[གནད་བཏུས] དཔྱད་རྩོམ་འདིར། ཚིག་ཅེས་པ་ནི་ཐ་སྙད་དང་རྣམ་དབྱེ་བར་གྱི་ཚིག་སྦྱོར་ཁྱད་པར་བ་ཞིག་ལ་ངོས་བཟུང་སྟེ། བུམ་པའི་མི་རྟག་པ་ནི་ཚིག་འཁྲུལ་མེད་དང་། བུམ་པ་མི་རྟག་ཅེས་པ་ནི་རྣམ་དབྱེའི་ཚིག་སྦྱོར་དུ་ངེས་དགོས་པའི་ལྟ་བ་བཏོན་ཡོད་ལ། སྒྲ་དོན་གྱི་དབྱེ་བ་དང་བརྡ་སྤྲོད་པའི་འཇུག་ལྡོག་ལ་གཞིགས་ནས། ཚིག་ཅེས་པའང་མིང་གི་ཚིག་དང་ལས་ཀྱི་ཚིག་ཅེས་རིགས་ཆེན་པོ་གཉིས་སུ་བཀར་ཡོད། མ་ཟད་དེ་གཉིས་ཀྱང་གྲུབ་ཚུལ་གྱི་དབང་གིས་ཞིབ་ཏུ་དབྱེ་བ་དུ་མར་ཕྱེས་པ་དང་། ཞོར་དུ་རྣམ་དབྱེའི་ཕྲད་དང་། ཚིག་ཕྲད་དང་། མཐའ་རྐྱེན་གྱི་སྒྲ་ལ་སོགས་པའི་སྒྲ་དོན་གྱི་འཇུག་པའང་དཔྱད་བརྗོད་ཙམ་བྱས་ཡོད་དོ། །
[གནད་ཚིག] མིང་གི་ཚིག ལས་ཀྱི་ཚིག མཐའ་རྐྱེན། ཚིག་ཕྲད། རྣམ་དབྱེའི་ཕྲད།
གླེང་གཞི།
ངག་གམ་རྗོད་པ་གང་ཞིག་སྒྲ་དོན་གཉིས་ཀའི་སྒོ་ནས་ཐུང་ངུར་བཅད་པའི་མཐར་ཐུག་པ་ནི་ཐ་སྙད་དོ། ། ཐ་སྙད་ལ་རིགས་གསུམ་སྟེ། མིང་དང་། ལས་ཚིག་དང་། ཚིག་ཕྲད་བཅས་སོ①། ། རྒྱུ་དེ་དག་ཅི་ལྟར་བསགས་ན་རྗོད་པ་ངག་གི་ཕྲེང་བ་འགྲུབ་པར་འགྱུར་བ་ནི་བརྡ་སྤྲོད་པའི་ལུགས་འབྱུང་གི་རིགས་པའོ། ། འབྲས་བུ་ནས་རྒྱུ་ལ་དཔྱད་ཀྱང་རུང་སྟེ་ལུགས་ལྡོག་གོ ། རིགས་པ་སྔ་མ་ནི་སྐད་ཡིག་གི་བརྡ་སྤྲོད་ལ་སྦྱང་བའི་རིམ་པ་དང་། ཕྱི་མ་ནི་བརྡ་སྤྲོད་ཀྱིས་ཚིག་སྦྱོར་དག་མིན་ལ་དཔྱད་པའི་རིགས་པའོ། །སྤྱིར་ན་ཚིག་ཅེས་པའི་བརྡ་ཆད་འདི་ལ་བཤད་པ་ཤིན་ཏུ་མང②པ་མ་ཟད། མཚན་གཞིའི་དཔེར་བརྗོད་ཀྱང་ཤིན་ཏུ་ཐ་དད་པར་འབྱུང་མོད། འདིར་དེ་དག་གི་མཐའ་མི་སྤྲོ་བར། བུམ་པའི་མི་རྟག་པ་ཞེས་པ་ནི་ཚིག③དང་། བུམ་པ་མི་རྟག་ཅེས་པ་ནི་རྣམ་དབྱེ་གཅིག་གིས་གྲུབ་པའི་རྗོད་པ་མཚན་ཉིད་པ་ཞིག་ཏུ་ངོས་འཛིན་དམ་པོ་བྱས་ན། བུམ་པའི་མི་རྟག་པ་དང་། བུམ་པ་མི་རྟག་དང་། བུམ་པ་མི་རྟག་པ་ཞེས་པའི་ཚིག་སྦྱོར་འདི་གསུམ་པོ་ལ་སྒྲ་དོན་གྱི་ཁྱད་པར་ཤིན་ཏུ་ཆེ་བས་སོ་སོའི་བརྡ་སྤྲོད་པའི་འཇུག་ལྡོག་ཀྱང་ཡོངས་སུ་མི་མཐུན་པ་རྟོགས་སླའོ། ། དེ་གསུམ་ལས། དང་པོ་དང་གསུམ་པ་གཉིས་ནི། བུམ་པ་ཞེས་པའི་དངོས་པོ་མིང་དང་། མི་རྟག་པ་ཞེས་པའི་ཁྱད་ཆོས་བརྗོད་པའི་མིང་གཉིས་འདུས་ཏེ་མིང་གི་ཚིག་གྲུབ་པ་འདྲ་ཡང་། རྗོད་ཚུལ་གྱི་དབང་གིས་བརྗོད་དོན་ལ་ཁྱད་པར་ཆེ་སྟེ། དང་པོས་མི་རྟག་པ་གཙོ་བོར་སྟོན་པ་དང་། གསུམ་པས་བུམ་པ་གཙོ་བོར་བརྗོད་པ་ཡིན་ནོ། ། ཚིག་སྦྱོར་གཉིས་པ་ནི་དངོས་པའི་མིང་བུམ་པ་དང་། ཁྱད་ཆོས་བརྗོད་པའི་ལས་ཚིག་སྟེ་རྟག་ཅེས་པ་གཉིས་མཉམ་དུ་འདུས་པས་ན་རྣམ་དབྱེའི་དོན་སྟོན་པ་ཡིན་ནོ། །སྤྱིར་ན། བརྡ་སྤྲོད་པའི་འཇུག་ལྡོག་གི་ཁྱད་པར་གྱིས། བོད་སྐད་ཡིག་གི་སྡེབ་སྦྱོར་གྱི་སྡེ(Grammatical unit)ལ་རིགས་ལྔ་ཡོད་དེ། ཡི་གེ(Character)དང་།ཐ་སྙད(Morphology)དང་། ཚིག(Phrase)དང་། རྣམ་དབྱེ(Semantics)དང་། རྗོད་པ(Sentence)བཅས་སོ④། ། བརྡ་སྤྲོད་པའི་སྦྱོར་སྡེ་ཐོག་མ་ནི་ཡི་གེ་སྟེ་གདངས་དང་ང་རོ་ལས་བྱུང་བའོ། ། འབྲས་བུ་ནི་ཐ་སྙད་སྒྲུབ་པར་བྱེད་དོ། ། ཐ་སྙད་ཀྱི་རྒྱུ་ནི་ཡི་གེའོ། ། འབྲས་བུ་ཚིག་སྒྲུབ་པར་བྱེད་དོ། ། ཚིག་གི་རྒྱུ་ནི་ཐ་སྙད་དོ། ། འབྲས་བུ་ནི་རྣམ་དབྱེ་སྒྲུབ་པར་བྱེད་དོ། ། རྣམ་དབྱེའི་རྒྱུ་ནི་ཚིག་གོ ། འབྲས་བུ་ནི་ངག་སྒྲུབ་པར་བྱེད་དོ། ། ངག་གིས་ནི་རྗོད་པ་ཆེན་པོ་དང་། དེ་ཡིས་ས་བཅད་དང་ལེའུ་ལ་སོགས་པའོ། །ཡིན་ཏེ། དཔེར་ན། ཕ་རིའི་ནགས་ཚལ་སྟུག་པོ་ན། ཤིང་མཁན་ཚེ་དཔལ་གྱིས། སྟ་རེ་རྣོན་པོ་ཞིག་གིས། གསོམ་སྡོང་ཤིན་ཏུ་རྒྱས་པ་འགའ། གདུང་འདེགས་ཀྱི་ཀ་བའི་ཆེད་དུ། ཁ་སང་ནས་ད་བར་དུ། གཅོད་བཞིན་འདུག་གོ ། ལྟ་བུའི་ངག་གི་རྗོད་པ་ཕུན་སུམ་ཚོགས་པ་འདི་ནི། རྣམ་དབྱེ་དྲུག་གིས་བསྒྲུབ་པ་ཡིན་ཏེ། ཕ་རིའི་ནགས་ཚལ་སྟུག་པོ་/ན་/གཅོད་བཞིན་འདུག ཅེས་བྱ་བའི་གནས་བསྟན་པའི་རྣམ་དབྱེ་དང་། ཤིང་མཁན་ཚེ་དཔལ་/གྱིས་/གཅོད་བཞིན་འདུག ཅེས་བྱ་བའི་བྱེད་པོ་བསྟན་པའི་རྣམ་དབྱེ། སྟ་རེ་རྣོན་པོ་ཞིག་/གིས་/གཅོད་བཞིན་འདུག ཅེས་བྱ་བའི་བྱེད་པ་བསྟན་པའི་རྣམ་དབྱེ། གསོམ་སྡོང་ཤིན་ཏུ་རྒྱས་པ་འགའ་/གཅོད་བཞིན་འདུག ཅེས་བྱ་བའི་ཡུལ་དང་ལས་ཀྱི་དངོས་པོ་གཉིས་ཆབས་ཅིག་ཏུ་བསྟན་པའི་རྣམ་དབྱེ། གདུང་འདེགས་ཀ་བའི་ཆེད་/དུ་/གཅོད་བཞིན་འདུག ཅེས་བྱ་བའི་དགོས་པ་བསྟན་པའི་རྣམ་དབྱེ། ཁ་སང་ནས་ད་བར་/དུ་/གཅོད་བཞིན་འདུག ཅེས་བྱ་བའི་དུས་བསྟན་པའི་རྣམ་དབྱེ་དང་དྲུག་གོ ། རྣམ་དབྱེ་རེ་རེའང་ཚིག་གིས་གྲུབ་པ་ཡིན་ཏེ། མིང་གི་ཚིག་ལ་རྣམ་དབྱེའི་ཕྲད་སྦྱར། དེ་ལ་ལས་ཀྱི་ཚིག་སྦྱར་བའོ། ། ཡིན་ཏེ། ཕ་རིའི་ནགས་ཚལ་སྟུག་པོ་དང་། ཤིང་མཁན་ཚེ་དཔལ་དང་། སྟ་རེ་རྣོན་པོ་ཞིག་དང་། གསོམ་སྡོང་ཤིན་ཏུ་རྒྱས་པ་འགའ་དང་།གདུང་འདེགས་ཀྱི་ཀ་བའི་ཆེད་དང་། ཁ་སང་ནས་ད་བར་ལ་སོགས་པ་ནི་མིང་གི་ཚིག་གོ ། གཅོད་བཞིན་འདུག ཅེས་པ་ནི་ལས་ཀྱི་ཚིག་གོ ། མིང་གི་ཚིག་དེ་དག་དང་ལས་ཀྱི་ཚིག་གཉིས་ཀྱི་བར་དུ་རིམ་པ་བཞིན། ན་དང་། གྱིས་དང་།
གིས་དང་། དོན་ཐོབ་ཀྱི་རྣམ་དབྱེའི་ཕྲད⑤དང་། དུ་དང་།དུ་དང་བཅས་པའི་རྣམ་དབྱེའི་ཕྲད་སྦྱར་ནས་གཞི་གཅིག་ཏུ་བསྡུས་པས་རྗོད་པ་གྲུབ་པ་ཡིན་ནོ། །དེ་བས། ལས་ཚིག་གམ་ཡང་ན་ལས་ཀྱི་ཚིག་ནི། རྗོད་པ་ངག་གི་སྲོག་འཛིན་བྱེད་ཀྱི་ལུས་ལྟ་བུ་དང་། མིང་གི་ཚིག་རྣམས་ནི་ལུས་ཀྱི་ཡན་ལག་ལྟ་བུ། རྣམ་དབྱེའི་ཚིག་ཕྲད་ནི་ཡན་ལག་འཛིན་བྱེད་ཀྱི་ལྷུ་ལྟ་བུའོ། །མིང་གི་ཚིག་ནི་ཐ་སྙད་དུ་མས་འགྲུབ་པ་ཇི་བཞིན་དུ། ལས་ཀྱི་ཚིག་ཀྱང་ངོ་། ། དཔེར་ན། སྟ་རེ་རྣོན་པོ་ཞིག ལྟ་བུ་ནི་སྟ་རེ་ཞེས་པའི་དངོས་པོའི་མིང་ལ། ཁྱད་ཆོས་བརྗོད་པའི་མིང་རྣོན་པོ་སྦྱར། དེ་ལ་གྲངས་བརྗོད་པའི་སྒྲ་སྟེ་ཞིག་ཅེས་པ་སྦྱར་ཏེ་གྲུབ་པའོ། ། དེ་བཞིན་དུ། གཅོད་བཞིན་འདུག ཅེས་པའི་ལས་ཀྱི་ཚིག་འདི་ཡང་། གཅོད་ཅེས་པའི་ལས་ཚིག་རྐྱང་བ་ལ། དུས་ད་ལྟ་གསལ་བྱེད་ཀྱི་སྒྲ་སྟེ་བཞིན་སྦྱར། དེ་ལའང་འདུག་ཅེས་ངེས་པ་གསལ་བྱེད་ཀྱི་སྒྲ་སྦྱར་བའོ། །འདིར་བརྗོད་བྱར་གྱུར་པའི་ཚིག་ཅེས་པ་ནི། ཐ་སྙད་དང་རྣམ་དབྱེའི་ཚིག་སྦྱོར་གྱི་བར་དུ་གནས་པའི་སྡེབ་སྦྱོར་གྱི་སྡེ་དེ་ལ་གོ་དགོས་ཤིང་། དགར་ན་ལས་ཀྱི་ཚིག(Verd Phrase)དང་མིང་གི་ཚིག(Noun Phrase)གཉིས་སུ་འདུའོ། །
དང་པོ། ལས་ཀྱི་ཚིག
ལས་ཚིག་ནི་གཞན་གྱིས་བསྐུལ་བའམ། རང་གིས་བྱས་པའམ། རང་བཞིན་གྱིས་བྱུང་བའི་བྱ་བ་ཇི་སྙེད་པའི་དོན་ཡང་དག་པར་སྟོན་པའི་སྒྲའོ། །ལས་ཚིག་གང་ཞིག་དེའི་དོན་ཡང་དག་པར་བརྗོད་པ་ལ་བྱ་བའི་ཡུལ་དང་། བྱེད་པོ་བྱེད་པ་དང་། ལས་ཀྱི་དངོས་པོ་གསུམ་པོ་ཅིས་ཀྱང་འཛོམས་དགོས་ལ། དེ་གསུམ་ལ་ལས་ཚིག་གི་བྱ་བྱེད་ལས་གསུམ་ཞེས་བྱའོ། ། དཔེར་ན། ཨ་མས་བུ་ཆུང་ལ་ལྭ་བ་བསྐོན། ལྟ་བུ་ལ་མཚོན་ན། བུ་ཆུང་ནི་བྱ་བའི་ཡུལ་དང་། ཨ་མ་ནི་བྱེད་པ་པོ། ལྭ་བ་ནི་ལས་ཀྱི་དངོས་པོའོ། ། ལས་ཚིག་གམ་ཡང་ན་ལས་ཀྱི་ཚིག་ཐམས་ཅད་ལ་བྱ་བྱེད་ལས་གསུམ་ཐ་དད་དུ་སྣང་བ་མ་ཡིན་ཏེ། གོང་གི་གཅོད་བཞིན་འདུག་ཅེས་པའི་ལས་ཀྱི་ཚིག་འདི་ཉིད་ལ་མཚོན་ན། ཤིང་མཁན་ཚེ་དཔལ་ནི་བྱེད་པ་པོ་ཡིན་པ་སྨོས་མ་དགོས་ཀྱང་། གསོམ་སྡོམ་ཤིན་ཏུ་རྒྱས་པ་དེ་དག་ནི་གཅོད་པའི་བྱ་བ་དེ་ཉིད་འཇུག་སའི་ཡུལ་ཡིན་ལ་བྱ་བ་དེས་བསྐྱེད་པར་འགྱུར་བའི་འབྲས་བུ་མངོན་སའི་གཞི་སྟེ་ལས་ཀྱི་དངོས་པོའང་ཡིན་ནོ། ། དེ་བས་གཅོད་བཞིན་འདུག་ཅེས་པའི་ལས་ཀྱི་ཚིག་འདིའི་དོན་ཡང་དག་པར་སྟོན་པ་ལ། བྱེད་པོ་དང་ལས་གཉིས་ཀྱིས་ཆོག་སྟེ། བྱ་བའི་ཡུལ་དང་ལས་ཀྱི་དངོས་པོ་གཉིས་ཐ་མི་དད་པས་སོ། ། དེ་བས། ཤིང་མཁན་ཚེ་དཔལ་གྱིས་གསོམ་སྡོང་ཤིན་ཏུ་རྒྱས་པ་འགའ་གཅོད་བཞིན་འདུག ཅེས་བརྗོད་པ་ཙམ་གྱིས་ཆོག་གོ ། ཕ་རིའི་ནགས་ཚལ་སྟུག་པོ་ནི་བྱ་བ་དེ་བྱུང་སའི་གནས་ཡིན་ཡང་བྱ་བ་དངོས་སུ་འཇུག་སའི་ཡུལ་མ་ཡིན་པས། བྱ་བའི་དུས་སོགས་སྟོན་པའི་རྣམ་དབྱེ་ཇི་བཞིན་དུ། རྗོད་པ་ཕུན་སུམ་ཚོགས་པར་བྱ་བའི་རྒྱུ་ཡིན་གྱི། བྱ་བྱེད་ལས་གསུམ་གྱི་ཁོངས་སུ་འདོད་པར་མི་བྱའོ། །ལས་ཀྱི་ཚིག་ཅེས་པ་ནི། ཐ་སྙད་དུ་མ་འདུས་པས་ཚིག་ཏུ་གྲུབ་ཀྱང་། ཚིག་སྦྱོར་སྤྱིའི་འཇུག་ལྡོག་ནི་ལས་ཚིག་རྐྱང་བ་དང་ཀུན་ནས་མཚུངས་པས་ན་ལས་ཀྱི་ཚིག་གོ ། ལས་ཚིག་རྐྱང་བའང་ལས་ཀྱི་ཚིག་གི་ཁོངས་སུ་བསྡུས་པའང་བརྡ་སྤྲོད་ཞིབ་འཇུག་གི་སྤྱིའི་འགྲོ་ལུགས་སུ་ཆགས་འདུག་གོ །
གཅིག ལས་ཚིག་རྐྱང་བ།
ལས་ཚིག་གི་དོན་ཡང་དག་པར་སྟོན་པ་ལ་བྱ་བྱེད་ལས་གསུམ་ཚང་དགོས་ལ། དེ་དག་ཕན་ཚུན་ཐ་དད་མིན་གྱི་སྒོ་ནས་ལས་ཚིག་ནི་རིགས་ལྔ⑥རུ་དགར་ཆོག་གོ །དེ་ཡང་ཐོག་མར། ལས་ཚིག་གི་བྱ་བྱེད་ལས་གསུམ་སོ་སོར་དབྱེ་རྒྱུ་ཡོད་མེད་ཀྱི་སྒོ་ནས་རིགས་ཆེན་པོ་གཉིས་སུ་བགོ་བར་བྱ་སྟེ། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གོ ། བྱེད་མེད་ལས་ཚིག་ནི་བྱ་བ་གང་ཞིག དེ་འཇུག་སའི་ཡུལ་དང་། དེའི་བྱེད་པོ་དང་། ལས་ཀྱི་དངོས་པོ་གསུམ་ཐ་མི་དད་པས་ན། བྱ་བྱེད་ལས་གསུམ་ཀ་ཐ་མི་དད་པའི་ལས་ཚིག་གོ ། ཨ་མ་རྒས་སོང་། ལྟ་བུའོ། ། རྒས་པ་པོ་ཨ་མ་ཡིན་ལ། རྒས་པའི་བྱ་བ་དེ་འཇུག་སའི་ཡུལ་ཡང་ཨ་མ་ཡིན། མ་ཟད་གང་ཞིག་རྒས་པར་འགྱུར་བའི་ཆོས་ཀྱང་ཨ་མ་ལས་གཞན་མ་ཡིན་ནོ། །བྱེད་འབྲེལ་ལས་ཚིག་གང་ཞིག དེའི་བྱེད་པོ་དང་།བྱ་བའི་ཡུལ་དང་། ལས་ཀྱི་དངོས་པོ་གསུམ་ཀ་སོ་སོར་བགར་དུ་ཡོད་པ་ནི་བྱེད་པོ་གཞན་འབྲེལ་གྱི་ལས་ཚིག་སྟེ་ཡུལ་དང་བྱེད་པོ་དང་ལས་གསུམ་ཐ་དད་པ་ཅན་ནོ། ། ཨ་མས་བུ་རྟ་ལ་བསྐྱོན། ལྟ་བུའོ། ། བསྐྱོན་པའི་བྱ་བ་དེ་འཇུག་སའི་ཡུལ་སྟེ་རྟ་དང་། སྐྱོན་མཁན་ཨ་མ་དང་། བསྐྱོན་བྱ་བུ་གསུམ་ཐ་དད་པའོ། །བྱ་བྱེད་ལས་གསུམ་ལས་ཅིས་ཀྱང་གཉིས་ཐ་དད་པ་ཅན་ནི་བྱེད་པོ་བདག་འབྲེལ་གྱི་ལས་ཚིག་ཡིན་ལ། ལས་ཀྱི་དངོས་པོ་དང་བྱེད་པོ་གཉིས་གཞི་གཅིག་ཏུ་གྲུབ་པ་ཅན་ནི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་སྟེ། ཨ་མ་ཁྱིམ་དུ་ཕེབས། ལྟ་བུའོ། ། ཕེབས་སའི་ཡུལ་ནི་ཁྱིམ་ཡིན་ལ། ཕེབས་མཁན་ཨ་མ་ཡིན་ཡང་། ཕེབས་རྒྱུའང་ཨ་མ་ལས་གཞན་མ་ཡིན་ནོ། །བྱ་བྱེད་ཐ་དད་པའི་ལས་ཚིག་གང་ཞིག ལས་ཀྱི་དངོས་པོ་དང་བྱ་བའི་ཡུལ་གཉིས་ཐ་དད་མིན་གྱིས།བྱ་བྱེད་ཐ་དད་པ་ལ་རིགས་གཉིས་ཡོད་དེ། ཡུལ་དང་ལས་ཐ་དད་པ་ཅན་དང་། ཡུལ་དང་ལས་གཉིས་ཐ་མི་དད་པ་ཅན་ནོ། ། དེ་ལས་དང་པོའི་དཔེར་བརྗོད་ལ། ཨ་མས་གསོལ་ཇ་བཞེས། ལྟ་བུའོ། ། གསོལ་ཇ་ནི་ལས་ཀྱི་དངོས་པོ་སྟེ་བྱེད་པོ་ལས་ཐ་དད་ཀྱང་། བཞེས་པའི་བྱ་བ་དེ་བྱེད་མཁན་དང་། བྱ་བ་དེ་འཇུག་སའི་ཡུལ་གཉིས་པོ་ཨ་མ་རང་ཡིན་ནོ། ། བྱ་བྱེད་ཐ་དད་པ་ལས། ཡུལ་དང་ལས་གཉིས་ཐ་མི་དད་པའི་ལས་ཚིག་ནི། བྱ་བའི་ཡུལ་དང་ལས་གཉིས་ཐ་མི་དད་ཀྱང་བྱེད་པོ་ཐ་དད་པ་ཅན་ནོ། ། ཨ་མས་འོ་མ་དཀྲོགས། ལྟ་བུའོ། ། དཀྲོགས་པའི་བྱ་བ་དེ་འཇུག་སའི་ཡུལ་ནི་འོ་མ་ཡིན་ལ། ལས་ཀྱི་དངོས་པོའང་འོ་མ་ཡིན་པས་དེ་གཉིས་ཐ་མི་དད་ཀྱང་། དཀྲོག་མཁན་ཨ་མ་ནི་དེ་དག་ལས་ཐ་དད་པའོ། །
གཞན་ཡང་། ལས་ཚིག་ལ་སྒྲ་ཁྱིམ་གྱི་སྒོ་ནས་ཀྱང་རིགས་དུ་མར་དབྱེ་ཆོག་སྟེ། དཔེར་ན། གཅོད། བསྒྲུབ། གྲུབ། འགྲོ། བབས། ལ་སོགས་པ་ནི་སྒྲ་ཁྱིམ་གཅིག་ཅན་དང་། ཐག་བཅད། ཕྱག་འཚལ། ངོ་ཚ། ལ་སོགས་པ་སྒྲ་ཁྱིམ་གཉིས་ཅན་དང་། ཞབས་ཀྱིས་བཅགས། བྱིན་གྱིས་བརླབས། གདོན་མི་ཟ། ལ་སོགས་པ་ནི་སྒྲ་ཁྱིམ་དུ་མ་ཅན་གྱི་ལས་ཚིག་ཏུ་ཤེས་པར་བྱའོ། །དངོས་པོའི་ཁྱད་ཆོས་དང་། ངོ་བོ་དང་། རང་བཞིན་དང་། དབྱིབས་མདོག་ལ་སོགས་པ་རྗོད་བྱེད་ཀྱི་ལས་ཚིག་ཀྱང་ཡོད་དེ། ཆེ། ཚ། འཇམ། རིང་། དམར་ལ་སོགས་པའོ། ། འདིའི་རིགས་ལ་ལས་ཚིག་ཆ་འདྲ་བ་ཞེས་ཀྱང་ཟེར་རོ། །
གཉིས། མཐའ་སྒྲ་ཅན།
གཅད་/རྒྱུ་/རེད/། གཅོད་/བཞིན་/འདུག/ བཅད་/ཚར་/འདུག/ ཆོད་/ཅིག/ ལྟ་བུ་དང་། བྲི་/རྒྱུ་/ཡིན/། འབྲི་/བཞིན་/ཡོད། བྲིས་/ཚར/། ལྟ་བུ་དང་། བསྒྲུབ་/ངེས/། བསྒྲུབ་/མི་སྲིད/། ལྟ་བུའོ། ། ལས་ཚིག་ལ་དུས་གསུམ་གསལ་བྱེད་ཀྱི་སྒྲ་སྦྱར། དེ་ལ་ངེས་པ་གསལ་བྱེད་ཀྱི་སྒྲ་ཡང་སྦྱར་ཏེ་ལས་ཀྱི་ཚིག་གྲུབ་པའོ། །
སློབ་སྦྱོང་/བྱ། སློབ་སྦྱོང་/བྱེད། སློབ་སྦྱོང་/བྱས། སློབ་སྦྱོང་/བྱོས། ལྟ་བུ་དང་། ཐག་གཅོད་/བྱ། ཐག་གཅོད་/བྱེད། ཐག་གཅོད་/བྱས། ཐག་གཅོད་/བྱོས། ལྟ་བུའོ། ། བྱ་བའི་མིང་གི་མ་མཐའ་རུ་བྱ་བ་བགྱི་བའི་རྣམ་པ་གསལ་བྱེད་ཀྱི་སྒྲ་སྟེ་བྱ་བྱེད་བྱས་བྱོས་སོགས་སྦྱར་ནས་ལས་ཀྱི་ཚིག་ཏུ་བསྒྲུབས་པའོ། ། དགོངས་དག་/ཞུ། མགོ་ཁྲིད་/གནང་། སློབ་མཐར་/ཕྱིན། ལྟ་བུ་ཡང་དེ་བཞིན་ནོ། ། མིང་གིས་ནི་བྱ་བ་གང་ཞིག་དེའི་དོན་གྱི་ངོ་བོ་ཙམ་སྟོན་པ་དང་། བྱ་བྱེད་བྱས་བྱོས་ལ་སོགས་པས་བྱ་བ་དེ་བགྱི་བའི་རྣམ་པ་གསལ་བར་བྱེད་པས། མཉམ་དུ་སྦྱར་བ་ན། ལས་ཚིག་གི་དོན་ཡང་དག་པར་སྟོན་ཐུབ་བོ། །ཤིན་ཏུ་/བཟང་། ཧ་ཅང་/མཛེས། རབ་ཏུ་/བརྗིད། ལྟ་བུ་ནི་ལས་ཚིག་ཆ་འདྲ་བའི་ཡ་མཐར་མི་ཟད་པའི་སྒྲ་སྦྱར་ཏེ་ལས་ཀྱི་ཚིག་ཏུ་བསྒྲུབས་པའོ། ། ཤིན་དང་རབ་སོགས་མིང་གི་ངོ་བོ་ཅན་མ་ཡིན་པས། ཏུ་སོགས་ཀྱང་རྣམ་དབྱེའི་ཕྲད་དུ་མི་སེམས་པར་བྱའོ། ། དེ་ཉིད་ཀྱི་རྣམ་དབྱེ་ནི་དཔེར་ན། གོས་/སུ་/གྱོན། གསེར་/དུ་/བསྒྱུར། བདུད་/དུ་/སྤྲུལ། སྐྱབས་/སུ་/ཤེས། ལེགས་སྐྱེས་/སུ་/སྤྲད། ལྟ་བུའོ། ། དེ་ཉིད་བརྗོད་པའི་རྣམ་དབྱེའི་ཚིག་ཕྲད་ཡིན་ན་ནི། བྱ་བ་གང་ཞིག་བྱས་ཚར་པ་ན། ཆོས་དངོས་གཞན་ཞིག་རྣམ་དབྱེའི་ཕྲད་སྦྱར་སའི་གཞི་དེ་ཉིད་དུ་འགྱུར་བ་ཞིག་སྟོན་པ་ཡིན་ནོ། ། བརྗོད་དོན་གྱི་ཆ་ནས་ཀྱང་། གསེར་དུ་བསྒྱུར། ཞེས་པའི་དུ་སྒྲས་ནི། ཆོས་གང་ཞིག་གསེར་དེ་ཉིད་དུ་འགྱུར་བ་སྟོན་པས། གསེར་དེ་ལ་དེ་ཉིད་ཀྱི་མིང་བཏགས་པ་ཡིན་ཡང་། ཤིན་ཏུ་ལེགས། ཞེས་པ་ན། ལེགས་པའི་ཁྱད་ཆོས་དེ་ཤིན་ཏུ་གསལ་བར་བྱེད་པ་ལས། དེ་ལས་ལོགས་པའི་ཆོས་དངོས་གཞན་ཅི་ཡང་མི་སྟོན་ནོ། ། ལྷག་པར། རབ་ཏུ། ཀུན་ཏུ། ངེས་པར་ལ་སོགས་པའང་དེ་བཞིན་སྟེ། ལྷག་པ། རབ། ཀུན། ངེས་པ་ལ་སོགས་པར་དེ་ཉིད་ཀྱི་ཕྲད་སྦྱར་བ་མ་ཡིན་ནོ། །དགའ་པོ་/བྱེད། སྡུག་པོ་/མ་གནང་། དཀར་པོ་/རེད། ལྟ་བུ་ནི། ཁྱད་ཆོས་བརྗོད་པའི་མིང་གི་མ་མཐའ་རུ་ངེས་པ་སོགས་གསལ་བྱེད་ཀྱི་སྒྲ་སྦྱར་བས་ཁྱད་ཆོས་བརྗོད་པའི་ཚིག་ཏུ་བསྒྲུབས་པ་ཡིན་པས། དེ་དག་གི་བརྡ་སྤྲོད་པའི་འཇུག་པའང་། དགའ། སྡུག དཀར་ལ་སོགས་པའི་ཁྱད་ཚིག་རྐྱང་བ་དང་ཀུན་ནས་མཚུངས་སོ། །
གསུམ། མཚམས་སྦྱོར་ཅན།
ཚིག་ཕྲད་ཅན་གྱི་ལས་ཀྱི་ཚིག་ནི། ལས་ཚིག་གཉིས་སམ་དུ་མ། ཚིག་ཕྲད་ཀྱིས་སམ་ཡང་ན་མཚམས་སྦྱོར་གྱི་སྒྲས་ཕན་ཚུན་སྦྲེལ་བའི་ཚིག་སྦྱོར་གྱི་རྣམ་པ་ལའོ། ། དཔེར་ན། འབྲི་/རུ་/བཅུག འབྲི་/བར་/བཅུག ལྟ་བུ་དང་། བཤད་/དུ་/བཅུག བཤད་/པར་/བཅུག ལྟ་བུ་ནི་གཞན་སྐུལ་གྱི་ཚིག་སྦྱོར་རོ། ། ཤེས་སུ་བཅུག ཡོད་དུ་འཇུག འདོར་དུ་བཅུག སྲུང་དུ་བཅུག བལྟ་རུ་བཅུག ཀློག་ཏུ་བཅུག ལྟ་བུ་ཡང་ངོ་། །འདི་ལ་ཅུང་ཙམ་བཤད་ན། ཨ་མས་བུ་ལ་ལྭ་བ་བསྐོན། ཞེས་པའམ། ཨ་མས་བུ་ལ་ལྭ་བ་གོན་དུ་བཅུག ཅེས་པའམ། ཨ་མས་བུ་ལ་ལྭ་བ་གོན་པར་བཅུག ཅེས་གསུམ་པོའི་ཚིག་དོན་གྱི་ཆ་ཡོངས་སུ་མཚུངས་པས། བསྐོན་དང་།གོན་དུ་བཅུག་གམ་གོན་པར་བཅུག་གསུམ་པོ་བྱེད་པོ་གཞན་འབྲེལ་གྱི་ལས་ཚིག་གམ་ལས་ཀྱི་ཚིག་ཡིན་ནོ། ། དེ་བས། གོན་དུ་བཅུག་གམ་གོན་པར་བཅུག་ནི་ལས་ཀྱི་ཚིག་སྟེ། རྣམ་དབྱེའི་སྦྱོར་བ་ལས་ཀྱང་ཚགས་དམ་པས། གོང་གི་དཔེར་བརྗོད་དེ། ཨ་མ/ས་/གོན་དུ་བཅུག་དང་། བུ་/ལ་/གོན་དུ་བཅུག་དང་། ལྭ་བ་/གོན་དུ་བཅུག་ཅེས་རྣམ་དབྱེ་གསུམ་དུ་བགོ་ན་མ་གཏོགས། དུ་སྒྲ་འདི་ཡང་རྣམ་དབྱེའི་ཕྲད་དུ་འདོད་མི་རུང་ངོ་། ། འོ་ན། ཨ་མ/ས་/བཅུག་དང་། བུ་/ལ་/བཅུག་དང་། ལྭ་བ་/གོན་དུ་བཅུག་ཅེས་རྣམ་དབྱེ་གསུམ་དུ་བགོ་མི་རུང་ངམ། ཞེ་ན། མི་རུང་སྟེ། ལས་ཚིག་གི་དོན་སྟོངས་པར་འགྱུར་རོ། ། དེ་བས། བཅུག་ལྟ་བུའི་གཞན་སྐུལ་གྱི་སྒྲ་འདི་ནི་ལས་ཚིག་ཅིག་དང་མཉམ་དུ་སྡེབ་ན། ད་གཟོད་ལས་ཀྱི་ཚིག་གྲུབ་ནས་སྒྲ་དོན་གཉིས་ཀའི་ཆ་ཚང་བར་འགྱུར་རོ། །སྐྱབས་སུ་མཆིའོ། ཞེས་པའི་ཚིག་སྦྱོར་འདིའི་སུ་སྒྲ་ཁྱོད་ཀྱིས་དེ་ཉིད་དུ་འདོད་ན། བླ་མ་སྐྱབས་སུ་མཆིའོ། ། ཞེས་བླ་མ་ལ་རྣམ་དབྱེའི་ཕྲད་སྦྱོར་མི་དགོས⑦ཀྱང་། ལས་ཀྱི་ཚིག་ཅིག་ཏུ་བསམ་ན། བླ་མ་ལ་སྐྱབས་སུ་མཆིའོ། ། ཞེས་རྣམ་དབྱེ་གཉིས་པའི་ལ་སྒྲ་ཅིས་ཀྱང་སྦྱོར་དགོས་སོ། །སྐོན་/པར་/བྱེད། བསྐོན་/པར་/བྱ། ལྟ་བུ་དང་། གཅོད་/པར་/བྱེད། གཅད་/པར་/བྱ། ལྟ་བུ་དང་། ལྟ་/བར་/བྱེད། བལྟ་/བར་/བྱ། ལྟ་བུ་དང་། འགྲོ་/བར་/བྱེད། འགྲོ་/བར་/བྱ། ལྟ་བུ་དང་། ཐོབ་/པར་/བྱེད། ཐོབ་/པར་/བྱ། ལྟ་བུ་དང་། ཐག་གཅོད་/པར་/བྱེད། ཐག་གཅད་/པར་/བྱ། ལྟ་བུ་དང་། ཕྱག་འཚལ་/བར་/བྱེད། ཕྱག་འཚལ་/བར་/བྱ། ལ་སོགས་པ་ནི་བྱེད་ལས་དང་བྱ་ལས་རྣམས་ཀྱང་ཚིག་ལས་རྣམ་དབྱེ་མ་ཡིན་ནོ། །མེད་/པར་/ངེས། ཡིན་/པར་/གསལ། ལྟ་བུ་དང་བསྙོན་/དུ་/མེད། བསྒྲལ་/དུ་/མེད། བཟོད་/དུ་/མེད། ལྟ་བུ་ལ་སོགས་པའང་མཚམས་སྦྱོར་གྱི་སྒྲ་ཅན་ནམ་ཚིག་ཕྲད་ཅན་གྱི་ཚིག་གི་རྣམ་པའོ། ། ཆེ་/རུ་/སྐྱེད། དམའ་/རུ་/བཏང་། སྡུག་/ལ་/སྦྱར། ལ་སོགས་པར་ཡང་རིགས་བསྒྲེས་པར་བྱའོ། །དཀར་/ལ་/དམར། བལྡད་/ནས་/མིད། བསྐོལ་/ཏེ་/འཁོལ། མཛེས་/ཀྱང་/མཛེས། བལྟས་/ཀྱང་/མ་མཐོང་།ཞབས་ཀྱིས་བཅགས་/ཤིང་/བྱིན་གྱིས་བརླབས། ལྟ་བུ་ནི་ཚིག་ཕྲད་ཀྱིས་མཚམས་སྦྱར་བའི་ཚིག་གི་རྣམ་པའོ། །
མཐར། རྣམ་དབྱེའི་ཕྲད་དང་ཚིག་ཕྲད་བར་གྱི་ཁྱད་པར་རམ་དབྱེ་བ་འབྱེད་སྟངས་ཅུང་ཙམ་སྤྲོ་བ་ལ། གཅིག སྦྱར་གཞིའི་ཆ་ནས། རྣམ་དབྱེའི་ཕྲད་ནི་མིང་གི་ཚིག་དང་ལས་ཀྱི་ཚིག་གཉིས་བར་དུ་ཕྱོགས་སུ་མ་ལྷུང་བར་འཇུག་པ་ཡིན་ལ། ཚིག་ཕྲད་ནི་མིང་གི་ཚིག་ལའམ། ཡང་ན་ལས་ཀྱི་ཚིག་གཅིག་པུར་སྦྱར་བ་ཡིན་ནོ། ། གཉིས། བརྗོད་དོན་གྱི་ཆ་ནས། རྣམ་དབྱེའི་ཕྲད་ཀྱིས་ནི། ལས་ཀྱི་ཚིག་གིས་བསྟན་པར་གྱུར་པའི་བྱ་བ་དེ་དང་། མིང་གི་ཚིག་གིས་བརྗོད་པར་གྱུར་པའི་དངོས་པོ་དག་གི་བར་གྱི་རྣམ་དབྱེའི་འབྲེལ་བ་སྟོན་པ་ཡིན་ལ། ཚིག་ཕྲད་ཀྱིས་ནི། མིང་དུ་མའི་བར་གྱི་འབྲེལ་བ་བརྗོད་པའམ། ལས་ཚིག་དུ་མའི་བར་གྱི་འབྲེལ་བ་སྟོན་པ་ཡིན་ནོ། ། དཔེར་ན། ཡོན་ཏན་དང་ལྡན། ཞེས་པའི་དང་སྒྲ་འདི་ཚིག་ངོས་ཙམ་དུ་སོང་ན། ཡོན་ཏན་ཞེས་པའི་ཁྱད་ཆོས་བརྗོད་པའི་མིང་དང་། ལྡན་ཞེས་པའི་ལས་ཚིག་གི་བར་དུ་ཕྱོགས་སུ་མ་ལྷུང་བར་སྦྱར་བ་ལྟར་སྣང་ཡང་།
དོན་གྱི་ཆ་ནས་བཤད་ན། འདིར་ལྡན་པར་བྱ་བའི་དངོས་པོ་ལ། ཡོན་ཏན་དང་། སྤོབས་པ་དང་། ཤེས་རབ་ལ་སོགས་པ་དུ་མ་ཡོད་ཀྱང་། སྐབས་བབ་བརྗོད་དོན་ལ་དམིགས་ནས། གཞན་རྣམས་བསྡུས་ཏེ་ཡོན་ཏན་དམིགས་སུ་བཟུང་ནས་བརྗོད་པ་ཡིན་པས་ན། དང་སྒྲ་ནི་ཡོན་ཏན་ཁོ་ནར་སྦྱར་བའི་ཚིག་ཕྲད་ཡིན་གྱི་རྣམ་དབྱེའི་ཕྲད་མ་ཡིན་ནོ། ། དེ་བས། ཡོན་ཏན་དང་ལྡན། ཞེས་པའི་དུས་ན། ལྡན་པར་བྱ་བའི་ཁྱད་ཆོས་ནི་ཡོན་ཏན་ལས་གཞན་ཡོད་ཀྱང་། ཤུགས་སུ་བསྡུས་པའོ། ། ཡོན་ཏན་ལྡན། ཞེས་པ་ན། ལྡན་པར་བྱ་བ་ནི་ཡོན་ཏན་ལས་གཞན་མ་ཡིན་ནོ། ། ཡོན་ཏན་དང་/ལྡན། ཞེས་པའམ། ཡོན་ཏན་/ལྡན། ཞེས་པའི་ཚིག་སྦྱོར་འདི་གཉིས་ཀ་རྣམ་དབྱེ་དང་པོ་ཡིན་ནོ། །
གཉིས་པ། མིང་གི་ཚིག
ཐ་སྙད་དུ་མ་འདུས་པས་ཚིག་ཏུ་གྲུབ་ཀྱང་། ཚིག་སྦྱོར་གྱི་སྤྱིའི་འཇུག་ལྡོག་ནི་མིང་རྐྱང་དང་ཀུན་ནས་མཚུངས་པས་ན་མིང་གི་ཚིག་གོ ། ཇི་སྐད་དུ། སྨྲ་སྒོ་མཚོན་ཆ་ལས། གང་ཞིག་རྣམ་ཆ་འདུས་པ་ཡིས། ། དོན་གྱི་ངོ་བོ་ཉིད་བརྗོད་ན། ། རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །⑧ཅེས་གསུངས་པ་ཇི་བཞིན་ནོ། ། དེ་ལ་གྲུབ་ལུགས་ཀྱི་དབང་གིས་རིགས་འགར་བགར་ཆོག་སྟེ།
གཅིག མིང་རྐྱང་།
དོན་གྱི་ངོ་བོ་ཙམ་སྟོན་པ་མིང་སྟེ། བྱེ་བྲག་ཏུ། ཚེ་དཔལ་དང་། དབང་རྒྱལ་དང་། དོན་ཡོད་ལ་སོགས་པ་གང་ཟག་གི་མིང་ངོ་། ། རི་རབ་དང་། རྒྱ་མཚོ་དང་། མེ་ཏོག་ལ་སོགས་པ་དངོས་པོའི་མིང་ངོ་། ། རྒྱ་གར་དང་། འབྲུག་ཡུལ། ཀྲུང་གོ་ལ་སོགས་པ་རྒྱལ་ཁབ་ཀྱི་མིང་ངོ་། ། བོད་ལྗོངས་དང་།མཚོ་སྔོན་དང་། ལ་མོ་བདེ་ཆེན་ལ་སོགས་པ་ས་གནས་ཀྱི་མིང་ངོ་། ། སློབ་མ་དང་། ཚོང་བ་དང་། ཁྲིམས་དཔོན་ལ་སོགས་པ་ལས་སྣེའི་མིང་ངོ་། ། སྐད་ཡིག་དང་། ཨང་རྩིས་དང་། དངོས་ལུགས་དང་། རྫས་འགྱུར་ལ་སོགས་པ་ནི་རིག་ཚན་གྱི་མིང་ངོ་། ། ཕྱི་ནང་སྟེང་འོག་གཡས་གཡོན་ལ་སོགས་པ་ཕྱོགས་ཀྱི་མིང་ངོ་། ། དབྱར་དགུན་སྟོན་དཔྱིད་ཉིན་དཀར་མཚན་མོ་ལ་སོགས་པ་དུས་ཀྱི་མིང་ངོ་། །གཞན་ཡང་། སློབ་སྦྱོང་དང་། སྒོམ་སྒྲུབ་དང་། མཆོད་མཇལ་དང་། ཕྱག་ལས། འཇབ་རྒོལ་ལ་སོགས་པ་བྱ་བའི་མིང་ངོ་། ། བྱ་བའི་མིང་དང་ལས་ཚིག་གཉིས་ལ་ཁྱད་པར་ཆེ་སྟེ། ཞིབ་ཏུ་ལས་ཀྱི་ཚིག་གི་སྐབས་སུ་དཔྱད་པར་བྱའོ། ། དེ་བཞིན་དུ། སྔོ་སྐྱ་དང་། དཀར་གསལ་དང་། ཆེན་མོ་དང་།མྱུར་མོ་དང་། དགའ་དགའ་སྤྲོ་སྤྲོ་དང་། ཚ་ལམ་ལམ་ལ་སོགས་པ་ཁྱད་ཆོས་བརྗོད་པའི་མིང་ཡིན་ཡང་། ཁྱད་ཚིག་དང་ཁྱད་པར་ཆེའོ། ། བཅོ་ལྔ་དང་། ཉིས་སྟོང་བརྒྱ་མེད་བཅོ་ལྔ་དང་། ཁྲི་ལྔ་དང་བཅས་པ་ནི་གྲངས་ཀྱི་མིང་ངོ་། ། མ་ཟད། ད་དུང་མངོན་བརྗོད་དང་། ཆེད་ལས་བརྡ་ཆད་དང་། རིགས་རུས་ཆོ་འབྲང་ལ་སོགས་པའི་མིང་ཤིན་ཏུ་མོད་པོ་ཡོད་ལ། ཇི་ཙམ་ཞིབ་ཏུ་དབྱེ་ན་དེ་ཙམ་གྱིས་དགེ་མཚན་ཆེའོ། །མིང་རྐྱང་དག་ཀྱང་མིང་གི་ཚིག་ཁོངས་སུ་བསྡུ་བ་ནི་སྐད་བརྡ་རིག་པའི་སྤྱི་འགྲོས་ཡིན་ལ། དེ་ནི་ཚིག་སྦྱོར་ཁྱད་པར་བ་ཞིག་ཏུ་སེམས་ཆོག་པས་སོ། །
གཉིས། མིང་འདུས་མ།
མིང་གཉིས་སམ་དུ་མ་འདུས་པ་ལས་གྲུབ་པའི་མིང་གི་ཚིག་ནི། རིགས་དང་། བྱ་བ་དང་། ཡོན་ཏན་དང་། རྫས་དང་། རྣམ་གྲངས་ལ་སོགས་པ་རྗོད་པར་བྱེད་པའི་ཚིག་སྦྱོར་གྱི་རྣམ་པ་སྟེ། རྒྱལ་བོ་སྲོང་བཙན་སྒམ་པོ། གྲོང་ཁྱེར་ཝ་ར་ཎ་སི། སློབ་ཕྲུག་ཚེ་རིང་དབང་རྒྱལ། ལྟ་བུས་རིགས་བརྗོད་པ་དང་། སློབ་དཔོན་དབྱུག་པ་འཛིན་པ། ལྟ་བུས་བྱ་བ་བརྗོད་པ་དང་། ཐག་པ་སྦྲུལ་མདུད་ཅན། ལྟ་བུས་ཡོན་ཏན་བརྗོད་པ་དང་། འབྲོག་པ་གསེར་སོ་ཅན། ལྟ་བུས་རྫས་བརྗོད་པ་དང་། ཉིན་ཞག་བདུན། ལྟ་བུས་རྣམ་གྲངས་བརྗོད་པའོ། །གཞན་ཡང་། བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན། ལྟ་བུ་དང་། གཙོ་སྐུ་རྒྱུ་ཟངས་སེར་གྱིས་བྱས་པ། ལྟ་བུ་དང་། མི་དཔའ་བོ་སུས་ཀྱང་འགྲན་མི་སློང་བ། ལྟ་བུ་དང་།འབྲོག་པ་ཁ་ན་གསེར་སོ་སེར་ལམ་མེ་བ་ཅན། མིག་ཤེལ་ལ་རྩིད་སྐུད་ཀྱི་ལུང་བུ་ཅན། ལྟ་བུ་དང་། སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་ལ་སོགས་པ་ནི་རིགས་བྱ་བ་ཡོན་ཏན་རྫས་རྣམ་གྲངས་དང་བཅས་པ་ལྷན་དུ་བརྗོད་པའི་མིང་གི་ཚིག་ཀྱང་ཤིན་ཏུ་རྒྱ་ཆེར་འབྱུང་ངོ་། །
འདིར། མི་དཔའ་བོ་སུས་ཀྱང་འགྲན་མི་སློང་བ། ལྟ་བུའི་ཚིག་སྦྱོར་གྱི་གྲུབ་ལུགས་ལ་སྒྲ་དོན་གཉིས་ཀའི་སྒོ་ནས་ཅུང་ཙམ་དཔྱད་ན་འདི་ལྟའོ། ། ཚིག་སྦྱོར་དུ། མི་ཞེས་པ་ནི་དངོས་པོའི་མིང་། དཔའ་བོ་ནི་ཁྱད་ཆོས་བརྗོད་པའི་མིང་། མི་དཔའ་བོ། ཞེས་ཡོན་ཏན་བརྗོད་པའི་མིང་གི་ཚིག་གྲུབ། སུས་ཀྱང་འགྲན་མི་སློང་བ། ཞེས་པ་ནི་གཤམ་དུ་བཤད་པར་འགྱུར་བ་ཇི་བཞིན། དེ་ནི་རང་རྐྱ་ཐུབ་པའི་མིང་ཞིག་མ་ཡིན་ཡང་། མཐར་སྦྱར་གྱི་སྒྲའི་རྐྱེན་ཏེ་པ་བའི་ཤུགས་ཀྱིས་བྱ་བའི་མིང་དུ་བསྒྲུབས་པ་ཡིན་ནོ། ། སུས་ཀྱང་འགྲན་མི་སློང་། ཞེས་པ་ནི་རྣམ་དབྱེའི་ཚིག་སྦྱོར་ཡིན་ལ། མཐའི་བ་སྒྲ་དེའང་རྣམ་དབྱེ་འདི་ལ་སྦྱར་བ་ཡིན་གྱི། ཚིག་ངོཙམ་གྱི་དབང་དུ་བྱས་ཏེ་སློང་ཞེས་པའི་ལས་ཚིག་ཁོ་ནར་སྦྱར་བ་མ་ཡིན་ནོ། ། དེ་བས། མི་དཔའ་བོ། ཞེས་ཡོན་ཏན་བརྗོད་པའི་མིང་གི་ཚིག་དེ་ལ། སུས་ཀྱང་འགྲན་མི་སློང་བ། ཞེས་བྱ་བའི་མིང་འདི་སྦྱར་བ་ན། མི་དཔའ་བོ་/སུས་ཀྱང་འགྲན་མི་སློང་བ/། ཞེས་པའི་མིང་གི་ཚིག་དེ་གྲུབ་པ་ཡིན་ནོ། །
གསུམ། མཚམས་སྦྱོར་ཅན།
1、ཨི་ལྡན་གྱི་ཕྲད།
གི་ཀྱི་གྱི་འི་ཡི་ལྔ་བོ། མིང་གཉིས་སམ་དུ་མའི་བར་དུ་སྦྱར་ན། མིང་གི་ཚིག་འགྲུབ་པར་འགྱུར་ལ། བརྗོད་དོན་གྱི་ཆ་ནས་ཀྱང་། འབྲེལ་གཞི་དང་འབྲེལ་ཆོས་སྟོན་པ་ཙམ་མ་ཡིན་པར། སྦྲེལ་གཞིའི་མིང་དག་གི་འབྲེལ་བ་ཡོད་དོ་ཅོག་སྟོན་པ་ལ་ཁྱད་མེད་པར་འཇུག་གོ །དཔེར་ན། བསྒྲུབ་པར་བྱ་བ/འི་/ལས་གཞི། བཅད་པ/འི་/སྡོང་བོ། མ་ཤོད་པ/འི་/སྐད་ཆ། ལྟ་བུས་བྱ་བ་དང་ཆོས་དངོས་ཀྱི་འབྲེལ་བ་སྟོན་པ་དང་། མཆོད་པ/འི་/གཞི། སུས་ཀྱང་འགྲན་མི་སློང་བ/འི་/དཔའ་བོ། ལྟ་བུས་བྱ་བ་དང་བྱ་བའི་ཡུལ་གྱི་འབྲེལ་བ་སྟོན་པ། ཕྱུག་འཚོ་བ/འི་/འབྲོག་པ། ལྟ་བུས་བྱ་བ་དང་བྱེད་པོའི་འབྲེལ་བ་སྟོན་པ་དང་། བྱེད་པ/འི་/དགོས་པ། ལྟ་བུས་བྱ་བ་དང་དགོས་ཆེད་ཀྱི་འབྲེལ་བ་སྟོན་པ། གངས་/ཀྱི་/ཆུ་རྒྱུན། ལྟ་བུས་འབྱུང་ཁུངས་དང་བྱུང་ཆོས་ཀྱི་འབྲེལ་བ་སྟོན་པ། བདག་/གི་/མིག ལྟ་བུས་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་སྟོན་པ། ཕྱག་/གི་/ཕྲེང་བ། ལྟ་བུས་རྟེན་དང་བརྟེན་པའི་འབྲེལ་བ་སྟོན་པ། ནས་/ཀྱི་/ཆང་། ལྟ་བུས་རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་པ། གསེར་/གྱི་/རྣ་རྒྱན། ལྟ་བུས་གཞི་ཆོས་གཅིག་པའི་འབྲེལ་བ་སྟོན་པ། ཁང་བ/འི་/སྒེའུ་ཁུང་། ལྟ་བུས་ཆ་དང་ཆ་ཅན་གྱི་འབྲེལ་བ་སྟོན་པ། སྡོང་བོ/འི་/ཡལ་ག ལྟ་བུས་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་པ། ཁྲོ་བ/འི་/མེ་ལྕེ། ལྟ་བུས་དཔེ་དང་དཔེ་ཅན་གྱི་འབྲེལ་བ་སྟོན་པ། བྱ་བ་སྒྲུབ་པ/འི་/སྐབས། ཆར་ཆུ་མོད་པ/འི་/དུས། ལྟ་བུས་བྱ་བ་དང་ཚེ་སྐབས་ཀྱི་འབྲེལ་བ་སྟོན་པ། གཅོད་བྱེད་/ཀྱི་/སྟ་རེ། འགྲོ་ས/འི་/ཡུལ། ལྟ་བུས་ངོ་བོ་གཅིག་པའི་འབྲེལ་བ་སྟོན་པ་སོགས་བོད་སྐད་དུ་རྒྱ་ཆེར་འབྱུང་བ་གང་ཞིག འབྲེལ་གཞི་བརྗོད་པ་ཙམ་དུ་མ་ཡིན་ནོ། །
2、ཚིག་ཕྲད་གཞན་ཅན།
རི་རབ་/དང་/རྒྱ་མཚོ། མགོ་/ནས་/མཇུག་བར། གནའ་/ནས་/ད། ལ་སོགས་པའང་མིང་གི་ཚིག་གོ །དང་སྒྲ་དང་ལས་སྒྲ་སོགས་སྡུད་པའི་དོན་དུ་འཇུག་སྐབས། སྦྱར་གཞིའི་མིང་དང་བཅས་པ། མིང་གི་ཚིག་ཏུ་འདོད་དགོས་ཏེ། དཔེར་ན། ལུག་ཁྱུ་དང་/འདྲེས། ཐབས་གཅིག་ལས་/མེད། ལྟ་བུའོ། །ལུག་ཁྱུ་དང་ནོར་ཁྱུ་/འདྲེས། ལྟ་བུའི་དང་སྒྲས་ནི་ལུག་ཁྱུ་དང་ནོར་ཁྱུ་གཉིས་སོ་སོར་ཕྱེས་པ་ཙམ་ལས་དེ་གཉིས་ལ་གཙོ་ཕལ་གྱི་དབྱེ་བ་སོགས་ཅི་ཡང་མི་བྱ་བས་ན་འབྱེད་པའི་དོན་དུ་འཇུག་པ་ཡིན་ནོ། ། དོན་གྱི་ཆ་ནས་ཀྱང་།ལུག་ཁྱུ་དང་ནོར་ཁྱུ་གཉིས་ཀ འདྲེས་པའི་བྱ་བ་འདི་བྱེད་མཁན་ཡིན་ལ། ལས་ཀྱི་དངོས་པོའང་ཡིན། མ་ཟད་བྱ་བའི་ཡུལ་ཡང་ཡིན་དགོས་སོ། ། ལུག་ཁྱུ་དང་/འདྲེས། ཞེས་པའི་དུས་ན། ཚིག་ངོས་སུ་བལྟས་པ་ཙམ་གྱིས་དང་སྒྲ་འདི། མིང་དང་ལས་ཚིག་གི་བར་དུ་རྣམ་དབྱེའི་ཕྲད་ཇི་བཞིན་སྦྱར་ཡོད་པ་ལྟར་སྣང་ཡང་། དོན་དུ་ན། སྦྱར་གཞི་ལུག་ཁྱུ་ཁོ་ན་ལ་ཞུགས་ཏེ་འདྲེས་པ་པོ་གཞན་དེ་ཤུགས་སུ་བསྡུས་ཡོད་པས་ན་སྡུད་པའི་དོན་དུ་འཇུག་པ་ཡིན་ནོ། །ལུག་ཁྱུ་དང་ནོར་ཁྱུ་/འདྲེས་སོང་། ལུག་ཁྱུ་དང་/འདྲེས་སོང་། ལུག་ཁྱུ་ལ་/འདྲེས་སོང་། ལུག་ཁྱུ་/འདྲེས་སོང་། ཞེས་པའི་ཚིག་སྦྱོར་འདི་བཞི་བོ་ལ་སྒྲ་དོན་གཉིས་ཀའི་ཁྱད་པར་ཡོད་དེ། དང་པོས་ནི་འདྲེས་པའི་བྱ་བ་དེ་བྱེད་མཁན་སྟེ་ལུག་ཁྱུ་དང་ནོར་ཁྱུ་གཉིས་ཀར་གཙོ་ཕལ་གྱི་དབྱེ་བ་ཅི་ཡང་མེད་པར་ངང་གིས་མཉམ་དུ་འདྲེས་སོང་བའི་དོན་སྟོན་པའོ། ། གཉིས་པས་འདྲེ་བར་བྱ་བའི་ཆོས་གཞན་གང་ཞིག་སྐབས་བབས་ཀྱི་དོན་དང་འབྲེལ་བ་ཆུང་བས་ཤུགས་སུ་བསྡུས་པ་ཡིན་ནོ། ། གསུམ་པས་འདྲེ་བྱའམ་འདྲེ་བ་བོ་གང་ཞིག་ངང་གིས་ལུག་ཁྱུ་ལ་ཕར་འདྲེས་པའི་དོན་སྟོན་པས། ལུག་ཁྱུ་ནི་འདྲེས་པའི་བྱ་བ་དེའི་འཇུག་སའི་ཡུལ་ཡིན་ནོ། ། བཞི་བས། འདྲེ་བྱའམ་འདྲེ་བ་བོ་ལུག་ཁྱུ་གཉིས་སམ་དུ་མ་ངང་གིས་མཉམ་དུ་འདྲེས་པའི་དོན་སྟོན་པའོ། །
གཞན་ཡང་། དགོན་པ་ན་གྲྭ་བཙུན་གཅིག་ལས་/མེད། ལྟ་བུའི་ངག་གི་རྗོད་པ་འདིར་རྣམ་དབྱེ་གཉིས་ཡོད་པ་ལས། དང་པོ། དགོན་པ་/ན་/མེད། ཅེས་པ་ནི་རྣམ་དབྱེ་བདུན་པར་ངེས་ཤིང་། གྲྭ་བཙུན་གཅིག་ལས་/མེད། ཅེས་པའི་ཚིག་སྦྱོར་འདི་ནི། ཕྱིའི་གྲུབ་ལུགས་ཀྱི་ཆ་ནས་བཤད་ན། གྲྭ་བཙུན་གཅིག་ལ་ཕྲད་སྦྱར། དེ་ལ་ལས་ཚིག་སྦྱར་བའི་རྣམ་དབྱེའི་རྣམ་པར་སྣང་ཡང་། དོན་དུ། ལས་སྒྲ་ནི་གྲྭ་བཙུན་གཅིག་ཅེས་པའི་མིང་གི་ཚིག་ཁོ་ནའི་མཐར་སྦྱར་ཏེ། མེད་པའི་ལས་ཚིག་གིས་དགག་པར་བྱ་བའི་ཆོས་རྣམས་ཤུགས་སུ་བསྟན་པ་ཡིན་ནོ། ། ཡིན་ཏེ། མེད་པ་ནི་གྲྭ་བཙུན་གཅིག་པོ་དེ་མ་ཡིན་པར། དེ་ལས་ལོགས་པའི་ཆོས་རྣམས་ཡིན་ཏེ། གྲྭ་བཙུན་གཅིག་ནི་ཡོད་པའི་ཕྱིར་རོ། ། དེ་བས། གྲྭ་བཙུན་གཅིག་ལས་མེད། ཅེས་པའི་ཚིག་སྦྱོར་འདིའི་གྲུབ་ལུགས་ནི་འདི་ལྟ་སྟེ། གྲྭ་བཙུན་གཅིག་ལ་སྡུད་པའི་ཚིག་ཕྲད་ལས་སྒྲ་སྦྱར་བས་མིང་གི་ཚིག་གཞན་ཞིག་གྲུབ། དོན་ལ་གྲྭ་བཙུན་གཅིག་པོ་ལས་ལོགས་པའི་དགག་པར་བྱ་བའི་ཆོས་རྣམས་བསྟན་ཞིང་། དེ་ལ་ལས་ཚིག་སྦྱར་བས་རྣམ་དབྱེ་དང་པོ་བསྒྲུབས་པ་ཡིན་ནོ། ། དགོན་པ་ན་གྲྭ་བཙུན་གཅིག་ལས་མང་པོ་/མེད། ཅེས་པའམ། དགོན་པ་ན་གྲྭ་བཙུན་གཅིག་མ་གཏོགས་/མེད། ཅེས་པའམ། དགོན་པ་ན་གྲྭ་བཙུན་གཅིག་མ་གཏོགས་པའི་གཞན་/མེད། ལ་སོགས་པ་དོན་གཅིག་གོ །
བཞི། མཐའ་རྐྱེན་ཅན།
1、པ་བའི་མཐའ་ཅན།
པ་བ་གཉིས་ནི་མིང་རྐྱང་ངམ་མིང་གི་ཚིག་ཁོ་ནའི་མཐར་སྦྱར་ན། བདག་སྒྲའི་དོན་སྟོན་པ་ཡིན་ཏེ། དཔེར་ན། རི་ཁྲོད་/པ། མཚན་ཉིད་/པ། ལོ་རིམ་གསུམ་པ་/བ། ཨང་དང་པོ་/བ། ལྟ་བུའོ། ། འོན་ཀྱང་། མིང་མ་ཡིན་པའི་ཚིག་སྦྱོར་དག་གི་མཐར་སྦྱར་ན། དེ་དག་གི་བརྡ་སྤྲོད་པའི་ངོ་བོ་མིང་དུ་བསྒྱུར་བ་ལས་བདག་སྒྲའི་དོན་མ་ཡིན་ཏེ། དཔེར་ན། བསགས་པ/འི་རྒྱུ་ནོར། ལྟ་བུའི་པ་སྒྲ་ནི་ལས་ཚིག་གི་མཐར་སྦྱར་ཏེ་བསགས་པ་ཞེས་བྱ་བའི་མིང་བསྒྲུབས། དེ་དང་བསག་བྱ་རྒྱུ་ནོར་གཉིས་ཨི་ལྡན་གྱི་ཕྲད་ཀྱིས་སྦྲེལ་བས། བྱ་བ་དང་ལས་ཀྱི་དངོས་པོའི་འབྲེལ་བ་བརྗོད་པའི་མིང་གི་ཚིག་གྲུབ་པ་ཡིན་ནོ། ། དེ་བཞིན་དུ། བསགས་ཀྱང་མ་སོགས་པ/འི་སྡུག་བསྔལ། ལྟ་བུ་ལས་ཀྱི་ཚིག་གི་མཐར་སྦྱར་བ་དང་། ལྷ་སར་ཕེབས་པ/འི་སྐུ་མགྲོན། ལྟ་བུ་རྣམ་དབྱེའི་མཐར་སྦྱར་བ་དང་། སྤྱང་ཀིས་ལུ་གུ་ཞིག་བསད་པ་/ཀུན་གྱིས་མཐོང་ངོ་། ། ལྟ་བུ་ངག་གམ་རྗོད་པའི་མཐར་སྦྱར་སྟེ། སྦྱར་གཞི་དེ་དག་མིང་གི་ངོ་བོར་གྱུར་པ་ཡིན་ནོ། །
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན། ཞེས་པ་ནི་རྣམ་དབྱེའི་ཚིག་སྦྱོར། དེ་ལ་པ་མཐའ་སྦྱར་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། འཇིག་རྟེན་ལ་གྲགས་ཆེ་བས་ཤེར་ཕྱིན་ཞེས་མིང་དུ་གྱུར་པ་ཡིན་ནོ། །
པ་མཐའ་སྦྱར་བས་སྦྱར་གཞི་དག་མིང་གི་ངོ་བོར་གྱུར་ཡོད་པས། ད་གཟོད་དེ་དག་ལ་རྣམ་དབྱེའི་ཕྲད་ཀྱང་སྦྱར་རུང་བ་ཡིན་ཏེ། དཔེར་ན། ཁོང་གིས⑨གསུངས་པ་ལེགས་སོ།⑩ ཁོང་གིས་གསུངས་པར་འདོད། ཁོང་གིས་གསུངས་པས་མཚོན།ཁོང་གིས་གསུངས་པར་ཞུ་བ་ཕུལ།ཁོང་གིས་གསུངས་པ་ལས་གསལ་བར་ཤེས་སོ།ཁོང་གིས་གསུངས་པའི་ཆོ་ག་ཡིན་ནོ།ཁོང་གིས་གསུངས་པ་ལ་དོན་ཡོད་དོ། ། ལྟ་བུའོ། །
གཞན། དཔལ་/བཀྲ་ཤིས་ལྷུན་པོ། རྗེ་/ཙོང་ཁ་པ། ཤར་རྗེ་/སྐལ་ལྡན་རྒྱ་མཚོ། སྟོད་/མངའ་རིས། ལ་སོགས་པ་ནི་མིང་གི་ཐོག་མ་རུ་སྦྱར་བ་ཅན་ནོ། །
2、རྣམ་དབྱེ་གསལ་བྱེད་ཀྱི་སྒྲ།
སྡོང་བོ་གཅོད་/དུས། སྡོང་བོ་གཅོད་/སྐབས། སྡོང་བོ་གཅོད་/ཕྱིར། སྡོང་བོ་གཅོད་/ཚེ། སློབ་གྲྭར་འགྲོ་/ས། ཁོང་གིས་གསུང་/ཚུལ། ཁོང་གིས་ཧུར་བརྩོན་བྱེད་/ཚུལ། ཁོང་གིས་བྱ་བ་སྒྲུབ་/སྟངས། དགྲ་བོ་འགོག་/ཐབས། སྒོ་ཕྱེ་/མ་ཐག ལྟ་བུའོ། ། ཚིག་སྦྱོར་དེ་དག་གི་མཐར་སྦྱར་བའི་དུས་དང་། སྐབས་དང་། ཕྱིར་ལ་སོགས་པ་ནི་རྣམ་དབྱེ་གསལ་བྱེད་ཀྱི་སྒྲའོ། ། མ་ཟད། དེ་དག་མིང་རྐྱང་ཡང་ཡིན་པས་ན། སྡོང་བོ་གཅོད་པའི་དུས། སྡོང་བོ་གཅོད་པའི་སྐབས། སྡོང་བོ་གཅོད་པའི་ཕྱིར། ཞེས་མིང་གི་ཚིག་ཏུ་བསྒྲུབ་ཆོག་ལ། དེར་རྣམ་དབྱེའི་ཕྲད་ཀྱང་སྦྱར་རུང་སྟེ། སྡོང་བོ་གཅོད་པའི་དུས་སུ། སྡོང་བོ་གཅོད་པའི་སྐབས་སུ། སྡོང་བོ་གཅོད་པའི་ཕྱིར་དུ། ལྟ་བུའོ། ། གཞན་ཡང་། སྡོང་བོ་གཅོད་/བྱེད། འཁོར་ལོ་སྐོར་/མཁན། བྲག་རིའི་ངོས་སུ་རི་མོ་བརྐོ་/མཁན། ལྟ་བུའོ། ། ཚིག་སྦྱོར་གྱི་མཐར། བྱེད་དང་མཁན་སོགས་སྦྱར་བས་བྱེད་པ་དང་བྱེད་པོ་སྟོན་པའི་མིང་གི་ཚིག་ཏུ་གྲུབ་པ་ཡིན་ནོ། །
དེང་སྐབས། ཁོང་/གི་/གསུང་ཚུལ། ཁོང་/གི་/བྱ་བ་སྒྲུབ་སྟངས། ཞེས་འབྲེལ་སྒྲ་སྦྱོར་བ་ཤིན་ཏུ་མང་ཡང་། སྐད་རིགས་གཞན་པའི་བརྡ་སྤྲོད་ལ་ལད་ཟློས་བྱས་པའི་རྟགས་ཡིན་ནོ། ། ཁོང་ནི་གསུང་བ་དང་། སྒྲུབ་པ་ལ་སོགས་པའི་བྱེད་པོ་ཡིན་པས། བྱེད་སྒྲ་སྦྱར་ན་དོན་གསལ་ལ་གོ་བདེ་བ་ཡིན་གྱི། འབྲེལ་སྒྲས་ནི་དེ་ཙམ་མ་ཡིན་ནོ། ། ལྷའི་བུ/ས་/ཞུས་པའི་མདོ་ལས། ཞེས་ན་མ་གཏོགས། ལྷའི་བུ་/ཡི་/ཞུས་པའི་མདོ་ལས། ཞེས་སྔ་ན་མ་བྱུང་ངོ་། །
[青海省高端创新人才千人计划项目;青海省藏文信息处理与机器翻译重点实验室/藏文信息处理教育部重点实验室开放课题基金项目(2019Z001)]
དཔྱད་གཞིའི་ཡིག་ཆ།
[1] ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོ།
[2] པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
[3] དམུ་དགེ་བསམ་གཏན། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོ།
[4] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ།
[5] རྡོ་རྗེ་རྒྱལ་བོ། སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་བྱ་བ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ།
[6] འཇུ་མི་ཕམ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ།
[7] དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] མི་རིགས་དཔེ་སྐྲུན་ཁང་། 2008ལོ།
[8] ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
[9] མཁྱེན་རབ་འོད་གསལ། མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ།
[10] དུད་བླ་བུ་ཆུང་། བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] མི་རིགས་དཔེ་སྐྲུན་ཁང་།
2012ལོ།
[11] བསྟན་གོ བོད་སྐད་མིང་བརྡ་རིག་པ་ཞེས་བྱ་བ་བཞུགས་སོ། །
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
[12] ཞལ་ལྕེ་ལྷག་པ་ཚེ་རིང་། ས་པཎ་ཞིབ་འཇུག [M] མི་རིགས་དཔེ་སྐྲུན་ཁང་། 2015ལོ།
[13] ཚེ་དཔལ། དངོས་གྲུབ། བོད་ཀྱི་བརྡ་སྤྲོད་ལས་དགར་འབྱེད་སྡུད་གསུམ་ལ་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། 2016(3)
[14] ཚེ་དཔལ། དངོས་གྲུབ། ཚིག་སྦྱོར་གྱི་ཕྱིའི་གྲུབ་ཚུལ་ལས་རྣམ་དབྱེའི་ངོ་བོར་དཔྱད་པ། [J] བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ། 2016ལོ།
[15] 刘颖 计算语言学[M]清华大学出版社 2014
[16] 威廉•冯•洪堡特著 姚小平译 人类语言结构的差异及其对人类精神发展的影响[M]商务印书馆 1998
[17] 冯志伟 自然语言处理的形式模型[M]中国科学技术大学出版社 2010
[18] དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ།
④ ཚེ་དཔལ། དངོས་གྲུབ། བརྡ་སྤྲོད་པའི་ཚིག་རྣམ་དབྱེ་རྗོད་པ་གསུམ་གྱི་འབྲེལ་བ་ལ་རོབ་ཙམ་དཔྱད་པ། [J] མཚོ་སྔོན་སློབ་ཆེན་རིག་གཞུང་དུས་དེབ། 2018(3)
⑤ ཚེ་དཔལ། དངོས་གྲུབ། ཚིག་སྦྱོར་གྱི་ཕྱིའི་གྲུབ་ཚུལ་ལས་རྣམ་དབྱེའི་ངོ་བོར་དཔྱད་པ། [J] བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ། 2016(2)
⑥ ཞིབ་ཏུ་ཁོ་བོའི་ལས་ཚིག་གི་དབྱེ་བ་རྣམ་ལྔ་ཞེས་པའི་རྩོམ་དེར་གཟིགས་རོགས།
⑦ སི་ཏུའི་འགྲེལ་ཆེན་གྱི་མཆོག་གསུམ་ལ་སྐྱབས་སུ་ཤེས་ཞེས་པ་དཔེར་བྱས་པའོ། ། ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020
⑧ དྲན་པ་ཡེ་ཤེས་གྲགས་པ། སྨྲ་སྒོ་མཚོན་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2011
⑨ གསལ་བཤད། སྐབས་འདིའི་དཔེར་བརྗོད་དྲུག་པོའི་ནང་གི་ཁོང་གིས་ཅེས་པ་ནི་རྩོམ་པ་པོས་གཅིག་མཐུན་གྱི་ཆེད་དུ་སྦྱར་བ་ཡིན་ལ། ཚིག་དོན་དངོས་དང་མི་འགལ་ལོ་སྙམ་མོ། །
⑩ དྲི་མ་མེད་པའི་བཤེས་གཉེན། སྡེ་དགེའི་བསྟན་འགྱུར་པོད་བརྒྱ་ང་གཉིས་པ། སོ་སོར་ཐར་བའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། གློག་རྡུལ་པར་མའི་ཤོག་ངོས434པ།