༄༅། །གལ་ཏེ་མི་ཚེ་འདིར་མ་འཕྲད་ན།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། ང་ནི་སྔར་བཞིན་ང་རང་ཡིན་ཏེ། བར་རེར་རྨི་ལམ་རེ་རྨིས་རྗེས། ཉིན་ཁར་ཉིན་མཐུད་ནས་འདུར་རྒྱུག་བྱེད་བཞིན། འུར་འུར་ཟིང་ཟིང་གི་གྲོང་ཁྱེར་འདི་ནས་ཁ་རོག་གེར་འཚོ་སྲིད། འཇིག་རྟེན་འདི་རུ་ཁྱོ ད་ལྟ་བུ་ཞིག་ཡོད་པའང་ཤེས་མི་ཐུབ། ཁྱོད་ཁོ་ནས་ང་ལ་ཕྱིར་དྲན་བཞག་ཅིང་། ཁྱོད་ཁོ་ནས་ང་རང་ཡོངས་སུ་སྨྱོ་བར་བྱེད།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། མི་ཞིག་ལ་ཐེངས་བརྒྱར་བལྟས་ཀྱང་སུན་སྣང་མི་སྐྱེ་ཞིང་། མི་ཞིག་ངོ་ཤེས་མ་ཐག་སྐྱིད་སྣང་ཆེ་བའི་དོན་འདི་ལ། ང་རང་གཏན་ནས་ཡིད་ཆེས་མི་སྲིད། འཛོམས་མི་ཐུབ་པ་ངོ་མ་ཤེས་རུང་། དྲན་པའི་ཕྲེང་ཐག་མི་ཆོད་དོན་ཅིའི་ཕྱིར་ཡིན་ནམ། ད་དུང་བདག་གིས་ཅི་ཞིག་ལ་རིང་ཞེས་པ་དང་ཅི་ཞིག་ལ་ཉེ་ཞེས་པ་དངོས་སུ་ཚོར་ཡོད་དེ། རིང་ནི་བར་ཐག་ཅིག་དང་། ཉེ་ནི་སེམས་གཏིང་ན།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། རྒྱང་རིང་གི་མཛའ་ན་མོ་ཞིག་ལ་ཡིད་སེམས་འཁྲེང་བར་མི་འདོད། ཁྱེད་རང་ཉིན་རེ་བཞིན་སྐྱིད་ཅིང་དྭངས་ན། བདག་གི་སྙིང་གཏིང་གི་སྨོན་འདུན་ཡང་འགྲུབ་པ་ཡིན། དྭངས་གཙང་གི་འདང་བརྩེ་ཇི་འདྲའི་བདེན་པ་ཞིག དྭངས་གཙང་གི་འཚམས་འདྲི་ཇི་འདྲའི་རྣམ་དག་ཅིག དྭངས་གཙང་གི་དྲན་པ་ཇི་འདྲའི་ཟབ་མོ་ཞིག དྭངས་གཙང་གི་སྨོན་འདུན་ཇི་འདྲའི་མཛེས་པ་ཞིག འདི་ལྟར་ཡོད་ཚད་འཕྲུལ་སྣང་དུ་ཤར་བའི་ཁྱོད་ལ་འབུལ་དགོས་ཀྱང་།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། ཁྱེད་ཀྱི་འཛུམ་མདངས་ཉར་བསྡུ་དང་། ཁྱེད་ཀྱི་བརྩེ་དུང་ཉར་བསྡུ། ཁྱེད་ཀྱི་ཡོད་ཚད་ནས་ཡོད་ཚད་ཉར་བསྡུ་བྱེད་པའི་གོམས་གཤིས་ཤིག རང་ཉིད་ལ་དངོས་སུ་ཆགས་པ་ངམ་ངམ་ཤུགས་ཤུགས་སུ་གཏན་ནས་ཚོར་མི་ཐུབ།
གལ་ཏེ་མི་ཚེ་འདིར་ཁྱེད་དང་མ་འཕྲད་ན། བདག་གིས་ཁེར་རྐྱང་དང་སྐྱོ་སྡུག་གཏིང་ཟབ་མོར་ཚོར་མི་ཐུབ།གོ་མེད་ཚོར་མེད་ཀྱི་ཡིད་འགུལ་ཞིག་གིས། མིག་མཐར་མཆི་མ་འཁོར་བའི་དྲན་སྣང་ཞིག་བསྐྱེད་དེ། རྨི་ལམ་གྱི་ཞིང་ཁམས་འགྲིམ་བྱུང་།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། ངས་སྒེར་ཐོག་གི་འཆར་སྣང་ཞིག་སྲུང་མི་སྲིད། འཆར་སྣང་འདི་འཛད་མེད་སུན་སྣང་ཞིག་ཡིན་རུང་། བདག་གིས་སེམས་འདུན་སྔར་བཞིན་རྒྱུན་སྐྱོང་ཁོ་ཐག་ཡིན།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། མི་ཞིག་གི་ཁེར་རྐྱང་ནི་དེ་འདྲའི་སེམས་ལ་ན་བ་ཇི་ལྟར་རྟོགས་ཐུབ་བམ།ཡིན་ནའང་རང་ཉིད་ཀྱི་ཐེ་ཚོམ་དང་ནུས་མེད་ལྷོད་གྲོལ་གཏོང་ཆོག མིག་ཆུ་སིམ་པའི་སྐྱ་ཆད་སྔོ་སྡུག ཚད་མེད་ཀྱི་སྨྲེང་སྐྱོ་རེ་རེ། ཁྱེད་ལ་འཕྲད་པའི་དབང་གིས་ཡིན་ལ།ད་གཟོད་སྔར་བས་ཟབ་པའི་དོན་སྙིང་ལྡན་ཨང་། ཁྱེད་ལ་དགའ་དུས། དྭངས་གཙང་གི་སྐྱོ་སྡུག་ཅིག་ལ་འགྲོགས་ནས་ཡོད་པ་ཅིའི་ཕྱིར་ཡིན་ནམ།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། བདག་གིས་བརྩེ་དུང་ལྡན་པའི་དོན་སྙིང་ངོ་མ་ཇི་ལྟར་རྟོགས་ཐུབ། ལས་ཡོད་ན་འཛོམས་པའི་ལམ་ཞིག་ཁོ་ཐག་ཡོད་རུང་། དེ་རིང་གི་བརྩེ་དུང་ཇི་ལྟར་གཅེས་པར་བཟུང་ཡང་འགྲོས་ཐུབ་པའི་ངེས་པའང་མེད། ཁྱེད་དང་མཉམ་དུ་འགྲོས་མ་ཐུབ་ལ། ཁྱེད་དང་མཉམ་དུ་འཚོ་ཡང་མ་ཐུབ།
གལ་ཏེ་མི་ཚེ་འདིར་མ་འཕྲད་ན། ང་ནི་ང་ཡིན་ལ།ཁྱེད་ནི་སྔར་བཞིན་ཁྱེད་རང་ཡིན། མི་ཚེ་འདིའི་ཆེས་མཛེས་སྡུག་གི་ཐུག་འཕྲད་ཤོར་སོང་བ་ཙམ་མོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1