ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་གསར་པ་སློབ་ཆུང་གི་ སྐད་ཡིག་ཚོགས་ཐུན་ལ་བེད་སྤྱོད་བྱེད་ཐབས།
བྱམས་པ་དབང་ཕྱུག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06
[གནད་བཏུས] རྩོམ་ཡིག་འདིའི་ནང་དུ་སློབ་གསོ་པ་ཚའེ་ལེན་སིན་གྱིས་སྲོལ་འབྱེད་གནང་བའི་སློབ་ཁྲིད་བྱེད་ཐབས་ཏེ། ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་གསར་པ་སློབ་ཆུང་གི་སྐད་ཡིག་ཚོགས་ཐུན་ལ་བེད་སྤྱོད་བྱེད་ཐབས་ལས་གཙོ་བོ་ཞིབ་ཀློག་ཚོགས་ཐུན་ལ་སྤྱོད་ཐབས་དང་རགས་ཀློག་ཚོགས་ཐུན་ལ་སྤྱོད་ཐབས། ཡི་གེ་ངོས་འཛིན་གྱི་ཚོགས་ཐུན་ལ་སྤྱོད་ཐབས་དང་རྩོམ་སྦྱོང་གི་ཚོགས་ཐུན་ལ་སྤྱོད་ཐབས། བཤད་འབྲིའི་ཚོགས་ཐུན་ལ་སྤྱོད་ཐབས་བཅས་ཞིབ་ཅིང་རྒྱས་པའི་སྒོ་ནས་ངོ་སྤྲོད་བྱས་ཡོད།
[གནད་ཚིག] ལྟ་ཁྲིད་སྦྱོང་གསུམ། སྐད་ཡིག་ཚོགས་ཐུན། སྡུར་བ་ཐེངས་འགའ། ལག་ལེན།
སྡུར་བ་ཐེངས་འགའི་རྗེས་སུ། ཚོགས་ཐོག་སྦྱོང་བརྡར་བྱེད་པ།
སློབ་ཆུང་སློབ་མར་སྐད་ཡིག་ལ་རང་སྦྱོང་བྱེད་པའི་ནུས་པ་ཡོད་དེ། ལོ་རིམ་དང་པོའི་སློབ་མར་མཚོན་ནའང་། སློབ་ཆུང་ལ་མ་ཞུགས་སྔོན་ནས་སྐད་ཆ་བཤད་ཤེས་པ་དང་། རྒྱུན་སྤྱོད་ཀྱི་ཡི་གེ་ཉུང་ཙམ་ངོས་ཟིན་པ། སྒྲ་སྦྱོར་གྱི་ཡི་གེ་ལ་བརྟེན་ནས་སློབ་ཚན་ཕལ་ཆེར་ཀློག་ཐུབ་པ་དང་དོན་གོ་བའི་ཚད་དུ་ཡོད་པས། སློབ་ཆུང་སྐད་ཡིག་གི་སློབ་ཁྲིད་སྐབས་སུ་ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་བེད་སྤྱོད་བྱེད་ཆོག འོན་ཀྱང་། སློབ་ཆུང་ལོ་རིམ་དང་པོར་མཚོན་ན། སློབ་མ་དག་གིས་བྱིས་སྙོར་ཁང་ནས་སྒྲ་སྦྱོར་གྱི་ཡི་གེ་ཤེས་ཡོད་མེད་དང་། ཐ་སྙད་གསར་པ་ག་ཚོད་ངོས་ཟིན་ཡོད་པར་རྒྱུས་ལོན་གསལ་བོ་བྱེད་དགོས། གཞན་བྱིས་སྙོར་ཁང་གི་ཁྲིད་ཐབས་དང་སློབ་ཆུང་ལོ་རིམ་དང་པོའི་ཁྲིད་ཐབས་བར་གྱི་འབྲེལ་མཚམས་ལ་མཉམ་འཇོག་ནན་མོ་བྱེད་དགོས། འདི་ལྟར་བྱས་ན། དོན་དངོས་དང་མཐུན་ཞིང་ལས་ཆོད་ལྡན་པའི་སྒོ་ནས་ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་བེད་སྤྱོད་བྱེད་པར་ཕན་ཐོགས་ཆེ།
གཡོང་ཝེ་སློབ་ཆུང་གི་དགེ་རྒན་རྣམས་ཀྱིས་ལྟ་ཁྲིད་སྦྱོང་གསུམ་གྱི་རིམ་པ་གཙོ་བོ་གསུམ་ནི་སྡུར་བ་འགའི་རྣམ་པར་བསྒྱུར་ཡོད་ལ། དེ་ནི་དཔེ་ཀློག་འགྲན་སྡུར་དང་ཡིག་གཟུགས་འགྲན་སྡུར། བློ་འབྲི་འགྲན་སྡུར་དང་གཏམ་བཤད་འགྲན་སྡུར་བཅས་བྱས་རྗེས། མཐར་ལས་བྱ་ཚོགས་ཐོག་ནས་འགྲུབ་མིན་ལ་འགྲན་སྡུར་བྱེད་རྒྱུ་དེ་ཡིན། ཚོགས་ཐུན་གཅིག་ལ་སྡུར་བ་ཐེངས་ག་ཚོད་ཡོད་ནའང་། སྡུར་བ་ཐེངས་རེ་ནི་ལྟ་ཁྲིད་ཐེངས་རེ་ཡིན། འདི་ལྟར་བྱས་ན་སློབ་མའི་སློབ་སྦྱོང་ནི་འགྲན་སྡུར་གྱི་བྱེད་སྒོ་ཞིག་དང་འདྲ་ལ། དགེ་རྒན་གྱིས་འགྲན་ཐེངས་རེ་རེར་དཔྱད་འཇོག་རེ་རེ་བྱེད་དགོས། འོན་ཀྱང་། བསླབ་དེབ་དང་བསླབ་ཚན་མི་འདྲ་བའི་སྐབས་སུ་ཁྲིད་ཐབས་ལ་འགྱུར་བ་ཕྲན་ཙམ་འབྱུང་སྲིད།
སློབ་ཆུང་གི་སྐད་ཡིག་ལ་སྡུར་བ་ཐེངས་འགའི་ལམ་ནས་ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་བེད་སྤྱོད་བྱེད་ཐབས་དང་དམའ་འབྲིང་གི་སྐད་ཡིག་ལ་ལྟ་ཁྲིད་ཐེངས་འགའི་རྗེས་སུ་ཚོགས་ཐོག་སྦྱོང་བརྡར་བྱེད་ཐབས་གཉིས་ནི་གཅིག་མཚུངས་ཡིན།
ཞིབ་ཀློག་ཚོགས་ཐུན་ལ་སྤྱོད་ཐབས།འཁྲིད་བྱའི་ཁ་བྱང་འབྲི་བ།
འཁྲིད་བྱའི་ཁ་བྱང་འབྲི་བ།
ཚོགས་ཐུན་འཚོགས་རྗེས། དགེ་རྒན་གྱིས་སློབ་མར་སྤྲོ་སྣང་དང་སྦྱང་འདོད་ཀྱི་འདུན་པ་སློང་བའི་ཚིག་རེ་གཉིས(ཚིག་འགྲོས་དལ་བ། ཁ་བྱང་དང་འབྲེལ་བ་ཡོད་པ། ཚིག་ཉུང་དོན་འདུས།) བཤད་ནས་སློབ་ཚན་གསར་པར་འཇུག་ཞོར་འཁྲིད་བྱའི་ཁ་བྱང་བྲི་ཆོག་ལ། ཡང་ན་དགེ་རྒན་གྱིས་ངག་ནས་ཁ་བྱང་འདོན་ཞོར་དང་ལག་གིས་འབྲི་ཞོར་བྱས་ཀྱང་ཆོག སློབ་ཆུང་གི་ལོ་རིམ་དམའ་མོ་ལ་ཁྲིད་དུས་དགེ་རྒན་གྱིས་ཡི་གེའི་འབྲི་རིམ་འདོན་ཞོར་དུ་འཁྲིད་བྱའི་ཁ་བྱང་སྒོ་སམ་ངོས་སུ་བྲིས་ནས་སློབ་མའི་བློ་ལ་ངེས་སུ་འཇུག་དགོས། ཁ་བྱང་འབྲི་བའི་སྐབས་སུ་ཡི་གེའི་ཆེ་ཆུང་ཚད་དང་རན་ཞིང་འབྲི་རིམ་ཡང་དག་པ་དང་། མགོ་རྐང་འགྲིག་ཅིང་དོ་མཉམ་པའི་སྒོ་ནས་སྒོ་སམ་གྱི་དཀྱིལ་དབུས་སུ་འབྲི་དགོས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་འཁྲིད་བྱའི་ཁ་བྱང་ཡག་པོ་འབྲི་བར་འབད་དགོས།
དམིགས་ཚད་འཇོག་པ།
འཁྲིད་བྱའི་ཁ་བྱང་བྲིས་རྗེས། དགེ་རྒན་གྱིས་སྒོ་སམ་གྱི་འཆར་ངོས་བརྒྱུད་ནས་སློབ་མ་རྣམས་ལ་སློབ་སྦྱོང་གི་དམིགས་ཚད་བསྟན་ཏེ། དམིགས་ཚད་གསལ་བོར་ཤེས་སུ་བཅུག་ནས་སློབ་སྦྱོང་གི་ལས་ཆོད་མཐོར་འདེགས་གཏོང་དགོས་ཤིང་། སློབ་ཆུང་གི་ལོ་རིམ་དམའ་མོའི་དགེ་རྒན་གྱིས་སློབ་སྦྱོང་གི་དམིགས་ཚད་ངག་ཐོག་ནས་བཤད་ན་འོས་འཚམ་ཡིན།ལག་ལེན་བྱེད་ཐབས་གཙོ་བོ།སློབ་སྦྱོང་གི་དམིགས་ཚད་གསལ་བོར་མཐོང་ཆེད་དུ་སྒོ་སམ་གྱི་འཆར་ངོས་ཀྱི་ཡི་གེའི་བྲིས་ཡག་དགོས་ལ། ཡིག་གཟུགས་ཆུང་མི་རུང་བ་དང་བཀྲག་མདངས་ཆེ་བའི་རི་མོ་སོགས་སྤྱོད་མི་རུང་།དམིགས་ཚད་ཀྱི་ནང་དོན་ལ་ཤེས་བྱ་རྟོགས་པ་དང་ནུས་པ་སྐྱེད་སྲིང་། ཡིད་འགྱུར་དང་རིན་ཐང་ལྟ་བ་བཅས་ཀྱི་སྐོར་འདུ་ཞིང་། དམིགས་ཚད་གསལ་བོ་འཇོག་དགོས་ཏེ། དམིགས་ཚད་འཇོག་པའི་སྐབས་བསླབ་དེབ་དང་བསླབ་ཚན་གྱི་ཚད་གཞི་གཞིར་འཛིན་དགོས་པ་ལས་གང་འདོད་དུ་དམིགས་ཚད་ཇེ་དམའ་རུ་གཏོང་མི་རུང་། དཔེར་ན་སྤྱོད་ཐུབ་དགོས་པའི་ཤེས་བྱ་གང་ཞིག་ཚོགས་ཐོག་ནས་བེད་སྤྱོད་ཐུབ་དགོས་པ་ལས་གང་འདོད་དུ་ཤེས་དགོས་པ་ཙམ་གྱི་ཚད་དུ་མར་དབབ་མི་རུང་། ཡང་གང་འདོད་དུ་དམིགས་ཚད་ཇེ་མཐོ་ལའང་གཏང་མི་རུང་སྟེ། དཔེར་ན། ཤེས་དགོས་པ་དང་རྒྱུས་ལོན་དགོས་པའི་ཤེས་བྱ་གང་ཞིག་ལ་སྤྱོད་ཐུབ་དགོས་པའི་རེ་འདུན་འདོན་མི་རུང་ལ། བེད་སྤྱོད་ཤེས་དགོས་པའི་ནང་དོན་དང་རྒྱུས་ལོན་བྱེད་དགོས་པའི་ནང་དོན་གཏན་ནས་གོ་ལྡོག་མི་རུང་།
སློབ་སྦྱོང་གི་དམིགས་ཚད་ལ་ཞིབ་ཆ་ལྡན་ཞིང་ཚིག་ཉུང་དོན་གསལ་ཡིན་པ་དང་། སྐུལ་སློང་གི་རང་བཞིན་ལྡན་དགོས། དམིགས་ཚད་སྟོན་པའི་དུས་ཚོད་འོས་འཚམ་ཡིན་དགོས་ཏེ། སྒོ་སམ་གྱི་འཆར་ངོས་སུ་ཡོད་པའི་སློབ་སྦྱོང་གི་དམིགས་ཚད་མྱུར་མོར་གཞན་དུ་བརྗེས་ན་སློབ་མས་གསལ་བོ་མཐོང་མི་ཐུབ་ལ། དགེ་རྒན་གྱིས་སྤྲོ་སྣང་ལྡན་པའི་སྒོ་ནས་དམིགས་ཚད་ལ་རྒྱུས་ལོན་གསལ་བོ་བྱེད་པར་མཛུབ་སྟོན་བྱེད་པ་ལས་འབྲེལ་མེད་ཀྱི་སྐད་ཆ་བཤད་མི་རུང་།
རང་སྦྱོང་མཛུབ་སྟོན།
སློབ་ཁྲིད་ཀྱི་དམིགས་ཚད་བསྟན་རྗེས། དགེ་རྒན་གྱིས་རང་སྦྱོང་ལ་མཛུབ་སྟོན་ནན་མོ་གནང་དགོས་ལ། རང་སྦྱོང་མཛུབ་སྟོན་གྱི་ནང་དོན་སྒོ་སམ་གྱི་འཆར་ངོས་བརྒྱུད་ནས་འཆར་དུ་འཇུག་དགོས། དེ་ལྟར་བྱས་ན་དུས་ཚོད་གྲོན་ཆུང་བྱེད་ཐུབ་པ་དང་སློབ་མས་བལྟས་མ་ཐག་ཏུ་རྟོགས་སླ། འོན་ཀྱང་། སློབ་ཆུང་གི་ལོ་རིམ་དམའ་མོའི་དགེ་རྒན་གྱིས་ངག་ཐོག་ནས་བཤད་ན་འོས་འཚམ་ཡིན། རང་སྦྱོང་མཛུབ་སྟོན་གྱི་དམིགས་ཡུལ་ནི་སློབ་མའི་སེམས་སུ་རང་སྦྱོང་གི་སྦྱང་བྱ་དང་སྦྱོང་ཐབས། སྦྱོང་ཡུན་དང་སྦྱོང་ཚད(རང་སྦྱོང་གི་རྗེས་སུ་ཚད་ལེན་ཚུལ)བཅས་བཞི་བོ་ངེས་སུ་འཇུག་རྒྱུ་དེ་ཡིན།
ལག་ལེན་བྱེད་ཐབས་གཙོ་བོ།
སྐད་ཡིག་སློབ་ཐུན་ལ་དུས་རྒྱུན་སྡུར་བ་ཐེངས་འགའ་དང་ཡང་ན་ལྟ་ཁྲིད་ཐེངས་འགའི་ཁྲིད་ཐབས་བེད་སྤྱོད་བྱེད་དགོས་པས། རང་སྦྱོང་མཛུབ་སྟོན་ནི་སློབ་སྦྱོང་གི་དམིགས་ཚད་བསྟན་རྗེས་མཉམ་གཅིག་ཏུ་སྟོན་རྒྱུ་མིན་པར། ལྟ་བ་ཐེངས་རེའི་སྔོན་ལ་རང་སྦྱོང་མཛུབ་སྟོན་ཐེངས་རེ་སྟོན་དགོས། རང་སྦྱོང་མཛུབ་སྟོན་རེ་རེའི་དུས་ཡུན་ཤིན་ཏུ་ཐུང་བས་ཚིག་ཉུང་ལ་དོན་གསལ་བ། དམིགས་ཡུལ་དང་ལྡན་པ་ཞིག་ཡིན་དགོས། གཤམ་གསལ་གྱི་རང་སྦྱོང་མཛུབ་སྟོན་གྱི་ལག་ལེན་བྱེད་ཐབས་ནི་རང་སྦྱོང་མཛུབ་སྟོན་ཐེངས་འགའི་གོ་རིམ་ཁྲོད་ཀྱི་གཟབ་བྱའང་ཡིན།
སྦྱང་བྱ། སློབ་མས་གཙོ་གནད་གཞིར་བཟུང་ནས་ཤེས་བྱ་གསར་པ་སློབ་པར་མཛུབ་སྟོན་བྱེད་དགོས།
སློབ་སྦྱོང་གི་དམིགས་ཚད་ལ་གཞིགས་ནས་བསམ་གཞིག་གི་དྲི་གཞི་བཀོད་སྒྲིག་གང་ལེགས་བྱེད་དགོས་ཏེ། བསམ་གཞིག་གི་དྲི་གཞི་ནི་སློབ་མའི་རང་སྦྱོང་གི་ཐབས་ལམ་དང་འབྲས་བུ་ལ་འབྲེལ་བ་ཟབ་མོ་ཡོད། རང་སྦྱོང་མཛུབ་སྟོན་གྱི་ནང་དུ་རྒྱུན་པར་བསམ་གཞིག་གི་དྲི་གཞི་ཡོད། དེ་ལ་སྤྱིར་བཏང་དུ་སློབ་ཚན་གྱི་རྗེས་སུ་བཀོད་ཡོད་པའི་དྲི་གཞི་དག་བཀོལ་སྤྱོད་བྱེད་ཀྱང་དེར་ཁ་གསབ་ཀྱང་བྱས་ཆོག ཁྱད་པར་དུ་སློབ་མར་རང་གྲུབ་ཚན་པ་དང་ཚན་པ་རེ་རེ་བཞིན་བཀླག་ཏུ་འཇུག་དགོས། སྤྱིར་བསམ་གཞིག་གི་དྲི་གཞི་མང་མི་རུང་སྟེ།(ཚོགས་ཐུན་གཅིག་ལ་དྲི་གཞི་གཉིས་དང་གསུམ་ཙམ)མང་དྲགས་ན་དྲི་བའི་སློབ་ཐུན་ལ་འགྱུར་འགྲོ། བསམ་གཞིག་གི་དྲི་གཞི་ཚད་དང་རན་དགོས་ལ། ཞིབ་ཆ་ཡོད་པ་དང་། བློ་འབྱེད་ཀྱི་རང་བཞིན་ལྡན་དགོས་ལ། སློབ་མས་སློབ་ཚན་གྱི་ནང་དོན་དང་ཤེས་བྱ་གསར་པ་རྟོགས་སླ་བ། ཆོས་ཉིད་རྙེད་ཐུབ་པ། ཤེས་བྱ་གསར་པ་བཀོལ་ནས་དངོས་ཡོད་གནད་དོན་ཐག་གཅོད་ཐུབ་པ་ཞིག་ཀྱང་ཡིན་དགོས།
སྦྱོང་ཐབས། ཐབས་གང་ལེགས་ཀྱིས་སྦྱང་དགོས་ཏེ། སྤྱིར་བཏང་དུ་སློབ་མ་རང་གཅིག་པུས་དཔེ་ཆར་ལྟ་བ་དང་བསམ་གཞིག་གཏོང་དགོས་ཀྱང་། དོགས་གཞི་ཡོད་ན་དཔེ་ཆའི་ངོས་སུ་རྟགས་འགོད་པ་དང་དོགས་གཞི་དང་འབྲེལ་བའི་དྲི་བ་དྲིས་ཆོག འོན་ཀྱང་དཔེ་ཆར་ལྟ་ཞོར་དང་བགྲོ་གླེང་བྱེད་ཞོར་བྱེད་མི་རུང་།
སྦྱོང་ཡུན། རང་སྦྱོང་གི་དུས་ཡུན་རིང་མི་རུང་སྟེ། སློབ་མར་རིག་པ་བསྒྲིམས་ནས་རང་སྦྱོང་གི་འགན་ཁུར་མགྱོགས་མྱུར་ངང་འགྲུབ་ཏུ་འཇུག་དགོས། དེ་བཞིན་དུ་རང་སྦྱོང་གི་དུས་ཡུན་ཐུང་ཡང་མི་རུང་བར། སློབ་མར་ནན་ཏན་གྱིས་དཔེ་ཆར་བལྟ་བ་དང་བསམ་གཞིག་གཏོང་བའི་ཁོམ་པ་སྟེར་དགོས། དཔེ་ཆར་ལྟ་བ་ནི་སྦྱོང་བརྡར་དང་དག་བཅོས། བགྲོ་གླེང་དང་ཚོགས་ཐོག་ཏུ་ལས་བྱ་འགྲུབ་པ་བཅས་ཀྱི་སྔོན་འགྲོ་ཡིན་པས། དཔེ་ཆར་ལྟ་དུས་ནན་ཏན་བྱེད་དགོས་ལ་བསླབ་པ་དོན་དང་ལྡན་དགོས།
སྦྱོང་ཚད། སློབ་མས་ནན་ཏན་གྱིས་དཔེ་ཆར་བལྟ་བར་སྐུལ་མ་གཏང་དགོས་ཏེ། དཔེར་ན། སུས་རང་སྦྱོང་བྱས་པ་བཟང་བ་དང་ཚད་ལེན་དྲི་གཞིར་ལན་བཏབ་པ་འགྲིག་མིན་ལ་འགྲན་སྡུར་བྱེད་པ་ལྟ་བུའོ། །(འོན་ཀྱང་།
ཚད་ལེན་དྲི་གཞི་ནི་རང་སྦྱོང་མཛུབ་སྟོན་གྱི་སྐབས་སུ་བསྟན་མི་རུང་བར། ངེས་པར་དུ་དཔེ་ཆར་བལྟས་ཚར་རྗེས་བསྟན་དགོས། དེ་ལས་ལྡོག་ན་སློབ་མས་ནན་ཏན་གྱིས་དཔེ་ཆར་བལྟ་བར་གནོད་པ་ཡོད།)འདི་ལྟར་བྱས་ན་རང་སྦྱོང་ནི་ཚད་མ་བླངས་པའི་སྔོན་གྱི་གྲ་སྒྲིག་ལ་འགྱུར་ཐུབ་པ་དང་དཔེ་ཆ་ཀློག་དུས་ནན་ཏན་གྱིས་བསམ་གཞིག་གཏོང་བར་ཕན་པ་ཡོད།
དགེ་རྒན་ནི་རྣམ་རིག་བཀྲ་ཞིང་ཡ་རབས་ཚུལ་ལྡན་ཞིག་ཡིན་དགོས།(ཤུགས་ཆེན་པོས་ཐལ་མོ་རྡེབ་པ་དང་སྒོ་སམ་དང་མདུན་ཅོག་བརྡུང་མི་རུང) སྐད་ཆ་བཤད་པ་ཚིག་ཉུང་དོན་འདུས་དང་གོ་རིམ་ལྡན་པ། སྐད་གདངས་གསལ་བོ་བཅས་ཡིན་དགོས་ལ། སློབ་མར་བཅངས་པའི་ཡིད་ཆེས་དང་ཐུགས་ཁུར་མངོན་ཐུབ་དགོས།
དཔེ་ཀློག་འགྲན་སྡུར། ལྟ་ཁྲིད་དང་པོ།
ལྟ་བ།
སྒྲ་ལ་མཉན་པ་དང་སྦྱངས་འབྲས་ཞན་པའི་སློབ་མ་དག་གི་མིང་བོས་ནས་རེས་མོས་སློབ་ཚན་ཀློག་འདོན་བྱེད་དགོས་པ་དང། སློབ་མ་ཕལ་ཆེ་བར་ཀློག་འདོན་གྱི་གོ་སྐབས་སྟེར་དགོས། ཀློག་འདོན་སྐབས་མི་རེས་ཚིག་གཤར་ཐུང་ཐུང་རེ་ཀློག་པ་ལས། མི་རེས་ཚན་པ་གཅིག་རེ་ལྟ་བུ་ཀློག་འདོན་བྱས་ནས་སློབ་གྲོགས་གཞན་པ་རྣམས་ལ་རྣམ་གཡེང་གི་གོ་སྐབས་སྟེར་མི་ཉན།
ཁྲིད་པ།
དགེ་རྒན་གྱིས་སློབ་གྲོགས་གཞན་ལ་ནན་ཏན་གྱིས་མཉན་དུ་བཅུག་ནས་འདོན་ནོར་བྱས་པའི་ཡི་གེར་དག་བཅོས་བྱེད་དུ་བཅུག་སྟེ། དགེ་རྒན་གྱིས་སྒོ་སམ་ངོས་སུ་ཡི་གེའི་སྒྲ་གདངས་དག་མོར་བྲིས་པས་ཆོག གལ་ཏེ། སློབ་མས་འདོན་ནོར་བྱས་པར་སློབ་གྲོགས་གཞན་པས་དག་བཅོས་བྱེད་མ་ཐུབ་ན་ད་གཟོད་དགེ་རྒན་གྱིས་འགྲེལ་བཤད་གནང་དགོས།
ཡི་གེའི་སྒྲ་གདངས་དང་འབྲི་སྟངས། ནང་དོན་བཅས་ཟུང་འབྲེལ་གང་ལེགས་བྱས་ཏེ་སློབ་ཚན་གྱི་ནང་དོན་གོང་འོག་འབྲེལ་ཆགས་པའི་སྒོ་ནས་མིང་དང་ཚིག་གི་གོ་བ་ལེན་པར་མཉམ་འཇོག་དགོས་པ་ལས། ནེ་ཙོས་མ་ཎི་འདོན་པ་ལྟར་བྱེད་མི་རུང་།
ཡིག་གཟུགས་འགྲན་སྡུར། ལྟ་ཁྲིད་གཉིས་པ།
སྒོ་སམ་གྱི་འཆར་ངོས་སུ་སློབ་ཚན་གྱི་མཇུག་ཏུ་བཀོད་པའི་ཐ་སྙད་གསར་པ་རྣམས་འཆར་དུ་བཅུག་ནས། སློབ་མ་རྣམས་ལ་ཡི་གེའི་འབྲི་སྟངས་ལ་དབྱེ་ཞིབ་བྱེད་དུ་འཇུག་དགོས།
དེ་ནས་སློབ་མ་རྣམས་ལ་ཡི་གེ་འབྲི་རུ་འཇུག་དགོས།
དེ་རྗེས་ཉན་འབྲི་བྱེད་དགོས།
ཚན་པ་བགོ་ཐབས་འགྲན་པ། ལྟ་ཁྲིད་གསུམ་པ།
ཐབས་དང་པོ། སློབ་མ་རྣམས་ལ་རང་སྦྱོང་མཛུབ་སྟོན་གཞིར་བཟུང་ནས་སློབ་ཚན་འདོན་ཞོར་དུ་ཚན་པ་བགོ་ཞོར་དང་ཚན་པ་རེ་རེའི་བསྟན་དོན་འབྲི་ཞོར་བྱེད་པའི་རེ་འདུན་འདོན་དགོས། ཡང་ན་ལོ་རིམ་བར་མའི་སློབ་མ་དག་གིས་སྒྲིག་གཞིར་རྙོག་འཛིང་ཆེ་བའི་སློབ་ཚན་སློབ་སྐབས། དགེ་རྒན་གྱིས་སྒོ་སམ་གྱི་འཆར་ངོས་བརྒྱུད་ནས་ཚན་པ་རེ་རེའི་བསྟན་དོན་སྟོན་པ་དང་།
སློབ་མས་ཚན་པ་རེ་རེའི་བསྟན་དོན་གཞིར་བཟུང་ནས་སློབ་ཚན་ལ་ཚན་པ་བགོ་ཆོག སྐར་མ་འགའི་རྗེས་སུ་བགྲོ་གླེང་བྱེད་དགོས་ཏེ། གཅིག ཚན་པ་བགོ་སྟངས་འགྲིག་མིན་ལ་བལྟ་དགོས། གལ་ཏེ་བགོ་སྟངས་མི་འདྲ་བ་བྱུང་ན་སློབ་མར་དེའི་ཐད་ནས་རང་གི་ལྟ་ཚུལ་དང་རྒྱུ་མཚན་བཤད་དུ་འཇུག་དགོས་ལ། ཡང་ན་ཚན་པའི་བསྟན་དོན་ཕྱོགས་བསྡུས་བྱས་པ་འགྲིག་མིན(ཚིག་ཉུང་ལ་ཡང་དག་པ)ལ་ལྟ་བ་ལྟ་བུའོ། ། གཉིས། སློབ་ཚན་གྱི་ཚན་པ་སོ་སོའི་འབྲེལ་བ་དང་རྩོམ་གྱི་གོ་རིམ་ཤེས་སུ་འཇུག་དགོས། སྔོན་ལ་ཅི་ཞིག་འབྲི་བ་དང་རྗེས་སུ་ཅི་ཞིག་འབྲི་བ་ཤེས་དགོས་པ་མ་ཟད། གཅིག་ཤེས་ཀུན་གྲོལ་ལྟར་བེད་སྤྱོད་གཏོང་ཐབས་ཀྱི་སྐོར་ཡང་བཤད་ཤེས་དགོས།
ཐབས་གཉིས་པ། སློབ་མ་རེའི་མིང་གིས་བོས་ཏེ་སློབ་ཚན་གྱི་རང་གྲུབ་ཚན་པ་གཅིག་ཀློག་ཏུ་འཇུག་པ་དང་། སྒོ་སམ་གྱི་འཆར་ངོས་སུ་ཤར་ཡོད་པའི་ནང་དོན་ལ་བལྟ་རུ་བཅུག་ནས། སློབ་མ་རྣམས་ཀྱིས་རང་གྲུབ་ཚན་པ་དེའི་མིང་དང་ཚིག་གཙོ་བོར་འགྲེལ་བཤད་ཐུབ་པར་བློ་སྒོ་འབྱེད་དགོས་ལ། ཚིག་རྒྱན་བཀོལ་སྟངས་ཀྱང་བཤད་དུ་འཇུག་དགོས། ཡང་ན་ཚན་པ་དེ་དང་འབྲེལ་བའི་བསམ་གཞིག་གི་དྲི་གཞིར་ལན་གདབ་ཏུ་འཇུག་པ་དང་། དེ་ནས་སློབ་མ་རྣམས་ཀྱིས་ཚན་པ་དེའི་བརྗོད་བྱ་གཙོ་བོ་ཕྱོགས་བསྡུས་བྱེད་པར་བློ་སྒོ་འབྱེད་དགོས། དེ་ནས་གོ་རིམ་བཞིན། སློབ་མ་རེའི་མིང་གིས་བོས་ཏེ་སློབ་ཚན་གྱི་ཚན་པ་རྗེས་མ་ཀློག་ཏུ་འཇུག་པ་དང་། སྒོ་སམ་གྱི་འཆར་ངོས་སུ་ཤར་ཡོད་པའི་ནང་དོན་ལ་བལྟ་རུ་བཅུག་ནས། སློབ་མ་རྣམས་ཀྱིས་རང་གྲུབ་ཚན་པ་དེའི་མིང་དང་ཚིག་གཙོ་བོར་འགྲེལ་བཤད་ཐུབ་པར་བློ་སྒོ་འབྱེད་དགོས་ལ། ཚིག་རྒྱན་བཀོལ་སྟངས་བཤད་དུ་འཇུག་དགོས། ཡང་ན་ཚན་པ་དེ་དང་འབྲེལ་བའི་བསམ་གཞིག་གི་དྲི་གཞིར་ལན་གདབ་ཏུ་འཇུག་པ་དང་། དེ་ནས་སློབ་མ་རྣམས་ཀྱིས་ཚན་པ་དེའི་བརྗོད་བྱ་གཙོ་བོ་ཕྱོགས་བསྡུས་བྱེད་པར་བློ་སྒོ་འབྱེད་དགོས། འདི་ལྟར། ཚན་པ་བགོས་ནས་རེ་རེ་བཞིན་ཀློག་པ་དང་བགྲོ་གླེང་བྱེད་པ། བརྗོད་བྱ་གཙོ་བོ་ཕྱོགས་བསྡུས་བྱེད་པ་སོགས་བརྒྱུད་དེ་སློབ་ཚན་ཧྲིལ་བོ་ཀློག་ཐུབ་པ་དང་དོན་རྟོགས་རྗེས་ད་གཟོད་སློབ་ཚན་ཧྲིལ་བོའི་ཚན་པ་ཇི་ལྟར་དགར་རྒྱུ་དང་། འབྲི་ཐབས་ཀྱི་གོ་རིམ་ཅི་འདྲ་ཡིན་པ། ཚན་པ་སོ་སོར་འབྲེལ་བ་ཅི་འདྲ་ཡོད་པ་སོགས་ལ་བགྲོ་གླེང་བྱེད་དགོས། འདི་ལྟར་ཐོག་མར་ཚན་པ་དག་སོ་སོར་འབྱེད་པ་དང་དེ་ནས་ཕྱོགས་གཅིག་ཏུ་སྡུད་པའི་རིམ་པ་ནི། སློབ་མས་སློབ་ཚན་གྱི་ནང་དོན་གསལ་བོར་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་སློབ་ཚན་གྱི་ནང་དོན་ཅུང་རིང་བོ་ཡིན་ན། སློབ་མ་རེ་ལ་ཐོག་མར་རང་གྲུབ་ཚན་པ་ཁ་ཤས་ཀློག་ཏུ་བཅུག་ནས་བགྲོ་གླེང་བྱེད་དུ་འཇུག་པ་དང་། དེ་ནས་ཡང་རང་གྲུབ་ཚན་པ་ཁ་ཤས་བཀླགས་རྗེས་ཡང་བགྲོ་གླེང་བྱེད་དུ་འཇུག་དགོས།
སློབ་ཆུང་སློབ་མ་དང་ཁྱད་པར་དུ་སློབ་ཆུང་གི་ལོ་རིམ་བར་མའི་ཀློག་འདོན་སློབ་ཁྲིད་ཀྱི་སྐབས་སུ། སློབ་མའི་རྨང་གཞི་ལ་གཞིགས་ནས་ཚན་པ་བགོ་བར་མཛུབ་སྟོན་བྱེད་དགོས་། དཔེར་ན། སློབ་འབྲིང་སྐབས་ཀྱི་སློབ་ཚན་ཧྲིལ་བོར་ཚན་པ་བགོ་རུ་འཇུག་པ་དང་ཚན་དོན་བགོ་བའི་ཐབས་སོགས་བེད་སྤྱད་ཆོག་ལ། ཡང་དཔེར་ན། སྔོན་ལ་རང་གྲུབ་ཚན་པ་རེ་རེ་བཞིན་བལྟ་བ་དང་མཇུག་མཐར་ཕྱོགས་སྡོམ་བྱས་ཀྱང་ཆོག འདི་ལྟར་སློབ་ཚན་སློབ་པ་ཆ་ཤས་རེ་རེ་ནས་ཆ་ཚང་དུ་འགྱུར་བའི་གོ་རིམ་ནི་སློབ་མས་སློབ་ཚན་གྱི་ནང་དོན་གསལ་བོར་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད། སློབ་ཆུང་གི་ལོ་རིམ་དམའ་མོའི་སློབ་ཚན་ཐུང་བ་དང་རང་གྲུབ་ཚན་པ་ཉུང་བས་སློབ་ཚན་ལ་ཚན་པ་མ་བགོས་ཀྱང་ཆོག
ཐབས་ལམ་གང་ཞིག་སྤྱད་ཀྱང་ཆོག་མོད། གཙོ་བོ་ཚན་པ་བགོ་བ་ནི་སློབ་མས་སློབ་ཚན་གྱི་ནང་དོན་ཆ་ཚང་རྟོགས་པའི་རྨང་གཞིའི་སྟེང་ལག་བསྟར་བྱེད་དགོས། གལ་ཏེ་སློབ་ཐུན་དང་པོའི་སྐབས་སུ་སློབ་མས་ཀློག་འདོན་གྱི་སྒྲ་ལ་ཉན་ནའང་། སློབ་ཚན་གྱི་ནང་དོན་གསལ་བོ་མ་རྟོགས་སྔོན་ནས་ཚན་པ་བགོ་རུ་བཅུག་ན་མགོ་མ་ཚོས་གོང་ལ་ལྕེ་མི་ཚོས་པ་བཞིན་སློབ་ཚན་ལ་གོ་བ་ལེན་དཀའ།
གཏམ་བཤད་འགྲན་སྡུར། ལྟ་ཁྲིད་བཞི་བ། སློབ་ཚན་གྱི་ནང་དོན་དང་འབྲི་ཐབས་ལ་རྒྱུས་ལོན་བྱེད་པ།
སློབ་མས་དཔེ་ཀློག་དང་བསམ་གཞིག གྲ་སྒྲིག་བཅས་བྱས་ཚར་རྗེས། དགེ་རྒན་གྱི་སྣེ་སྟོན་འོག་དྲི་བར་ལན་འདེབས་པ་དང་བགྲོ་གླེང་བྱེད་དགོས།
ལག་ལེན་བྱེད་ཐབས་གཙོ་བོ།
བགྲོ་གླེང་བྱ་ཡུལ་ནི་སློབ་ཚན་གྱི་གཙོ་གནད་དང་དཀའ་གནད་ཡིན་དགོས་ལ། དགེ་རྒན་གྱིས་བློ་ཞིབ་མོས་གཏམ་བཤད་ཀྱི་བརྗོད་གཞི་བཀོད་སྒྲིག་བྱེད་དགོས། དཔེར་ན། ཚན་པ་རེ་རེ་བཞིན་ཀློག་པ་དང་བགྲོ་གླེང་བྱེད་པ། དེ་ནས་ནང་དོན་ཕྱོགས་བསྡུས་བྱེད་པ་དང་།
ཡང་ན་སློབ་ཚན་ཧྲིལ་བོ་མཉམ་དུ་ཀློག་པ་དང་དེ་ནས་དྲི་བར་ལན་འདེབས་པ་གང་ཡིན་ཡང་། དགེ་རྒན་གྱིས་བློ་ཞིབ་མོས་བསམ་གཞིག་གི་དྲི་གཞི་བཀོད་སྒྲིག་བྱེད་དགོས། དཔེར་ན། མེ་ཏོག་གི་ཆུ་ཚོད་ཅེས་པའི་སློབ་ཚན་ཁྲིད་སྐབས། སློབ་ཐུན་གཉིས་པར་སློབ་མ་རྣམས་ཀྱིས་ཚན་པ་དང་པོ་ཀློག་པ་དང་དེ་ལ་བགྲོ་གླེང་བྱེད་པར་སྐར་མ་ལྔ་དྲུག་ཙམ་བེད་སྤྱད་ནས་གནད་དོན་གསུམ་ལ་ལན་གདབ་ཏུ་འཇུག་དགོས། གཅིག མེ་ཏོག་རིགས་མི་འདྲ་བ་དགུའི་འདབ་མ་གྲོལ་བའི་དུས་ཚོད་མཚོན་པའི་ཚིག་ལ་འགྲེལ་བ་བྱེད་དུ་འཇུག་དགོས།(མེ་ཏོག་གང་ཞིག་ཆུ་ཚོད་དུའི་སྟེང་ལ་སྐྱེ་ལྟ་བུ) གཉིས། ཚིག་རྒྱན་བཀོལ་སྟངས་ཅི་འདྲ་ཡིན་པ་དང་།(རབ་བཏགས་དང་ཕྲེང་བའི་ཚིག་རྒྱན་ལྟ་བུ)དེ་ལ་ཕན་ནུས་ཅི་འདྲ་ལྡན་པ་བཤད་དུ་འཇུག་པ།(གསོན་ཉམས་ལྡན་པའི་སྣང་བརྙན་མཚོན་པ་ལྟ་བུ)གསུམ། ཚན་པ་དང་པོ་མཉམ་ཀློག་བྱེད་དུ་བཅུག་ནས་དེའི་བརྗོད་དོན་བཤད་དུ་འཇུག་པ།(མེ་ཏོག་རིགས་སོ་སོའི་འདབ་མ་གྲོལ་བའི་དུས་ཚོད་མི་འདྲ་བ)སྐབས་འདིར། དགེ་རྒན་གྱིས་གང་འདོད་དུ་དྲི་བ་སྣ་ཚོགས་དྲིས་ནས་དུས་ཚོད་འཕྲོ་བརླག་བྱ་མི་རུང་།
བགྲོ་གླེང་གི་གོ་རིམ་ནི། གཏན་ཚིགས་ཀྱི་རིམ་པ་ལྟར་རེ་རེ་བཞིན་བགྲོ་གླེང་བྱེད་དགོས་ཤིང་། ཁྱད་པར་དུ་བྱེ་བྲག་ནས་སྤྱི་ལ་ཁ་ཕྱོགས་པའི་གོ་རིམ་བཞིན་བགྲོ་གླེང་བྱས་རྗེས་ལག་ལེན་ལ་མཛུབ་སྟོན་བྱེད་དགོས།
དགེ་རྒན་གྱི་འཁྲིད་བྱ་ནི། སློབ་མས་རྟོགས་ཟིན་པ་རྣམས་དགེ་རྒན་གྱིས་གཏན་ནས་མི་ཁྲིད་པ་དང་། སློབ་མ་ཚང་མས་མི་ཤེས་པ་རྣམས་འཕྲལ་མར་གསལ་བོར་ཁྲིད་དགོས་པ་ལས། མི་ཁྲིད་པའམ་གསལ་བོར་མི་ཁྲིད་པ་ལྟ་བུ་བྱེད་མི་རུང་།
འཛིན་སྐྱོར་འགྲན་སྡུར། ལྟ་ཁྲིད་ལྔ་བ།
སློབ་མ་རང་གིས་བློར་འཛིན་པ། སློབ་གྲོགས་ཕན་ཚུན་གྱི་ས་ནས་བློར་འཛིན་རེས་བྱེད་པ་དང་། དགེ་རྒན་གྱིས་མིང་བོས་ནས་བློར་འཛིན་དུ་འཇུག་པ་བཅས་བྱས་ཏེ། ནང་དོན་གསལ་བོ་མི་ཤེས་པ་རྣམས་ཡང་དང་བསྐྱར་དུ་བཀླགས་ནས་བློ་ལ་ངེས་པར་བྱ་དགོས།
ཚོགས་ཐོག་ཏུ་ལས་བྱ་འབྲི་བའི་འགྲན་སྡུར།
ཐ་སྙད་གསར་པ་བློ་འབྲི་བྱེད་པ་དང་སློབ་ཚན་གྱི་མཇུག་གི་སྦྱང་གཞི་འགྲུབ་པར་བྱེད་དགོས།
སྤྱིར་བཏང་དུ་གོང་གི་ལྟ་ཁྲིད་དང་པོ་དང་གཉིས་པ་ནི་སློབ་ཐུན་དང་པོའི་སྐབས་དང་། ལྟ་ཁྲིད་གཞན་དག་ནི་སློབ་ཐུན་གཉིས་པའི་སྐབས་སུ་ལག་ལེན་བྱེད་ཀྱིན་ཡོད། གལ་ཏེ་སློབ་ཚན་ལ་ཤོག་ངོས་མང་བ་དང་མིང་དང་ཐ་སྙད་གསར་པ་དང་དེ་མིན་གྱི་ཤེས་བྱ་གསར་པའང་ཅུང་མང་ཞིང་སློབ་ཐུན་གཉིས་བེད་སྤྱོད་དགོས་པའི་སྐབས་སུ། སློབ་ཐུན་དང་པོར་གཙོ་བོར་མིང་དང་ཐ་སྙད་ངོས་འཛིན་དང་སློབ་ཚན་ཐོགས་པ་མེད་པར་ཀློག་ཐུབ་པ། ཐ་སྙད་གསར་པ་བློ་འབྲི་བྱེད་ཐུབ་པ་བཅས་བྱེད་དགོས་པ་དང་། སློབ་ཐུན་གཉིས་པའི་སྐབས་སུ་ལྟ་ཁྲིད་གསུམ་པ་དང་བཞི་བ་ལག་ལེན་བྱེད་དགོས།
མདོར་ན་སློབ་ཚན་གཅིག་ལ་སློབ་ཐུན་ཅི་ཙམ་བཀོལ་དགོས་ཀྱང་སློབ་ཁྲིད་ཀྱི་རིམ་པ་རེ་རེ་ལ་ཐོག་མར་སློབ་མས་ལྟ་བ་དང་དེ་ནས་ཁྲིད་ཐབས་བེད་སྤྱོད་བྱས་རྗེས། མཇུག་མཐར་ཚོགས་ཐོག་སྦྱོང་བརྡར་བྱེད་དགོས། དེ་མིན་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ཀློག་འདོན་གཙོ་བོར་འཛིན་དགོས་ཤིང་། འགྲན་སྡུར་ཚང་མ་སློབ་མས་ནན་ཏན་གྱིས་དཔེ་ཆ་བཀླགས་པའི་རྨང་གཞིའི་སྟེང་ལག་བསྟར་བྱེད་དགོས་སོ། །
རགས་ཀློག་ཚོགས་ཐུན་ལ་སྤྱོད་ཐབས།
སྐད་ཡིག་གི་རགས་ཀློག་ཚོགས་ཐུན་ནང་སློབ་མས་ཞིབ་ཀློག་ཚོགས་ཐུན་སྐབས། བསླབས་ཟིན་པའི་ཀློག་འདོན་གྱི་ཤེས་བྱ་དང་ནུས་རྩལ་བཀོལ་སྤྱོད་བྱེད་པའི་ནུས་པར་ཉམས་ཞིབ་བྱེད་དགོས་ལ། དེ་ནི་ཚོགས་ཐུན་གཅིག་གི་རིང་ལ་ལེགས་འགྲུབ་འབྱུང་ཐུབ་ཅིང་།
ཚོགས་ཐུན་འདིར་སློབ་མས་རང་ལྕག་གིས་དཔེ་ཀློག་དང་བསམ་གཞིག སྦྱོང་བརྡར། བགྲོ་གླེང་བཅས་བྱེད་པར་སྐུལ་སློང་གནང་རྒྱུ་གལ་ཆེ།
འཁྲིད་བྱའི་ཁ་བྱང་འབྲི་བ།(མདོར་བསྡུས་ཡིན་དགོས)
དམིགས་ཚད་འཇོག་པ།(མདོར་བསྡུས་ཡིན་དགོས)
ཀློག་འདོན་འགྲན་སྡུར། སློབ་མ་རེའི་མིང་གིས་བོས་ནས་ཀློག་ཏུ་འཇུག་པ་དང་ཀློག་མ་དག་ན་ཚང་མས་དག་བཅོས་བྱེད་དགོས།
དྲིས་ལན་འགྲན་སྡུར།
སློབ་མས་སློབ་ཚན་ནན་ཏན་གྱིས་བཀླག་དགོས་པ་དང་། སྒོ་སམ་གྱི་འཆར་ངོས་ཀྱི་ནང་དོན་ལ་བལྟས་ནས་བསམ་གཞིག་བཏང་རྗེས་བགྲོ་གླེང་བྱེད་དགོས་ཏེ། དཔེར་ན། རྩོམ་གྱི་ནང་དུ་ཅི་ཞིག་བྲིས་ཡོད་པ། ཐོག་མར་ཅི་ཞིག་བྲིས་ཡོད་པ་དང་མཐའ་མར་ཅི་ཞིག་བྲིས་ཡོད་པ་ལྟ་བུ་དང་།(རྩོམ་གྱི་འབྲི་རིམ་གསལ་བོར་རྟོགས་དགོས)སློབ་ཚན་ཁྲོད་ཀྱི་ཆེས་དགའ་སའི་ཚན་པ་གང་ཡིན་པ་དང་དགའ་བའི་རྒྱུ་མཚན་ཅི་ཡིན་པ། རྩོམ་གྱི་ནང་དུ་འབྲི་ཐབས་དང་ཚིག་རྒྱན་གང་དག་བེད་སྤྱོད་བྱས་ཡོད་པ་དང་། རང་གིས་རྩོམ་ཡིག་འབྲི་སྐབས་ཚིག་རྒྱན་བེད་སྤྱོད་བྱེད་ཐབས་བཅས་ལ་བགྲོ་གླེང་བྱེད་དགོས།(དགེ་རྒན་གྱིས་དགོས་མཁོ་ལྟར་དྲི་གཞི་བཀོད་སྒྲིག་བྱེད་དགོས)
ལྟ་བ། སློབ་མས་དཔེ་ཆར་ལྟ་ཞོར་དུ་བསམ་གཞིག་བཏང་ནས་དྲིས་ལན་འཚོལ་དགོས།
ཁྲིད་པ། དགེ་རྒན་གྱི་སྣེ་སྟོན་འོག་སློབ་མས་དྲི་བ་རེ་རེར་ལན་འདེབས་པ་དང་བགྲོ་གླེང་བྱེད་དགོས།
འཛིན་སྐྱོར་འགྲན་སྡུར། སློབ་ཚན་ལས་ཚན་པ་ཡག་ཤོས་ཤིག་བློར་འཛིན་པ།
ཚོགས་ཐོག་སྦྱོང་བརྡར།
བསླབ་དེབ་གཞིར་བཟུང་ནས་ཤེས་བྱའི་གཙོ་གནད་ལྟར་སྦྱང་གཞི་བཀོད་སྒྲིག་བྱེད་པ་དང་། ཡང་ན་སྦྱང་གཞི་ལྷན་ཐབས་སྟེང་གི་སྦྱང་གཞི་འབྲི་དགོས།
ལོ་རིམ་དམའ་མོའི་ཡི་གེ་ངོས་འཛིན་གྱི་ཚོགས་ཐུན་ལ་སྤྱོད་ཐབས།
ལོ་རིམ་དམའ་མོའི་ཡི་གེ་ངོས་འཛིན་གྱི་ཚོགས་ཐུན་ལ་མཚོན་ནའང་། སྡུར་བ་ཐེངས་འགའི་ཁྲིད་ཐབས་བཀོལ་སྤྱོད་བྱས་ཆོག
འཁྲིད་བྱའི་ཁ་བྱང་འབྲི་བ།
དམིགས་ཚད་འཇོག་པ། དགེ་རྒན་གྱིས་ཁ་གསལ་གོ་བདེ་དང་སྐུལ་སློང་རང་བཞིན་ལྡན་པའི་སྐད་ཆར་བརྟེན་ནས་བཤད་དགོས།
རང་སྦྱོང་མཛུབ་སྟོན། དགེ་རྒན་གྱིས་ཁ་གསལ་གོ་བདེ་དང་སྐུལ་སློང་རང་བཞིན་ལྡན་པའི་སྐད་ཆ་ལ་བརྟེན་ནས། སློབ་ཁྲིད་ཀྱི་རིམ་པ་རེ་རེའི་སྔོན་ལ་སློབ་མར་རང་སྦྱོང་གི་སྦྱང་བྱ་དང་སྦྱོང་ཐབས། སྦྱོང་ཡུན་དང་སྦྱོང་ཚད་བཅས་བཤད་དགོས།
ཀློག་འདོན་འགྲན་སྡུར། ལྟ་ཁྲིད་དང་པོ།
ལྟ་བ། སློབ་མ་རེའི་མིང་གིས་བོས་ཏེ་ཀློག་ཏུ་འཇུག་དགོས་ཤིང་། སློབ་མ་རེས་ཚིག་གཤར་རེ་གཉིས་ལས་མི་བཀླག་པར་སློབ་མ་མང་ཕྱོགས་ལ་ཀློག་འདོན་གྱི་གོ་སྐབས་སྟེར་དགོས།
ཁྲིད་པ། སློབ་གྲོགས་གཞན་པས་ནན་ཏན་གྱིས་མཉན་དགོས་པ་དང་འདོན་ནོར་བྱུང་ན་འཕྲལ་མར་དག་བཅོས་བྱེད་དགོས་ལ། དགེ་རྒན་གྱིས་ཡི་གེའི་སྒྲ་གདངས་དག་མོར་པང་བྲིས་བྱེད་དགོས། སྒྲ་གདངས་ནོར་བའི་ཡི་གེར་དག་བཅོས་བྱེད་པར་སློབ་མས་སློབ་མར་ཁྲིད་པ་དང་སློབ་མ་རེའི་མིང་གིས་བོས་ཏེ་ཀློག་ཏུ་འཇུག་དགོས་ཤིང་། དགེ་རྒན་གྱིས་ཡི་གེའི་སྒྲ་གདངས་དག་མོར་པང་བྲིས་བྱེད་པ་ཙམ་ལས་དོན་སྙིང་མེད་པའི་སྐད་ཆ་མང་པོ་བཤད་མི་རུང་ལ། ར་མགོ་ལུག་སྦྱར་དང་དུས་ཚོད་ཆུད་ཟོས་སུ་གཏོང་བ། ལས་ཆོད་མེད་པའི་སྐར་མ་རྒྱག་པ་དང་ཀློག་འདོན་ལ་བར་ཆད་སོགས་གཏན་ནས་བྱེད་མི་རུང་། དེ་ནས་སློབ་མ་རེའི་མིང་གིས་བོས་ཏེ་རང་གྲུབ་ཚན་པ་རེ་གཉིས་ཀློག་ཏུ་འཇུག་དགོས་པ་དང་། སློབ་མ་རྣམས་ལ་སྒོ་སམ་གྱི་འཆར་ངོས་བརྒྱུད་ནས་ཐ་སྙད་ཁ་ཤས་བསྟན་དགོས་པ་དང་སྒྲ་སྦྱོར་ཡི་གེར་བརྟེན་ནས་ཐ་སྙད་དེ་དག་ཀློག་ཏུ་འཇུག་དགོས། (སློབ་ཚན་ནང་གི་ཡི་གེ་ངོས་འཛིན་དང་ཟུང་འབྲེལ་བྱས་ཏེ་ཡི་གེ་ངོས་ཟིན་པར་རྨང་གཞི་བཟང་པོ་འཇོག་དགོས)
གྱེར་འདོན་འགྲན་སྡུར། ལྟ་ཁྲིད་གཉིས་པ།
ལྟ་བ། སློབ་ཚན་ཀློག་དུས་སྒྲ་གདངས་དག་ཅིང་ཐོགས་པ་མེད་པར་ཀློག་ཐུབ་པའི་བླང་བྱ་འདོན་དགོས།
ཁྲིད་པ། སློབ་མ་རེའི་མིང་གིས་བོས་ཏེ་ཀློག་ཏུ་འཇུག་དགོས་པ་དང་སྒྲ་གདངས་དག་མོ་མིན་ན་སློབ་གྲོགས་གཞན་པས་དག་བཅོས་བྱེད་དགོས། གལ་ཏེ་ཚིག་དང་བརྗོད་པ་དཀའ་མོ་ཡོད་ན། ཐོག་མར་དགེ་རྒན་གྱིས་བཀླག་དགོས་ལ་དེ་ནས་སློབ་མས་ཀློག་པ་གཙོ་བོར་འཛིན་དགོས།
ཡིག་གཟུགས་འགྲན་སྡུར། ལྟ་ཁྲིད་གསུམ་པ།
ལྟ་བ། སློབ་མས་ནན་ཏན་གྱིས་སློབ་ཚན་གྱི་མཇུག་གི་ཐ་སྙད་གསར་པ་དང་། སྒོ་སམ་གྱི་འཆར་ངོས་སུ་ཡོད་པའི་ཐ་སྙད་གསར་པ་ལ་བལྟས་ནས། ཡི་གེའི་འབྲི་རིམ་དང་གྲུབ་ཚུལ་ལ་མཉམ་འཇོག་བྱས་རྗེས་དེ་ལྟར་འབྲི་དགོས་ལ། མཇུག་མཐར་སློབ་མ་གཉིས་དང་གསུམ་གྱིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ཚང་མར་སྟོན་དགོས།
ཁྲིད་པ། དགེ་སློབ་གཉི་གས་དཔྱད་གླེང་བྱེད་དགོས་ཏེ། སློབ་མས་འབྲི་མི་ཤེས་པའི་ཡི་གེ་ནི་དགེ་རྒན་གྱིས་ཡང་དག་པར་འབྲི་དགོས།
ཚོགས་ཐོག་ནས་ལས་བྱ་འགྲུབ་མིན་ལ་འགྲན་སྡུར་བྱེད་པ།
སློབ་མས་ནན་ཏན་གྱིས་འབྲི་དེབ་ངོས་སུ་ཡིག་གཟུགས་སྦྱང་དགོས་ཏེ། གལ་ཏེ་བྲི་བྱའི་ཡི་གེ་མང་ན། ཚོགས་ཐུན་དང་པོར་ཁ་ཤས་བྲིས་ནས་ལྷག་མ་རྣམས་ཚོགས་ཐུན་གཉིས་པར་བྲི་ཆོག
ལག་ལེན་བྱེད་ཐབས་གཙོ་བོ། འབྲི་རིམ་ཡང་དག་དང་ཡིག་གཟུགས་ཡག་པོ་འབྲི་བར་མཛུབ་སྟོན་ནན་མོ་བྱེད་དགོས་ཏེ། ཡི་གེའི་འབྲི་རིམ་དང་གྲུབ་ཚུལ། ཆེ་ཆུང་སོགས་ཚད་དང་རན་དགོས།
སློབ་ཆུང་གི་སྐད་ཡིག་ཚོགས་ཐུན་མང་ཆེ་བར་སྡུར་བ་འགའི་ཁྲིད་ཐབས་བཀོལ་གྱིན་ཡོད་ནའང་།
ཚོགས་ཐུན་ལ་ལར་ལྟ་ཁྲིད་ཐེངས་གཅིག་དང་། ཡང་ན་མཉམ་དུ་ལྟ་བ་དང་མཉམ་དུ་ཁྲིད་པ། དེ་ནས་ཚོགས་ཐོག་སྦྱོང་བརྡར་བྱེད་པའི་ཁྲིད་ཐབས་བཀོལ་བའང་ཡོད་དོ། །
སློབ་ཆུང་གི་ལོ་རིམ་མཐོན་པོའི་རྩོམ་འབྲིའི་མཛུབ་སྟོན་ཚོགས་ཐུན།
དགེ་རྒན་གྱིས་འཁྲིད་བྱའི་ཁ་བྱང་བྲིས་རྗེས་སློབ་མར་རྩོམ་ཡིག་འབྲི་སྦྱོང་གི་གསལ་འདེབས་བཀླག་པར་མཛུབ་སྟོན་བྱས་ཏེ། རྩོམ་ཡིག་འབྲི་སྦྱོང་གི་ནང་དོན་དང་རེ་འདུན་གསལ་བོར་ཤེས་སུ་འཇུག་དགོས། སློབ་མ་རང་གིས་བརྗོད་བྱ་འདེམ་པ་དང་རྩོམ་གྱི་སྤྱི་ཁོག་བྲིས་རྗེས། རྩོམ་གྱི་སྤྱི་ཁོག་ལ་བགྲོ་གླེང་བྱེད་དགོས་ཏེ། སློབ་མར་རང་གིས་བྲིས་པའི་རྩོམ་གྱི་སྤྱི་ཁོག་ཀློག་ཏུ་འཇུག་དགོས་པ(ཡང་ན་སྒོ་སམ་གྱི་འཆར་ངོས་སུ་འཆར་དུ་འཇུག་དགོས)དང་། སློབ་མས་སློབ་མར་ཁྲིད་པའི་ཐབས་ལམ་བརྒྱུད་ནས་དཔྱད་གླེང་བྱེད་དགོས་ལ། དགེ་རྒན་གྱིས་བརྗོད་བྱ་བདམ་པ་དང་བསམ་གཞིག་གཏོང་སྟངས་ཀྱི་མི་འདང་སར་མཛུབ་སྟོན་བྱས་ནས། མཇུག་མཐར་རྩོམ་ཡིག་བཤུ་འབྲི་བྱས་ཏེ་ཚོགས་ཐོག་ནས་ལས་བྱ་འགྲུབ་པར་བྱེད་དགོས།
སློབ་ཆུང་གི་ལོ་རིམ་མཐོན་པོ་དང་བར་མའི་རྩོམ་ཡིག་དཔྱད་འཇོག་གི་ཚོགས་ཐུན།
ཐོག་མར་སྒོ་སམ་གྱི་འཆར་ངོས་བརྒྱུད་ནས་དཔྱད་གཞི་བསྟན་དགོས་ཏེ། དེའི་ནང་དོན་ནི་རྩོམ་ཡིག་ཆ་ཚང་དང་ཡང་ན་ཚན་པ་གཅིག་ཡིན་ཡང་ཆོག དཔེ་མཚོན་རང་བཞིན་ལྡན་དགོས་པ་གཙོ་བོ་ཡིན།(དཔེར་ན་ཆེས་བཟང་པོའམ་ཆེས་ངན་པ) སློབ་མ་རྣམས་ཀྱིས་དཔྱད་གཞིར་བལྟས་རྗེས་བསམ་གཞིག་བཏང་ནས་་དཔྱད་འཇོག་བྱེད་པར་གྲ་སྒྲིག་བྱེད་དགོས་ལ། དགེ་རྒན་གྱིས་སློབ་མའི་བགྲོ་གླེང(གཤིབ་བསྡུར། ཕྱོགས་བསྡུས།)ལ་སྣེ་ཁྲིད་དང་ཕྱོགས་སྡོམ་དང་། ཐབས་ལམ་བཏོན་ནས་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་རྩོམ་འབྲིའི་ལས་བྱ་འགྲུབ་པར་བྱེད་དགོས།(རྩོམ་ཡིག་ལ་དག་བཅོས་དང་རྩོམ་ཡིག་འབྲི་བར་སྦྱོང་བརྡར་བྱེད་པ་ལྟ་བུ)
སློབ་ཆུང་ལོ་རིམ་དམའ་མོའི་བཤད་འབྲིའི་མཛུབ་སྟོན་ཚོགས་ཐུན།
འཁྲིད་བྱའི་ཁ་བྱང་འབྲི་བ།
ནང་དོན། ནང་དོན་ནི་སྐད་ཡིག་གི་ལྡུམ་ར་ཞེས་པ་ལས་ཕལ་སྐད་ཀྱི་འབྲེལ་འདྲིས་ཞེས་པ་ཡིན་ལ། དེ་ནི་རང་གི་འཚོ་བའི་ཁྲོད་བྱུང་བའི་དོན་དག་གང་རུང་ཞིག་བདམས་རྗེས། དེའི་ཁྲོད་ཀྱི་མི་དང་དངོས་པོ། ཡུལ་ལྗོངས་དང་རི་མོ་སོགས་ལ་ལྟ་ཞིབ་བྱས་ནས། དེའི་སྣང་བརྙན་གསར་རྩོམ་བྱེད་དགོས།(སློབ་མས་འཁྲབ་སྟོན་བྱེད་པ་དང་ཡང་ན་བརྙན་ཡོལ་བརྒྱུད་ནས་འབྲེལ་ཡོད་ཀྱི་འཁྲབ་གཞུང་སྟོན་པ་ལྟ་བུ)
གཏམ་བཤད་མཛུབ་སྟོན། སློབ་མར་ནང་དོན་དང་ཐབས་ལམ། བླང་བྱ་བཅས་ཤེས་སུ་འཇུག་དགོས་ཏེ། དཔེར་ན། དགེ་རྒན་གྱིས་སློབ་གྲོགས་རྣམ་པ། ཐོག་མར་ང་ཚོས་མཉམ་དུ་འཁྲབ་སྟོན་ཐུང་ཐུང་ཞིག་ལ་བལྟ། འཁྲབ་སྟོན་ཐུང་ཐུང་འདི་ལ་བལྟས་རྗེས་སློབ་གྲོགས་ཚོས་འདིའི་ནང་གི་གཏམ་རྒྱུད་སློབ་གྲོགས་གཞན་ལ་བཤད་ཤེས་དགོས་པར་མ་ཟད། ད་དུང་ཁྱོད་རང་གི་ལྟ་ཚུལ་དང་མྱོང་སྣང་ཡང་བཤད་ཤེས་ལ་འབྲི་ཡང་ཤེས་དགོས་པས། སློབ་གྲོགས་ཚོས་འཁྲབ་སྟོན་ལ་ལྟ་ཞོར་དང་ཉན་ཞོར། བསམ་གཞིག་གཏོང་ཞོར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ཡིན་ཞེས་བཤད་དགོས།
གཏམ་བཤད་སྔོན་གྱི་གྲ་སྒྲིག སློབ་མས་ཉན་པ། ལྟ་བ། བསམ་གཞིག་གཏོང་བ་བཅས་ལྟ་ཞིབ་དང་། ཉེ་འཁོར་གྱི་དོན་དག་ལ་ཕྱིར་དྲན་སོགས་བྱེད་དགོས།
གཏམ་བཤད་འགྲན་སྡུར། གཏམ་བཤད་ལ་ཞིབ་ཆ་ལྡན་ཞིང་ཁ་གསལ་བོ་དང་། གོ་རིམ་ལྡན་དགོས་པའི་བླང་བྱ་བཏོན་ནས་གཞན་གྱིས་གོ་སླ་བར་བྱེད་དགོས།
སློབ་མའི་དཔྱད་འཇོག་ལ་མཛུབ་སྟོན་བྱེད་པ། དཔེར་ན། གཏམ་བཤད་ཀྱི་གོ་རིམ་ཁྲོད་གང་ཞིག་བཤད་པ་བཟང་བ་དང་གང་ཞིག་བཤད་པ་དེ་འདྲ་མི་བཟང་བ། དེའི་རྒྱུ་མཚན་ཅི་ཡིན་པ་དང་ཇི་ལྟར་བཤད་ཐབས་སོགས་ལ་མཛུབ་སྟོན་བྱེད་དགོས།
དཔོད་འབྲིའི་མཛུབ་སྟོན། སྐད་ཆ་ཡི་གེར་ཕབ་པའི་སྐབས་སུ་ཚིག་སྦྱོར་བདེ་ཞིང་ཞིབ་ཆ་ལྡན་པ་དང་།
ནང་དོན་ཁ་ཚང་ཞིང་ཡིག་གཟུགས་ཡག་པ་བཅས་ཀྱི་བླང་བྱ་འདོན་དགོས་ལ། ཡིག་ནོར་འབྲི་མི་རུང་བས། འབྲི་མི་ཤེས་པའི་ཡི་གེ་ཡོད་ན་སློབ་གྲོགས་དང་དགེ་རྒན་ལ་འདྲི་ཆོག་ལ། སྒྲ་སྦྱོར་ཡི་གེ་འབྲི་བ་དང་སྟབས་བདེའི་རྟགས་འགོད་པ་སོགས་ཀྱང་བྱ་ཆོག
སློབ་ཆུང་ལོ་རིམ་དམའ་མོའི་དཔོད་འབྲིའི་དཔྱད་འཇོག་ཚོགས་ཐུན།
ཐོག་མར་སྒོ་སམ་གྱི་འཆར་ངོས་སུ་དཔྱད་གཞིའི་ནང་དོན་དང་རེ་འདུན་འཆར་དུ་འཇུག་དགོས།(ཡང་ན་སློབ་མ་རེའི་མིང་གིས་བོས་ནས་ཀློག་ཏུ་འཇུག་དགོས)དེ་ནི་སློབ་མས་བྲིས་པའི་ཚབ་མཚོན་རང་བཞིན་ལྡན་པའི(བཟང་པོ་དང་ངན་པ) རྩོམ་ཡིག་ཡིན་དགོས་ལ། དགེ་རྒན་གྱིས་སློབ་མ་དག་ལ་ཚིག་སྦྱོར་བདེ་མིན་དང་ནང་དོན་གསལ་མིན། ནང་དོན་ཆ་ཚང་མིན་དང་ཞིབ་ཆ་ལྡན་མིན། བྲིས་དག་མིན་དང་རྟགས་བཀོད་པ་འགྲིག་མིན་སོགས་ཀྱི་ཐད་ནས་རེ་རེ་བཞིན་དཔྱད་འཇོག་བྱེད་པར་མཛུབ་སྟོན་བྱས་རྗེས་ཕྱོགས་སྡོམ་བྱེད་དགོས་ཤིང་།
སློབ་མས་རང་གི་རྩོམ་ཡིག་ལ་དག་བཅོས་བྱེད་པ་དང་འབྲེལ་ཡོད་ཀྱི་ཤེས་བྱ་ལ་སྦྱོང་བརྡར་བྱེད་དགོས།
ལྟ་ཁྲིད་ཀྱི་རིམ་པ་གང་ཞིག་ཡིན་ནའང་། ངེས་པར་དུ་སློབ་མའི་རང་སྦྱོང་དང་མཉམ་སྦྱོང་། རྩད་ཞིབ་རང་བཞིན་གྱི་སློབ་སྦྱོང་བཅས་ཀྱི་རྩ་དོན་སྲུང་དགོས་ལ། དགེ་རྒན་གྱིས་བྱམས་བརྩེ་དང་ལྷག་བསམ། སྤྲོ་སྣང་བཅས་ལ་བརྟེན་ཏེ་མཚམས་སྦྱོར་དང་མཛུབ་སྟོན།
དཔྱད་འཇོག་བཅས་ཀྱི་སྐད་ཆ་འོས་ཤིང་འཚམ་པ་བཀོལ་ནས། སློབ་མས་རིག་པ་བསྒྲིམས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱེད་དགོས།
གཞན་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཀ་ཇེ་བཟང་ལ་གཏོང་ཆེད། ངེས་པར་དུ་སློབ་གསེང་གི་དཔེ་ཀློག་གཙིགས་སུ་འཛིན་དགོས་ཏེ། སློབ་ཆུང་གི་ལོ་རིམ་དམའ་མོའི་སྐད་ཡིག་སློབ་ཁྲིད་སྐབས་སུ་གཙོ་བོ་ཡི་གེ་ངོས་འཛིན་ལ་གཙིགས་འཛིན་བྱེད་དགོས་པས། ཡི་གེ་མང་པོ་ངོས་ཟིན་པར་འབད་བརྩོན་བྱེད་དགོས། དེ་བས་ལོ་རིམ་དང་པོར་མཚོན་ན་ཡི་གེ་སྟོང་གཅིག་ལྷག་ངོས་ཟིན་པར་འབད་དགོས་ལ། ལོ་རིམ་གཉིས་པར་མཚོན་ན་ཡི་གེ་སྟོང་གཉིས་ལྷག་ངོས་ཟིན་པར་འབད་དགོས།
གཟའ་འཁོར་རེ་རེར། སྐད་ཡིག་གི་ཚོགས་ཐུན་གཅིག་བེད་སྤྱད་ནས་སློབ་མ་རྣམས་དཔེ་ཀློག་ཁང་དུ་འགྲོ་རུ་འཇུག་དགོས་ཤིང་། དགེ་རྒན་གྱི་མཛུབ་སྟོན་འོག་སློབ་མ་རྣམས་ཀྱིས་གསུང་རྩོམ་གྲགས་ཅན་སོགས་དཔེ་ཆ་སྣ་མང་ལ་བལྟ་དགོས་ཤིང་། གཞན་འཛིན་གྲྭ་རེ་རེ་ལའང་སློབ་གསེང་གི་ཀློག་དེབ་ཡོད་པས། སློབ་མས་སློབ་གསེང་གི་དུས་ཚོད་སྤྱད་ནས་དཔེ་ཆར་ལྟ་དགོས་པ་དང་།
ཞོར་དུ་ཉིན་ཐོ་དང་དཔེ་ཀློག་ཟིན་བྲིས་སོགས་བྲིས་ནས་རྩོམ་རྩལ་ཇེ་བཟང་དུ་གཏོང་བར་འབད་དགོས་སོ། །
དཔྱད་གཞིའི་ཡིག་ཆ།
[1] གཡོང་ཝེ་སློབ་གྲྭས་བསྒྲིགས། ཚའེ་ལེན་སིན་གཡོང་ཝེ་ན་ཡོད། [G] 2006ལོ་ནས2015ལོའི་བར་གྱི་རྒྱལ་ཁབ་སློབ་གསོའི་དུས་དེབ་ཏུ་བཀོད་པའི་ཚའེ་ལེན་སིན་དང་འབྲེལ་བའི་རྩོམ་ཡིག་གཅེས་བསྡུས།
[2] ཚའེ་ལེན་སིན། སློབ་ཁྲིད་གསར་པརྗེ། -ཚའེ་ལེན་སིན་དང་ལྟ་ཁྲིད་སྦྱོང་གསུམ། [M] རྒྱལ་སའི་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། 2014
[3] ཚའེ་ལེན་སིན། ཚའེ་ལེན་སིན། -དབྱང་སི་ནས་གཡོང་ཝེ། [M] པེ་ཅིན་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། 2015