ལོ་ངོ་སྟོང་རྒྱུན་འཛིན་བྱས་པའི་བོད་རུམ་ལ་མི་རིགས་ཀྱི་རིག་གནས་འཛིན་སྤེལ་འདྲེས་གསུམ་གྱི་སྙིང་བཅུད་ཁེངས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-07


    ལོ་ངོ་སྟོང་རྒྱུན་འཛིན་བྱས་པའི་བོད་རུམ་ནི་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་ཁྲོད་ཀྱི་ཐོན་རྫས་སྤུས་དག་ཅིག་ཡིན། འཛམ་གླིང་དུ་སྐད་གྲགས་ཆོད་པའི་རུམ་ཁག་གསུམ་ནང་གི་གྲས་ཤིག་ཡིན་པའི་བོད་རུམ་ནི་བཟོ་སྟངས་ཞིབ་ཚགས་ཡིན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཡོད་པ། མཛེས་རིས་སྡེབ་སྦྱོར་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་པའི་རྐྱེན་གྱིས་འཛམ་གླིང་ཐོག་གྲགས་པ་ཆོད་པ་རེད། བོད་རུམ་གྱིས་གངས་ལྗོངས་མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་འབྲོག་ལས་ལ་བརྟེན་པ་དང་དུས་ཡུན་རིང་པོར་ཐོན་སྐྱེད་དང་རྒྱུན་འཛིན་བྱས་པ་བརྒྱུད། བོད་མི་རིགས་དམངས་ཁྲོད་བཟོ་ལས་སྒྱུ་རྩལ་གྱི་དམིགས་བསལ་གྱི་ཁྱད་ཆོས་ཆ་ཚང་རྒྱུན་འཁྱོངས་ཐུབ་པ་དང་། འཛམ་གླིང་རུམ་འཐག་ལས་རིགས་ཁྲོད་རང་ལུགས་ཆགས་པ་བྱས་པ་རེད། 


   ལོ་མཇུག་འདིར། བོད་ལྗོངས་ཅེ་ཀོན་སྒྱུ་རྩལ་ལྟེ་གནས་ཀྱིས་ལོ་གསར་གནམ་གང་བརྒལ་བའི་བརྗོད་དོན་གཙོ་བོའི་སྒྱུ་རྩལ་བྱེད་སྒོ་སྤེལ་ཞིང་། ཉར་ཚགས་བྱས་པའི་ལོ་རྒྱུས་རིང་པོ་ལྡན་པའི་གནའ་བོའི་བོད་རུམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས་དེས་ན་གཞོན་མང་པོ་ཞིག་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་པ་སྟེ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་མ་ཟད། ན་གཞོན་ཚོར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཀྱང་མཁོ་འདོན་བྱས་ཡོད།

   “ད་ཐེངས་འགྲེམས་སྟོན་བྱེད་པའི་བོད་རུམ་དག་ནི་ཚོན་མདོག་དང་འཐག་སྟངས་གང་ཅི་ཐད་ལག་རྩལ་གྱི་རྩེ་སོན་ལྡན་པ་ཤ་སྟག་ཡིན་པ་དང་། ཁྱད་པར་དུ་རི་མོའི་ཤུགས་བསྟན་གོ་དོན་ཟབ་མོ་ཡོད་ལ། ཁྱད་ཆོས་ལྡན་ཤོས་ནི་འབྲུག་གི་གཟུགས་པོ་དང་ཁྱུང་གི་མཇུག་མ་སྟེ་ཁྱུང་འབྲུག་བཀྲ་ཤིས་མཚོན་རིས་ཧ་ཅང་མཛེས་པོ་དེ་ཡིན”ཞེས་པ་དང་། “ལུས་སྟོད་འབྲུག་དང་ལུས་སྨད་ཁྱུང་ཡིན་པའི་ཐོག་ནས་མི་རིགས་མང་པོའི་རིག་གནས་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱེད་ལུགས་མཚོན་ཡོད”ཅེས་ཅེ་ཀོན་སྒྱུ་རྩལ་ལྟེ་གནས་ཀྱི་གསར་གཏོད་པ་ཞུས་ཡིང་ལུང་གིས་ངོ་སྤྲོད་བྱས་པ་རེད།


   གོམས་སྲོལ་ལྟར་ན། བོད་རུམ་ལས་དགོན་པའི་སྤྱོད་རུམ་དང་སྐྱ་བོའི་སྤྱོད་རུམ་གྱི་དབྱེ་བ་ཡོད། དགོན་པའི་སྤྱོད་རུམ་ལས་སྒོམ་རྒྱག་དུས་དང་། རྒྱལ་མཚན། ཀ་བ། རྡོ་རྗེ་འཆམ་དུས། སྒོ་ཡོལ་སོགས་ལ་སྤྱོད་པའི་རུམ་གྱི་དབྱེ་བ་ཡོད། སྐྱ་བོའི་རུམ་ནི་ཁ་གདན་དང་། ས་གདན། སྒ་གདན། རྟ་གདན། འབོལ་གདན་སོགས་ཡོད། དེ་དག་ནི་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པས་མི་རིགས་རང་གི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད།


   ལོ་ངོ་སྟོང་རིང་རིག་གནས་མཉམ་འདྲེས་བྱས་པ་བརྒྱུད། ས་གདན་ནི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་རིང་པོ་ལྡན་པའི་རིག་གནས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་རེད། བོད་རུམ་དམངས་སྲོལ་འགྲེམས་ཁུལ་དུ། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་རུམ་བརྩམས་ཆོས་ཤིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “བོད་རུམ་གྱི་བརྩམས་ཆོས་དེ་གལ་ཏེ་རྒྱལ་སྤྱིའི་ཐོག་འགྲེམས་སྟོན་བྱས་ན། དེར་དམིགས་བསལ་ཁྱད་ཆོས་ལྡན་པའི་མཐོང་ཚོར་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ཕྱུག་པ་དེར་དེང་རབས་སྒྱུ་རྩལ་མཁས་ཅན་ཚོའི་བསྔགས་བརྗོད་ཐོབ་ངེས་ཡིན”ཞེས་བཤད་པ་དང་། ཞུས་ཡིང་ལུང་གིས“བོད་རུམ་དེ་ནི་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་བུད་མེད་དཀྱུས་མ་ཞིག་གིས་བཟོས་པ་ཞིག་ཡིན། དེའི་ཐོག་གི་མེ་ཏོག་དང་རི་མོ་ལ་དེང་རབས་དར་སྲོལ་རྣམ་པ་ཆེན་པོ་ལྡན་ཡོད་ཅེས་བཤད།


   དེ་སྔར་བོད་རུམ་ནི་རྒྱལ་པོ་དང་སྐུ་དྲག་གིས་མ་གཏོགས་སྤྱོད་མི་རུང་བའི་རྒྱས་སྤྲོས་དངོས་རྫས་ཀྱི་གྲས་ཤིག་ཡིན་མོད། དུས་རབས་འཕོ་འགྱུར་བྱུང་བ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ད་ཆ་བོད་རུམ་མི་སེར་དཀྱུས་མའི་ཁྱིམ་དུ་སླེབས་ནས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པ་དང་མི་སེར་དཀྱུས་མའི་ཁྱིམ་ཚང་གི་སྤྱོད་མཁོ་ཆེ་ཤོས་ཀྱི་འཚོ་བའི་དངོས་རྫས་སུ་གྱུར་ཡོད། འགྲེམས་རྫས་དག་ནི་དུས་དང་བར་སྟོང་ལས་བརྒལ་ནས་ལོ་ཟླའི་ཆུ་རྒྱུན་རིང་པོའི་ནང་གི་འཕེལ་རྒྱས་དང་འཕོ་འགྱུར་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་སྣེ་མང་རྩེར་སོན་སྒྱུ་རྩལ་ཟིན་ཐོར་བཀོད་པ་འདྲ་ཤས་ཆེ།


   བོད་རུམ་ནི་དེ་སྔའི་སྐུ་དྲག་གྲལ་རིམ་གྱིས་ལོངས་སུ་སྤྱོད་རྒྱུའི་རྒྱས་སྤྲོས་དངོས་རྫས་ཤིག་ཡིན་པ་ནས་ད་ཆ་ཁྱིམ་གྱི་རྒྱན་ཆ་ལྟ་བུར་གྱུར་ནས་ཁྱིམ་ཚང་ཚང་མར་ཡོད་པ་དང་། ག་ས་ག་ལ་བོད་རུམ་གྱིས་བོད་ཀྱི་མི་སེར་དཀྱུས་མའི་ཁྱིམ་ཚང་གི་རྒྱུན་གཏན་འཚོ་བ་ཇེ་སྐྱིད་ཇེ་མཛེས་སུ་བཟོ་གི་ཡོད་པ་མཐོང་ཐུབ། བོད་རུམ་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡག་ཤོས་བཅས་ཡིན་ཞིང་། དེའི་ཐོག་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་མཚོན་ཡོད་ལ། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དེ་བས་བདེན་དཔང་བྱས་ཡོད།(http://tibet.people.com.cn/15834510.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1