ཡུལ་སྐོར་ཟིན་ཐོ་འབྲི་ཐབས་སྐོར་རགས་ཙམ་གླེང་བ།
འཇམ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06
[གནད་བཏུས] ཡུལ་ལྗོངས་གང་ཞིག་ལ་ལྟ་སྐོར་དུ་བསྐྱོད་པའི་ཟིན་ཐོ་བྲི་བ་ལ་ཐོག་མར་ཡུལ་ལྗོངས་དེ་ཉིད་ཀྱི་ཁྱད་ཆོས་གཙོ་བོ་རགས་སར་རགས་པ་དང་། ཞིབ་སར་ཞིབ་པ། ལ་ལ་དངོས་བསྟན་དང་ལ་ལ་ཤུགས་བསྟན་གྱིས་ཁ་གསལ་ཞིང་གོ་བདེ་བ་དང་དོན་བསྡུས་པའི་སྒོ་ནས། ཚིག་གི་གྲིམ་ལྷོད་ཚད་དང་རན་པའི་བརྗོད་བྱ་འདོར་ལེན་བྱས་པ་ངོ་སྤྲོད་བཅས་རིམ་བཞིན་བྱེ་བྲག་གི་གནད་ས་འབུར་ཐོན་དང་དེ་ལ་བརྟེན་ནས་རྩོམ་པ་པོའི་ནང་བསམ་པའི་བརྩེ་དུངས་ཀྱི་འགྱུར་བག་ཅི་རིགས་སྦ་གསང་གཅིག་ཀྱང་མེད་པར་ཇི་མ་ཇི་བཞིན་སྟོན་དགོས་ཚུལ་བཤད་ཡོད་དོ། །
[གནད་ཚིག] ཡུལ་སྐོར་ཟིན་ཐོ། ཞིབ་བརྗོད། འབྲི་ཐབས།
ཡུལ་སྐོར་ཟིན་ཐོ་ནི། གནས་སྤོ་ལྗོངས་བརྗེའི་གོ་རིམ་མ་འཕྱུག་མི་ནོར་བར་ཇི་བཞིན་བཀོད་པ་གཙོ་བོར་བཟུང་བ་ནས་མགོ་བརྩམས་ཏེ། དངོས་སུ་ལྗོངས་རྒྱུའི་སྐབས་སུ་འཕྲད་པའི་བརྟན་རྣམ་དང་འགུལ་རྣམ་གྱི་ཁོར་ཡུག་གི་ཕྱིའི་རྣམ་པའི་མཛེས་ལྗོངས་ཀྱི་ཁྱད་ཆོས་མཐའ་དག་སྙན་འཇེབས་ཚིག་སྦྱོར་གྱི་རྗོད་པ་ཕྲེང་བར་སྤེལ་བའི་སྒོ་ནས་ཞིབ་གསལ་དག་གསུམ་གྱི་ལམ་ནས་ཅི་ནུས་གང་འཇོན་གྱིས་འགོད་པར་བྱེད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་སྟེ། དཔེར་ན། དགེ་ཆོས་ཀྱི་《རི་བོ་གངས་ཅན་གྱི་མཛེས་ལྗོངས》ལས།“གངས་རི་བརྒལ་བ་ན་ཤུག་པའི་ནགས་ཚལ་ཅན་གྱི་རི་ཀླུང་དུ་མ་དང་། དེ་ནས་ཕར་ལ་ཐང་ཤིང་གི་ནགས་ཚལ་འཁྲིགས་པ་ལྟ་བུ་དང་། དེ་ནས་མར་སྨྱུག་མའི་ནགས་ཚལ་ལྗང་ཐིང་ངེ་བ་དང་། དེ་ནས་ཞོལ་དུ་ཕེབས་ཏེ། སྤོས་དཀར་ཤིང་དང་ནེ་གྲོ་ཏ། ཆུ་ཤིང་ལ་སོགས་པའི་ནགས་ཚལ་མེ་ཏོག་ཁྲ་ཆེམ་མེ་བ་དག་གིས་རི་ཀླུང་བར་མེད་དུ་གང་བ། གདུགས་དང་སྡེར་མ་འདྲ་བའི་ལོ་མ་ལྷེབ་ཆེན་ཟིལ་བ་ཁྲོམ་མེ་བ་དག་ལམ་གྱི་ཕྱོགས་གཡས་གཡོན་གཉིས་ན་འཛིངས་ཤིང་སྐྱེས་པ།”ཞེས་གངས་རི་ནས་མར་ལྷོ་ཕྱོགས་སུ་རིམ་པ་བཞིན་ས་བབ་ཇེ་དམའ་དང་། ནམ་ཟླ་ཇེ་དྲོ་ཡིན་པས། དེ་མཐུན་གྱི་རྩི་ཤིང་སྐྱེས་པའི་མཐོང་སྣང་བྲིས་ཡོད་པ་ལྟ་བུ་དང་། ཞིབ་བརྗོད་ཅེས་པ་ནི་མི་སྣ་ཞིག་གིས་བྱ་བ་ཆེ་ཆུང་གང་ཞིག་ཇི་ལྟར་བྱས་པའི་གོ་རིམ་གསལ་བ་དང་། བྱ་དངོས་གང་ཞིག་འགྱུར་ལྡོག་ཅི་འདྲ་བྱུང་བའམ་ཇི་ལྟར་འཕེལ་བའི་གོ་རིམ་ཇི་ལྟ་བུ་ཡིན་པ། རྩོམ་པ་པོས་དོན་དེ་ཕྲ་ཞིང་ཕྲ་ལ་ཞིབ་ཅིང་ཞིབ་པ་གང་ཉིད་ནན་པོར་གཟབ་ནན་གྱིས་བརྗོད་པའི་རྣམ་པ་ཅན་ཞིག་ལ་ཟེར་ཞིང་། རི་ཆུའི་ཁོར་ཡུག་གི་མཛེས་ཆོས་ཀྱི་རྣམ་པ་དང་། མིའི་རིགས་ཀྱི་ཡུལ་སྲོལ་གོམས་སྲོལ། གནའ་ཤུལ་གྲགས་ཅན། ཆོས་ལུགས་དད་མོས་བཅས་ཀྱི་ནང་དོན་ཡོད་ཚད་འདི་ཡི་བྲི་བྱའི་གཙོ་གནད་ཀྱི་སྙིང་པོར་གྱུར་པའི་ཁག་ཡིན་ལ། ལྟ་སྐོར་དང་ལྗོངས་རྒྱུ་བྱེད་དུས་ཀྱི་མཐོང་སྣང་གི་ལོངས་སྤྱོད་དུ་གྱུར་པའི་རྣམ་པ་འབྲི་བའང་མེད་དུ་མི་རུང་བའི་ཟུར་ངོས་ཀྱི་ཆ་ཞིག་ཡིན་པ་བསྙོན་དུ་མེད། དཔེར་ན། དོན་གྲུབ་རྒྱལ་གྱི་《རྐང་ལམ་ཕྲ་མོ》ལས།“ལོ་ཞིག་ལ། ཆར་ཆུ་ཤིན་ཏུ་མོད་པས་ཆུ་ལོག་བྱུང་སྟེ་རྐང་ལམ་ཕྲ་མོ་འདི་ཁ་ཤོ་སྣ་ལོ་ཅན་དུ་བཏང་བྱུང་།”ཞེས་རྐང་ལམ་ཕྲ་མོ་ཞིག་རལ་དུ་གྱུར་པའི་གནས་ཚུལ་དངོས་དེ་ཇི་མ་ཇི་བཞིན་དུ་ཀློག་པ་པོའི་མིག་ལམ་དུ་བཀྲམས་པ་ལྟ་བུའོ། །
དང་པོ། ཡུལ་ལྗོངས་ཀྱི་ཁྱད་ཆོས་གཙོ་བོར་འཛིན་དགོས།
ཡུལ་ལྗོངས་རེ་རེར་ཆགས་ཚུལ་ཐ་དད་རེ་དང་ཐུན་མིན་ཁྱད་ཆོས་རེ་ཡོད་པར་མ་ཟད། དེ་དག་རྣམས་ཀྱང་ནམ་ཡང་འཕེལ་རྒྱས་ཤིག་དང་འགྱུར་ལྡོག་ཅིག་གི་གོ་རིམ་ཁྲོད་ནས་ཚོན་མདངས་འདྲ་མིན་སྣ་ཚོགས་ངང་གིས་གཟུགས་ཅན་བཞིན་དུ་གཟེངས་སུ་ཐོན་ཡོང་བ་ལྡོག་ཏུ་མེད་པའི་མངོན་སུམ་ཚད་མས་གྲུབ་པའི་ཆོས་ཉིད་ཅིག་ཏུ་འཁུམས་པས། དེའི་གཞན་དང་ཡེ་ནས་མི་མཚུངས་པའི་ཁྱད་ཆོས་དང་། སྣང་ཚུལ། རྣམ་པ། དབྱིབས་གཟུགས། ཁ་དོག་སོགས་རབ་རིབ་མག་མོག་ཅིག་གཏན་ནས་མ་ཡིན་པར་གསལ་ལྷང་ངེར་ཀློག་མཁན་དག་གི་དབང་ངོར་སྒྲ་སྤྱི་ཙམ་ཞིག་མཐོང་ལམ་དུ་སྣང་བ་ཁོ་ན་ཙམ་ཞིག་མ་ཡིན་པར་གཏིང་རུམ་དུ་ཟུག་པའི་ཆ་དག་བརྙན་རིས་ཇི་བཞིན་ཚེགས་མེད་དུ་མངོན་པའི་ཡུལ་ལྗོངས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ནས་འབྲི་དགོས་པ་སྟེ། དཔེར་ན། ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ་གྱི《གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད-ཏུན་ཧོང》ཞེས་པ་ལས།“མོ་ཀོ་ཁུའུ་ཡི་སྒོ་ཆེན་དུ་འཛུལ་མ་ཐག་རྩེ་མོ་དགུང་ལ་ཟུག་ཅིང་ལོ་འདབ་རབ་ཏུ་རྒྱས་པའི་མ་གལ་གྱི་སྡོང་བོ་ཆེན་པོ་རེ་རེ་བཞིན་གྲལ་དུ་བསྒྲིགས་ཤིང་། སྐྱེད་ཚལ་གྱི་ཞིང་ས་གྲུ་བཞི་རེ་རེའི་ནང་དུ་སྔོ་ཚོད་དང་ལོ་ཏོག་བཏབ་འདུག རྐ་ནང་དུ་བཞུར་གྱིན་པའི་ཆུ་རྒྱུན་དྭངས་མོ་དེས་སྙན་པའི་གླུ་དབྱངས་ལྷུང་ལྷུང་ལེན་བཞིན་བྱང་ཕྱོགས་སུ་བཞུར་གྱིན་མཆིས་ཤིང་། ར་སྐོར་གྱི་བྱང་ཕྱོགས་སུ་ལྷས་ར་ཆུང་ཆུང་ཞིག་ཡོད་པའི་སྒོ་ཐོག་ཏུ“ཏུན་ཧོང་རིག་རྫས་ཞིབ་འཇུག་ཁང”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་ཆེན་པོ་བདུན་བྲིས་འདུག①ཅེས་པ་ལྟ་བུའི་ཚན་བཤུས་འདི་ལས་ཏུན་ཧོང་རིག་རྫས་ཞིབ་འཇུག་ཁང་གི་ཕྱིའི་ཁོར་ཡུག་གི་ཡིད་འོང་ལྟ་ན་སྡུག་པའི་མཛེས་སྡུག་གི་རྣམ་པ་དེ་དག་རྗོད་པ་འདི་འདྲའི་ཐུང་ངུའི་ཚིག་སྦྱོར་གྱི་ལམ་ནས་ཁྱད་རྟགས་གཙོ་བོ་གང་དེ་དམིགས་སུ་བཟུང་ནས་བསྡུས་འབྲི་བྱས་ཡོད་པ་དང་། འཕྲིན་ལས་ཆོས་གྲགས་ཀྱི《མངའ་རིས་སུ་བསྐྱོད་པའི་ཟིན་བྲིས》ཞེས་པ་ལས།“སྟོད་གངས་རིན་པོ་ཆེ་ཞེས་པ་ནི་ད་ལྟའི་མངའ་རིས་ས་གནས་སྤུ་རངས་རྫོང་གི་ཁོངས་སུ་གཏོགས། དེ་ཡང་ཕུ་ན་གངས་རིས་བསྐོར་བ་དང་། མདའ་ན་ལྦུ་བའི་འཛུམ་དཀར་གྱི་རླབས་ཕྲེང་འཕྱུར་བའི་མ་ཕམ་གཡུ་མཚོ་མཛེས་པ། གཡས་རི་བང་རིམ་ཅན་དེ་རྒྱལ་མཚན་གྱི་བཀོད་པ་དང་མཚུངས་ཤིང་། གཡོན་རི་གནམ་དུ་མཆོངས་པ་འདྲ་བའི་སྤོས་ངད་རི་དཔྱད་ལེགས་པ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ་བཅས་ཁོར་ཡུག་གི་བཀོད་པ་པིར་ཐོགས་མཁན་པོས་རི་མོའི་ལམ་དུ་སྤེལ་བ་ལྟར་དུ་སྣང”②ཞེས་པ་ལྟ་བུ་ལས་རྩོམ་པ་པོས་དུས་རྣམ་
ཀུན་ཏུ་གཞན་དང་ཡེ་ནས་མི་འདྲ་བའི་ཐུན་མོང་མ་ཡིན་པའི་བསམ་པའི་བློས་བསླངས་རྣལ་མ་ལ་བརྟེན་ནས་ཁྱད་མཚར་བློ་འགོངས་ཀྱིས་སྨྱུག་རྩལ་རྣོན་པོས་འབྲི་ཐབས་བཟང་པོས་བརྟན་རྣམ་ཞིག་གི་གནས་བབ་ཀྱི་གོ་རིམ་མ་ལུས་ཡོངས་སུ་ཚང་བའི་སྒོ་ནས་ངོ་མཚར་ལྟ་ན་སྡུག་པའི་ཡིད་འོང་མཛེས་སྡུག་གི་བརྙན་རིས་ཤིག་གི་ཚུལ་དུ་ལྟ་མཁན་རྣམ་པའི་མིག་ལམ་དུ་བཀྲམས་ཏེ་མཚོན་པར་བགྱིས་པ་ལྟ་བུའོ། །
ཡུལ་ལྗོངས་ཀྱི་ཁྱད་ཆོས་གཙོ་བོར་འཛིན་དགོས་ན། རང་ཉིད་ལ་ཀུན་ལས་འབུར་དུ་ཐོན་ཞིང་ཁྱད་དུ་འཕགས་པའི་ཆེས་རྣོ་བའི་དབང་ཤེས་ཀྱི་མཐུན་རྐྱེན་ཞིག་དང་བདེན་རྫུན་རྟོགས་པའི་བློ་རིག་གི་ཚོར་སྣང་རྣོན་པོ་ཞིག་གི་དགོས་མཁོ་ཤིན་ཏུ་ཆེ་བར་མ་ཟད། རྒྱུ་ཆ་མང་པོ་ཕར་སློག་ཚུར་སློག་གི་ངལ་འཁང་གཉིས་བཟོད་ཀྱི་ཞིབ་བསྡུར་ཡང་དག་ཅིག་དང་། སྣོན་འཕྲི་གང་ལེགས་ཀྱིས་གདམ་གསེས་ཡང་ཡང་བྱས་ཏེ་གཏིང་ཟབ་ཅིང་ཁ་གསལ་པོ་ཞིག་འབྲི་བའི་རྩོམ་རིག་གཞུང་ལུགས་ཤིག་ཀྱང་ཤིན་ཏུ་མཁོ་གལ་ཆེ་ཞིང་མེད་དུ་མི་རུང་ངོ་། ། གལ་ཏེ་མཐོང་མྱོང་མེད་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་དང་འཕྲད་པའི་ཚེ། བསྲེག་བཅད་བརྡར་བའི་དཔེ་བཞིན་ཆེས་བཟང་བའི་ས་ཆ་གཙོ་གནད་ཀུན་གྱི་ཕྱི་མོ་རུ་བཟུང་སྟེ་འགོད་པར་བྱེད་དགོས་ལ། ད་དུང་འོས་འཚམ་ངང་ཕན་ཚུན་འདྲ་བ་དང་། དཔེར་འགོད། གཤིབ་བསྡུར་སོགས་ཟུར་དང་ངོས། གཞོགས་མི་འདྲ་བ་ནས་བྱེད་ཐབས་གང་མང་སྤྱོད་པ་དང་། འབུར་དུ་ཐོན་པའི་ཁྱད་ཆོས་ཀྱི་ཟུར་སྣེ་མི་འདྲ་བ་ཁོལ་དུ་ཕྱུང་བའི་ངོས་ནས་བྲིས་པས་ན། སྨྱུག་རྩེ་ནས་ཐོན་པའི་མཛེས་ལྗོངས་ལའང་གསོན་ཤུགས་ཀྱི་བཀྲག་མདངས་ལྷམ་མེར་འཚེར་ཞིང་ལང་ཚོ་ཡི་ཟིལ་ཤུགས་ཁྱོན་ནས་རྫོགས་པའི་སྟག་ཤར་ཞིག་གི་རྗེས་སུ་འགྲོ་བ་དང་ཀུན་ནས་མཚུངས་པ་ཁོ་ཐག་ཡིན་པར་ངེས།
གཉིས་པ། ཞིབ་བརྗོད་གསལ་ཞིང་གནད་ས་འབུར་དུ་ཐོན་དགོས།
ཡུལ་སྐོར་ཟིན་ཐོ་འབྲི་དུས་བརྗོད་བྱའི་ནང་དོན་ཁ་གསལ་ཞིང་གོ་བདེ་བའི་ཁར། མགོ་མཇུག་བར་གསུམ་གྱི་གོ་རིམ་ཆ་ཚང་དགོས་ལ། དུས་ཚོད་ཀྱི་སྔ་ཕྱི་དང་ས་གནས་བརྗེ་སྤོར་གྱི་རྟགས་དང་མཚན་མ་དེ་ཡང་ངེས་པ་དོན་གྱིས་ལག་མཐིལ་དུ་སྐྱུར་རུ་ར་བཞག་པ་ནང་བཞིན་ཕྱི་གསལ་ནང་གསལ་ཡིན་དགོས། དེར་མཐུད་ནས་གོམ་པ་རིམ་བགྲོད་ཀྱིས་ལམ་ནས་འགོད་དགོས་པའི་ཡུལ་ལྗོངས་ནང་དུ་ཞིབ་འབྲི་བྱ་བ་གཙོ་བོར་འཛིན་པ་གལ་ཆེ་བ་དང་སྙིང་པོ་འབུར་དུ་ཐོན་པ་དེ་བས་གཙིགས་ཆེན་དུ་བྱེད་དགོས་ཏེ། དཔེར་ན། ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ་གྱི《གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད-ཏུན་ཧོང》ཞེས་པའི་ནང་དུ། མོ་ཀོ་ཁུའུ་ཡི་སྒོ་ཆེན་ནང་དུ་འཛུལ་མ་ཐག་ནང་རྟེན་ལྷ་སྐུ་དང་ལྡེབས་རིས། གཏེར་མའི་དཔེ་གཞུང་མཐའ་དག་རིམ་པ་རེ་རེ་བཞིན་ངོ་སྤྲོད་དང་མཚམས་སྦྱོར་གསལ་བོ་ཞིག་བྱས་པ་དང་མཉམ་དུ། ཏུན་ཧོང་མོ་ཀོ་ཁུའུ་ནི་ངོ་མ་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན་པའི་བརྗོད་བྱའི་སྙིང་པོ་འབུར་དུ་བཏོད་འདུག་པ③ལྟ་བུའི་ཚིག་སྦྱོར་ཐུང་ངུའི་ལམ་ནས་བཤད་འདོད་པ་དང་བརྗོད་འདོད་པ་གང་དེ་མེ་ལོང་ནང་དུ་ངོ་གདོང་འཆར་བ་ནང་བཞིན་ལྷུག་པོར་སྨྲས་པ་ཐམས་ཅད་ར་སྤྲོད་གསལ་ཐག་ཆོད་པ་ཞིག་བགྱིས་ཡོད་པ་དང་།
འཕྲིན་ལས་ཆོས་གྲགས་ཀྱི《མངའ་རིས་སུ་བསྐྱོད་པའི་ཟིན་བྲིས》ཞེས་པའི་ནང་། རྩོམ་པ་པོས་སྟོད་མངའ་རིས་ཀྱི་ཡུལ་ནི་གངས་ལྗོངས་ཀྱི་ནུབ་ཕྱོགས་སུ་ཡོད་པ་དང་། གནས་དེ་ནི་འཛམ་གླིང་གི་རྩེ་མོའི་རྩེ་མོ་ཡིན་པ། གནའ་དུས་སུ་ཞང་ཞུང་ཟེར་བ་དང་། རྗེས་ནས་མངའ་རིས་སྐོར་གསུམ་དུ་བསྒྱུར་བ། ཡུལ་དེ་ན་གནས་ཆེན་ཁྱད་པར་བ་དང་གནའ་ཤུལ་གྲགས་ཅན་ཡོད་པ་བཅས་བརྗོད་དེ། གངས་ཀྱི་རྩེ་མོ་མཁའ་ལ་སྙེག་པའི་གངས་རིན་པོ་ཆེ་དང་ངོ་མཚར་ཡིད་དུ་འོང་བའི་མ་ཕམ་གཡུ་མཚོ་གཉིས་ཀྱི་རང་བྱུང་བཀོད་པ་དང་། གནས་དེ་དང་འབྲེལ་ནས་བྱུང་བའི་རིག་གནས་དག་ལོ་རྒྱུས་སམ་ངག་རྒྱུན་དང་འབྲེལ་ཏེ་སྙན་འཇེབས་ཚིག་གིས་ལྷུག་པར་བརྗོད་ཡོད④པས། གནས་དེ་ནི་ངེས་པ་དོན་གྱིས་ཀུན་ཡིད་འགུགས་པར་བྱེད་པའི་མིང་དོན་མཚུངས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ངོ་མཚར་ཁྱད་འཕགས་ཅན་ཞིག་ཡིན་པའི་བསྟན་དོན་དེ་ཉིད་ཚིག་ཉུང་གོ་བདེ་དོན་བསྡུས་ཀྱི་ཚད་རིམ་མཐོ་ཞིང་ལྗིད་ཟུངས་མངའ་བའི་འབྲི་ཐབས་སྤྱད་པའི་ལམ་ནས་གཞན་ལས་ཀུན་ནས་ལྷག་པའི་ངོ་མཚར་རྩེར་སོན་གྱི་ཁྱད་ཆོས་གཟེངས་སུ་ཐོན་པར་བྱས་ཡོད་དོ། །
གསུམ་པ། རང་ཉིད་ཀྱི་བརྩེ་དུངས་ལས་ཐོན་པའི་ཚོར་སྣང་དངོས་འབྲི་དགོས།
ཡུལ་ལྗོངས་འབྲི་བ་ནི་རྩོམ་པ་པོའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གང་རུང་གི་འགྱུར་བ་མ་ལུས་གནད་དུ་ཐིངས་པའི་སྒོ་ནས་ཕྱིར་མངོན་པའི་ཆེད་དུ་ཡིན། དེའི་དབང་གིས། ཡུལ་སྐོར་ཟིན་ཐོ་ནི་ལྟ་ན་སྡུག་པའི་རང་བྱུང་གི་ཡུལ་ལྗོངས་ཀྱི་བཀོད་པ་དེ་དག་ངོ་མཚར་སྒྱུ་རྩལ་གྱིས་ཕྱུག་པའི་རི་མོ་རུ་ཕབ་པ་ཙམ་མ་ཡིན་པར་རང་ཉིད་ཀྱི་བསམ་པའི་བརྩེ་དུང་ངོ་མ་དེ་ཉིད་ཡུལ་ལྗོངས་དེ་དང་ཡོངས་སུ་སིམ་པའམ་འདྲེས་པར་བྱས་ཏེ་ཡུལ་ལྗོངས་དང་བརྩེ་དུངས་གཉིས་པོ་འོ་ཆུ་བསྲེས་པ་ནང་བཞིན་མཉམ་དུ་ཕྱིར་འབུད་བྱེད་པ་སྟེ། དཔེར་ན། ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ་གྱི《གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད-ཏུན་ཧོང》ཞེས་པ་ལས།“ང་ཚོའི་མཐོང་ཐོས་འདི་དག་ནི་རྒྱ་མཚོ་ཆེན་པོའི་ནང་གི་གླེང་རིན་མེད་པའི་ཆུ་ཐིགས་གཅིག་དང་ས་གཞི་ཆེན་པོའི་ཐོག་གི་རྩྭ་ཕྲན་ཉག་མ་གཅིག་ཡིན་ཀྱང་།དེ་ལས་སེམས་འགུལ་ཆེན་པོ་ཐེབས་ཤིང་ཤེས་བྱའི་སློབ་གསོ་ཡང་མང་པོ་ཐོབ”⑤ཅེས་པ་ལྟ་བུས་ཚིག་དུམ་འདིས་འགུལ་མེད་ཀྱི་ཡུལ་ལྗོངས་དེ་ལ་འབྲི་མཁན་གང་དེའི་དུངས་སེམས་ཀྱི་ཟེགས་མ་ཅིག་ཅར་དུ་གཏོར་ཏེ་ཚེ་སྲོག་གི་སྟོབས་ཤུགས་གསར་བ་སྦྱིན་པའི་ཆ་དེ་ལྷང་ལ་འབུད་དུ་བཅུག་ཡོད་པ་དང་། འཕྲིན་ལས་ཆོས་གྲགས་ཀྱི《མངའ་རིས་སུ་བསྐྱོད་པའི་ཟིན་བྲིས》ཞེས་པའི་ནང་།སྔར་ཐང་རྒྱལ་རབས་ཀྱི་དུས་སུ་ཐང་སིན་བླ་མས་མ་ཕམ་གཡུ་མཚོ་ལ“ནུབ་ཕྱོགས་ཀྱི་ལྷ་གནས་གཡུ་ཡི་རྫིང་བུ”⑥ཞེས་བསྔགས་བརྗོད་གནད་དུ་ཁེལ་བའི་དུངས་སེམས་མཚོན་པའི་ཚིག་གི་ཕྲེང་བ་ཐུང་ངུ་སྤེལ་གནང་མཛད་པའི་དགོངས་པར་ཞིབ་ཏུ་བསམས་ཤིང་ནན་གྱིས་གཞིགས་ན
གནས་དེའི་གཞན་ལས་ལྷག་པའི་ངོ་མཚར་སྟོང་གིས་ཕྱུག་པའི་མཛེས་ལྗོངས་དེ་དག་ལྟ་ན་སྡུག་པར་མི་ཚོས་སྔ་མོ་ཞིག་ནས་སྤྲོ་བ་ཆེན་པོས་སྙན་པའི་ཚིག་སྦྱོར་གྱི་ཐབས་ལམ་བར་ནས་ཡང་ཡང་བསྔགས་བརྗོད་བྱས་ཡོད་ཅིང་། དེ་ལྟའི་གནས་མཆོག་ཡིད་འོང་གི་སྙན་པའི་གྲགས་པ་རིམ་བཞིན་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་རིམ་གྱིས་ཁྱབ་པ་དང་བསྟུན་ནས། ཆུ་ལམ་བརྒྱུད་དང་རྡོ་ལག་བརྒྱུད་ཀྱིས་ཚུལ་དུ་ཆོས་པ་མང་པོས་ཆོས་དང་འབྲེལ་བའི་རྒྱས་བཤད་དེ་དག་སྔ་ཕྱི་དམ་ལྷོད་མེད་པར་ཐོག་བརྩེགས་གོང་མར་བགྲོད་པའི་ཐེམ་སྐས་ཇི་བཞིན་རིམ་པ་རེ་རེ་ལག་ཏུ་བསྟར་བ་རྒྱུན་བསྐྱངས་མཐར། དེ་ལྟའི་ཧ་ལས་ཤིང་ཧང་སངས་པའི་ཕལ་བའི་བློ་ཡུལ་དུ་ཤོང་བར་དཀའ་བའི་ཡ་མཚན་འཕྲུལ་སྣང་གི་སྐད་ཆའི་རྨང་ནས་མཚོན་པར་དཀའ་བའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་གི་རང་བཞིན་མདུན་གྲས་སུ་སྣང་བ་ལྟར་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་དགུང་སྔོན་གནམ་དུ་ཟུག་པ་ལྟ་བུའི་འབུར་ཐོན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་ལྟ་བུའོ། །
སྤྱི་སྡོམ། ཐོག་མར་བརྡ་ཆད་དེ་དག་གི་འགྲེལ་བ་ནས་སྨྱུ་གུ་འགུལ་བའི་མགོ་བརྩམས་ཏེ། ཡུལ་སྐོར་ཟིན་ཐོ་འབྲི་ཐབས་ཀྱི་ཆ་རྐྱེན་གསུམ་པོ་རེ་རེ་བཞིན་ཆད་ལྷག་གཅིག་ཀྱང་མེད་པར་ཚིག་སྦྱོར་ཕུན་སུམ་ཚོགས་པའི་འབྲི་ཐབས་ལ་བརྟེན་ཏེ་རྒྱབ་རྟེན་གྱི་གཞུང་ལུགས་དང་། གསལ་བྱེད་ཀྱི་དཔེར་བརྗོད། དོགས་གཅོད་ཀྱིས་དབྱེ་ཞིབ་རྣམ་གསུམ་དཀྱུས་གཅིག་ཏུ་སྦྲེལ་བའི་ལམ་ནས་གང་ནུས་ཅི་ལྕོགས་ཀྱིས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་རྒྱབ་ཏུ་བསྐྱུར་ནས། བདེ་བ་རྒྱང་དུ་བསྲིངས་ཏེ་རྡོ་རུས་ཐུག་པའི་དཀའ་བ་སྤྱད་དེ་གང་ནས་འགྱེལ་ན་དེ་ནས་རང་གི་རྐང་ལག་ལ་བརྟེན་ཏེ་ལངས་དགོས་པའི་བློ་སྤོབས་ཐ་དག་གདོང་གིས་བསུས་ཏེ་སྤྱིར་བཏང་གི་ཡུལ་སྐོར་ཟིན་ཐོ་འབྲི་ཐབས་སྐོར་གྱི་ཤེས་བྱ་ཕྲན་བུ་ཙམ་ཞིག་གཟིགས་མོ་བ་ལྷན་རྒྱས་ཡོངས་ཀྱི་སྤྱན་ལམ་དུ་གྲོས་གཞི་ཞིག་གི་ཚུལ་དུ་སྐྱེས་སུ་ཕུལ་བ་ལགས་ན་བསམ་སྟེ་ས་བཅད་མ་སྟོང་ཙམ་གྱིས་ངལ་བ་ལྷུར་རུ་བླངས་པ་ཙམ་མོ། །
① ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ། གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་དམའ་རིམ་སློབ་འབྲིང་གི་ལོ་རིམ་དགུ་བའི་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007:4
② འཕྲིན་ལས་ཆོས་གྲགས། མངའ་རིས་སུ་བསྐྱོད་པའི་ཟིན་བྲིས། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་འདེམ་སྦྱོང་གཉིས་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011:56
③ ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ། གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་དམའ་རིམ་སློབ་འབྲིང་གི་ལོ་རིམ་དགུ་བའི་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007:4
④ འཕྲིན་ལས་ཆོས་གྲགས། མངའ་རིས་སུ་བསྐྱོད་པའི་ཟིན་བྲིས། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་འདེམ་སྦྱོང་གཉིས་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011:56
⑤ཁྲིན་ཆིན་དབྱིན་དང་དོན་གྲུབ་རྒྱལ། གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་དམའ་རིམ་སློབ་འབྲིང་གི་ལོ་རིམ་དགུ་བའི་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007:4
⑥ འཕྲིན་ལས་ཆོས་གྲགས། མངའ་རིས་སུ་བསྐྱོད་པའི་ཟིན་བྲིས། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་འདེམ་སྦྱོང་གཉིས་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011:56