཆེ་བ་ལ། སློབ་མར་གྲངས་རིག་གི་སྐབས་བབ་འཁྲིད་བྱ་དག་དང་དྲ་ལམ་གྱི་འབྲེལ་ཡོད་ཤེས་བྱ་གཉིས་ཟུང་འབྲེལ་གྱིས་དཀའ་སླ་སོ་སོར་སྐྱ་བཀར་ཏེ། རིམ་པ་ཅན་དང་རྣམ་གཞག་ཅན་དུ་དབྱེ་ཞིང་བཀྲལ་ཏེ་ངོ་སྤྲད་ན་ཤིན་ཏུ་ཕན།
གཅིག སློབ་ཐུན་ནང་དོན་ཆ་འཕྲིན་ཅན་ལ་སྦྲེལ་བ།
ཆ་འཕྲིན་ལག་རྩལ་ཡར་རྒྱས་དང་བསྟུན། སློབ་ཁང་སློབ་ཁྲིད་ལ་སྨྱན་མང་གཟུགས་ཀྱི་བཀོལ་སྤྱོད་ནི་ཁྱབ་བརྡལ་དུ་གྱུར་ཡོད་པ་རེད། དམའ་འབྲིང་གྲངས་རིག་སློབ་ཁྲིད་ཀྱི་ཁྲོད་དུའང་སྤྱི་མཚན་སྤྱི་དོན་རང་བཞིན་གྱི་ཤེས་བྱ་མང་པོ་ཞིག་བྱུང་ཡོད་དེ། དཔེར་ན། ཐེངས་གཉིས་རྟེན་འབྱུང་གྲངས་དང་རིས་དབྱིབས་ལྟ་བུ་ལ་མཚོན་ན། སྨྱན་མང་གཟུགས་ཀྱིས་སྒྲ་གཟུགས་བརྙན་གསུམ་ཕུང་གཅིག་གི་ཁྱད་ཆོས་བཀོལ་སྤྱོད་བྱས་ཏེ། སྤྱི་མཚན་སྤྱི་དོན་གྱི་ཤེས་བྱ་ལྐོག་གྱུར་པ་དེ་དག་ཐད་མཐོང་དམར་ཁྲིད་ཀྱི་རྣམ་པས་སློབ་མར་མངོན་བསྟར་བྱས་ཆོག སྨྱན་མང་གཟུགས་ཀྱིས་སློབ་ཐུན་གྱིི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ། རིས་དབྱིབས་འབྲི་བ་དང་རྩིས་ཕྲེང་སྒྲིག་པ། དངོས་དཔེ་འགོད་པ་སོགས་ལ་དུས་ཚོད་མང་པོ་བཀོལ་དགོས་པའི་འགག་འཕྲང་ལས་བརྒལ་ཏེ། པང་ཇུས་ཀྱིས་འགྲུབ་མི་ཐུབ་པ་མང་པོ་ཞིག་གྲུབ་ཐུབ་ཅིང་།
གྲངས་རིག་སློབ་ཁྲིད་ཀྱི་དཀའ་གནད་ཚད་རིམ་དམའ་བར་གཏོང་ཐུབ། ད་དུང་། གྲངས་རིག་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་པོ་དང་སློབ་མའི་སློབ་གཉེར་གྱི་མོས་འདུན་སྤྲོ་སྣང་སློང་བ་སོགས་ཀྱི་དབང་གིས། གྲངས་རིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱ་ཐུབ།
དཔེར་ན།“ཐེངས་གཉིས་རྟེན་འབྱུང་གྲངས་དང་རིས་དབྱིབས”ཀྱི་སློབ་ཁྲིད་ལྟ་བུ་ལ་མཚོན་ན། སྡེ་ཚན་འདིའི་སློབ་ཁྲིད་དམིགས་ཚད་ནི། ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་མཚན་ཉིད་དང་དོན་སྤྱི་ཤེས་རྟོགས་དང་ཁོང་ཆུད་བྱས་ཏེ། རྟེན་འབྱུང་གྲངས་གང་རུང་ཞིག་ནི་ཐེངས་གཉིས་རྟེན་འབྱུང་གྲངས་ཡིན་མིན་བརྡར་ཤ་གཅོད་ཤེས་རྒྱུ་དང་། དངོས་ཡོད་གནད་དོན་གཞི་བྱས་ཏེ་ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་བྲི་ཤེས་རྒྱུ་བཅས་སོ། ། དེར་ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་སློབ་པ་ལ། སྲོལ་རྒྱུན་གྱི་ཁྲིད་ལུགས་ལྟར་ན། དགེ་རྒན་གྱིས་ནག་པང་ལ་འབྲི་བའི་པང་ཇུས་ལས་ཐབས་ལམ་གཞན་མེད་ལ། དེའི་སྐྱོན་ཆ་ནི་སྐབས་རེར་རིས་དབྱིབས་བྲིས་པ་ཡང་དག་ཚད་ལྡན་མིན་པས་སློབ་མས་རྟོགས་དཀའ། སྨྱན་མང་གཟུགས་བེད་སྤྱད་པ་ཡིན་ན། འགུལ་རིས་ཀྱི་རྣམ་པར་བཟོས་ཆོག་ལ། དེས་ནང་དོན་ཆ་ཚང་བར་སྟོན་ཐུབ་པས། སློབ་མས་ཐད་ཀར་དུ་དངོས་འཕངས་ཐིག་གི་གྲུབ་ཚུལ་གོ་རིམ་ཇི་བཞིན་མཐོང་ཐུབ་པ་རེད། འདིས་སློབ་མར་འགུལ་སྐྱོད་འགྱུར་ལྡོག་གི་ངོས་ནས་གནད་དོན་ལ་ལྟ་ཞིབ་དང་གནད་དོན་ཐག་གཅོད་བྱ་བའི་ནུས་པ་སྐྱེད་སྲིང་བྱ་ཐུབ་བོ། །
གཉིས། ཤེས་བྱ་གསོག་འཇོག་ལ་དཀའ་སླའི་རིམ་པ་དབྱེ་རྒྱུ་གཙོ།
སློབ་གསོ་བཅོས་སྒྱུར་མདུན་ནས་མདུན་དུ་སྐྱོོད་པ་དང་བསྟུན། བསླབ་གཞི་གསར་པའི་བཅོས་སྒྱུར་གྱི་དམིགས་འབེན་ཡང་གཏན་ཁེལ་གསལ་པོ་བྱས་ཡོད་པ་ལྟར། གྲངས་རིག་སློབ་ཁྲིད་ནི་སློབ་མ་ཡོངས་རྫོགས་ལ་ཁ་གཏད་པ་ཡིན་པས་དམིགས་འབེན་ཡང་ས་གསལ་རྡོ་གསལ་དུ་ཡོད། དམའ་འབྲིང་གི་གྲངས་རིག་སློབ་ཁྲིད་བྱེད་ཐབས་ནི་སྲོལ་རྒྱུན་གྱི་ཁྲིད་ལུགས་ཀྱིས་མི་འདང་སྟེ། སྲོལ་རྒྱུན་གྱི་ཁྲིིད་ཐབས་དཔེ་ལུགས་ནི། སློབ་མ་ཚང་མའི་གྲངས་རིག་གི་ཆུ་ཚད་གཅིག་འདྲ་ཡིན་པ་ལྟར་དུ་གཅིག་གྱུར་རྣམ་གཅིག་གི་དཔེ་ལུགས་ཁོ་ན་བེད་སྤྱོད་པ་རེད། སློབ་ཁྲིད་དཔེ་ལུགས་འདི་ནི་རྣམ་པ་ཆིག་རྐྱང་ཡིན་པས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་དམའ་ལ་ཆགས་སྲིད། རྒྱུ་མཚན། སློབ་མ་ཚང་མའི་གྲངས་རིག་གི་ཆུ་ཚད་ནི་ཨ་མཉམ་དོ་མཉམ་མ་ཡིན་པར་མཛུབ་མོ་ལྔ་བོ་ལྟར་རིང་ཐུང་འདྲ་མིན་ཡོད་པ་ལྟར་རོ། ། འོ་ན། རྩ་བ་གང་ལ་འཕྲད་ཡོད་ཅེ་ན། བོད་ཁུལ་གྱི་སློབ་མ་སྒེར་བ་སོ་སོའི་འཚོ་བའི་ཁོར་ཡུག་དང་བློ་རིག་གི་རྒྱས་ཚད་དང་སྤྲོ་སྣང་དགའ་མོས་སོགས་མི་འདྲ་བས་རེད། ཆེ་ས་ནས་རོང་པ་དང་འབྲོག་པའི་སློབ་མ་མི་འདྲ་བ་ལྟ་བུའོ། །
དེ་བས། དགེ་རྒན་གྱིས་སྤྱིའི་ཆ་ནས་སློབ་མ་ཐམས་ཅད་ལ་དམིགས་པ་དགོངས་ཤིང་། བྱེ་བྲག་ཏུ་སློབ་མ་སྒེར་བ་རེ་རེ་ནས་ཡར་རྒྱས་འབྱུང་བ་ལ་རེ་ཞིང་འབད་དགོས་ལ། དངོས་ཡོད་ལག་ལེན་ཁྲོད་དུའང་། སློབ་མའི་དངོས་ཡོད་གནས་ཚུལ་དང་གྲངས་རིག་སློབ་ཁྲིད་ཀྱི་རེ་བ་ལྟར་དཀའ་སླ་དབྱེ་བགོད་ཀྱི་རིམ་པ་མངོན་པར་བསྟར་ན་བཟང་སྙམ། སློབ་མའི་ཆུ་ཚད་ལྟར་རིམ་པ་ཁག་བགོ་བྱས་ཏེ། ལས་ཀ་བཀོད་སྒྲིག་དང་སྦྱོང་ཚན་སྦྱོང་བརྡར་བྱེད་པ་དོན་དུ་གཉེར་ན། ཆུ་ཚད་མཐོན་པོ་ཅན་གྱིས་སྣེ་ཁྲིད་ནུས་འདོན་གྱི་སྔོན་སྐྱོད་ནུས་པ་ཐོན་ཞིང་ཆུ་ཚད་དམའ་མོ་ཅན་ཚོ་རྗེས་འབྲང་ཡར་ལྟའི་ཧུར་བསྐྱེད་ཅན་དུ་ཆགས་ངེས་སོ། །
དཔེར་ན།“སྐབས་བསྟུན་དོན་རྐྱེན་དང་སྲིད་ཕྱོད”ལྟ་བུའི་སློབ་ཁྲིད་ལ་ཆ་མཚོན་ན། སློབ་ཚན་འདི་སློབ་པའི་འགན་ཁུར་གཙོ་བོ་ནི། འབྱུང་ངེས་དོན་རྐྱེན་གྱི་སྲིད་ཕྱོད་ཁྱད་ཆོས་ལ་རྒྱུས་ལོན་དང་སྲིད་ཕྱོད་ཀྱི་དོན་སྙིང་ཁོང་དུ་ཆུད་པ། འབྱུང་ངེས་དོན་རྐྱེན་ལ་དབྱེ་ཞིབ་བྱ་ནུས་པ། འབྱུང་ངེས་ཀྱི་སྲིད་ཕྱོད་གཏན་ཁེལ་བྱ་ཐུབ་པ་སོགས་བརྒྱུད་དེ་སློབ་མའི་ལུས་པོའི་ལག་འགུལ་ནུས་པ་དང་ཀླད་པའི་འཚོལ་ཞིབ་ནུས་པ་སྐྱེད་སྲིང་བྱ་བ། སློབ་མའི་མཚར་འཛིན་གྱི་སེམས་དང་ཤེས་འདོད་ཀྱི་བློ་ཡར་སློང་བྱ་བ་བཅས་སོ། ། སློབ་ཐུན་སྐབས་སུ་དགེ་རྒན་གྱིས་ཚོ་སྐོར་ཁག་ཀ་པ་དང་ཁ་པ་དང་ག་པ་བཅས་རིམ་པ་གསུམ་དུ་དབྱེ་ནས་དྲི་བ་འདོན་པ་ལ། དངོས་དཔེ་ནི། ཤོ་རྡེའུ་ངོས་དྲུག་ཡོད་པ་ཅན་ཞིག་ཏུ་སོ་སོར་ཨང་ཀི1﹑
4﹑4﹑5﹑6﹑6བཅས་བཀོད་ཡོད་ན། དྲི་བ་དང་པོ་ནི་ཤོ་རྡེའུ་སྣོད་ལ་གཡུག་ན་ཨང་ཀི1གི་སྲིད་ཕྱོད་ཅི་ཙམ་ཡིན། དྲི་བ་གཉིས་པ་ནི་འབྱུང་ངེས་པའི་ཨང་ཀི་ལ་ཆ་གྲངས་ཐོན་པའི་སྲིད་ཕྱོད་ཅི་ཙམ་ཡིན། དྲི་བ་གསུམ་པ་ནི་ཨང་ཀི་གང་གཉིས་ལ་འབྱུང་ངེས་པའི་སྲིད་ཕྱོད་འདྲ་མཚུངས་ཡིན་པ་བཅས་སོ། ། དྲི་བ་འདི་གསུམ་ཀ་ལ་མཚོན་ན། སླ་མོ་ནས་དཀའ་མོར་ཇུས་འགོད་བྱས་ཡོད་དེ། དྲི་བ་དང་པོ་ལ་ཐད་ཀར་དུ་ལན་བཏབ་ན་ཆོག དྲི་བ་གཉིས་པ་ལ་བསམ་བློ་ཅུང་ཙམ་བཏང་རྗེས་ལན་བཏབ་ན་ཆོག དྲི་བ་གསུམ་པ་ནི་མི་མཚུངས་ཚུལ་གྱི་རྩིས་ཕྲེང་གི་ངོས་ནས་སྲིད་ཕྱོད་རྩི་བ་དང་འབྲེལ་ཡོད། དེ་བས། དགེ་རྒན་གྱིས་དཀའ་སླའི་གོ་རིམ་ལྟར་སློབ་མའི་སྐོར་ཁག་རིམ་པ་གསུམ་དུ་དབྱེ་བ་མ་ནོར་བར་དྲི་བ་བཀོད་སྒྲིག་བྱས་ན། རིམ་པ་སོ་སོའི་སློབ་མ་རེ་རེ་ནས་ཆུ་ཚད་གོང་འཕེལ་ལ་འགྲོ་སྲིད།
མཇུག་བསྡུ་བ།
མདོར་ན། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད། དགེ་རྒན་གྱིས་ཡིད་སེམས་ཞིབ་མོས་ལྟ་ཞིབ་དང་ཚོད་འཛིན་དང་རྩ་འཛུགས་ཡོད་པའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་གོ་རིམ་ཧྲིལ་བོ་གཙིགས་སུ་འཛིན་པ་གནད་དུ་ཆེ། ཡང་ཁྲིད་གཞི་ཞིབ་ཚགས་དང་སློབ་ཁྲིད་ནན་ཏན་དང་དྲི་མང་འདོན་པ་བཅས་ལ་བརྟེན་ནས། སློབ་མར་བསམ་བློ་མང་པོ་གཏོང་བ་དང་ལག་པ་མང་པོ་འགུལ་དུ་འཇུག་པ་གལ་ཆེན་ཡིན། སློབ་མའི་སྤྲོ་སྣང་དང་གོམས་གཤིས་དང་ནུས་པ་བཅས་ཀྱི་གསོ་སྐྱོང་ལ་མཐོང་ཆེན་བྱས་ཏེ་ཁྲིད་པ་བྱང་ཆུབ་པ་དང་སྦྱངས་པ་དཔྱིས་ཕྱིན་པ་ཡིན་པའི་ཚད་རིམ་མཐོན་པོར་བསྙེག་པ་ཤིན་ཏུ་དོན་པོར་མཐོང་ངོ་། །
(རྩོམ་འདི་ནི་རྔ་བ་དགེ་འོས་སློབ་གླིང་གི2019ལོའི་སྤུས་ཚད་བཟོ་སྐྲུན་གྱི་ལས་གཞི་རྣམ་གྲངས་ཡིན། ཆོག་མཆན་ཨང་རྟགས་ནི། 201909018)
དཔྱད་གཞིའི་ཡིག་ཆ།
[1] ཀྲང་ཕེ་ཡུས། གྲངས་རིག་སློབ་ཐབས་མཛུབ་སྟོན་གླེང་བ། [J] སློབ་གསོ་བསླབ་ཚན་ཞིབ་འཇུག 2015(29):90
[2] ཁྲེན་ལི་རེན། སྨྱན་མང་གཟུགས་ཀྱི་ལག་རྩལ་ལ་གཞི་རྟེན་བྱས་ཏེ་དམའ་འབྲིང་གྲངས་རིག་གི་སློབ་ཐུན་སློབ་ཁྲིད་ཀྱི་ནུས་ཆོད་མཐོར་འདེགས་བྱ་བའི་གསར་འབྱེད་ཞིབ་འཇུག [C] བཅུ་གསུམ་ལྔ་ཚན་གྱི་འཆར་གཞི་ཞིབ་འཇུག་གྲུབ་འབྲས་ཕྱོགས་བསྒྲིགས། (པོད་བཞི་པ) 2018:1424-1427
[3] སུང་ཧོན་ཧྲའོ། བསླབ་གཞི་གསར་བའི་མཐོང་རྒྱའི་ཁྲོད་ཀྱི་དམའ་འབྲིང་གྲངས་རིག་སློབ་ཁྲིད་ཀྱི་གསར་འབྱེད་གླེང་བ། [J] ཀྲུང་གོ་སློབ་གསོ་ལག་རྩལ་གོ་ལག 2011(4):10-11
* འབྲུག་མོ་རྒྱལ། རྔ་བ་དགེ་འོས་སློབ་གླིང་བོད་རྒྱ་སྐད་གཉིས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།